དབུ་ཤོག >> བོད་ཀྱི་རིག་གནས། >> ལོ་རྒྱུས། >> བོད་ཀྱི་ལོ་རྒྱུས།
སྨྱུ་གུའི་རྒྱུ་དང་སྨྱུ་གུ་བཟོ་སྟངས།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-09-29 རྩོམ་ཁུངས། ཁམས་པའི་དྲ་བ། ཀློག་གྲངས། 162

    སྨྱུག་རྒྱུ་དང་བཟོ་ཐབས་སྐོར་བཤད་པ།

    དེ་ལ་འབྲི་སྨྱུག་འོས་པའི་སྨྱུག་མ་ངོས་འཛིན་དང་སྨྱུག་རྒྱུ་ལེགས་བཅོས་བྱ་ཐབས་ནི།སྨྱུག་མ་ལ་རིགས་མང་པོ་ཡོད་པས་སྨྱུ་གུའི་རྒྱུར་འོས་པའི་སྨྱུག་མ་ནི།ནང་དུ་སྦུ་གུ་ཕྲ་ཞིང་བཏེགས་ན་ལྕི་བ།སྡོང་པོ་ཆེར་སྐྱེས་པའི་སྨྱུག་མ་ཤ་མཐུག་ཅིང་འཆུས་པ།མདོག་སེར་ཞིང་ཕྱི་རྩི་འཇམ་ལ་འོད་དང་ལྡན་པ།རྒྱུ་སྲ་བས་སོས་མནན་ན་འདྲེད་པར་འགྱུར་བ་དེ།ཡིག་རིགས་འདྲ་མིན་དང་གསེར་དངུལ་མཚལ་སྣག་ཐམས་ཅད་འབྲི་བ་ལ་མཆོག་ཏུ་བཤད་དོ། །

སྨྱུག་རྒྱུ་སྲ་བར་བཅོས་ཐབས་སུ།ཡུན་རིང་དུད་ཁར་བཞག བ་རྐང་རྙིང་པ་རབ།མ་རྙེད་ན་རྐང་མར་རྙིང་པས་བྱུགས་ནས་བརྔོས་མ་ཐག་གི་ཡོས་ཚན་ནང་དུ་བཅུག་ནས་ལེགས་པར་འཕྱིས་ན་སྲ་མཁྲེགས་རུས་པ་ལྟ་བུར་འགྱུར་རོ། །

    གཞན་ཡང་འཇང་སྨྱུག་ཅེས་པའི་མདོག་ནག་པོ་སྦུ་གུ་ཅན་ནི་སུབ་ཅེས་ཏེ་དཀྱུས་ཡིག་འབྲི་བ་ལ་བདེ་བ་དང་།ལྕགས་སྨྱུག་ནི་གསུང་རབ་གཏོས་ཆེ་རྣམས་ལ་བཟང་བ་དང་།ལྷོ་སྨྱུག རོང་སྨྱུག་སྤུས་ལེགས་དག་གིས་ཀྱང་སྨྱུ་གུར་འོས་པ་སོགས་བཤད་ཀྱང་།སྔོན་བྱོན་མཁས་པས་མཛད་པའི་གསུང་བཟོའི་བསྟན་བཅོས་སུ་གསལ་བ་ཙམ་ལས་དེང་དུས་སུ་སྨྱུག་མའི་རིགས་འདི་དག་ངོས་ཟིན་མཁན་དང་།དེ་མཚུངས་ཀྱི་ལས་ཀ་ཞིབ་ཚགས་ཐུབ་མཁན་གྱི་བཟོ་བོ་ཉུང་མོད།མདོར་ན་སྨྱུ་གུའི་རྒྱུ་ནི་སྨྱུག་ཤ་མཐུག་ཅིང་སྲ་མཁྲེགས་ཅན་ཞིག་ངེས་པར་དགོས་སོ། །

    སྨྱུ་གུ་བཟོ་ཐབས་ལ།མཐོ་གང་བས་མི་རིང་ཞིང་།མཐེབ་མཛུབ་བས་མི་ཐུང་བ།རན་པ་འཛིན་བདེར་གཞོག་རྩེ་སོར་ཕྱེད་གཉིས་གཞལ་བའི་སར་གྲིས་ཁམས་གཉིས་གཞོག་སུམ་གཉིས་རྫིང་ཞགས་དང་སུམ་གཅིག་མཆུ་བྱས་ཤིང་།མགྱོགས་བྲིས་འབྲི་བར་གས་ཆེན་དང་།ལེགས་པར་འབྲི་བར་གས་ཆུང་བྱས་ཏེ་རྫིང་འདྲ་ཡུར་བ་འདྲ་བ་ཞེས་སྨྱུག་རྒྱབ་ནས་བལྟས་ན་གཡས་གཡོན་ཆ་སྙོམས་པ།རྫིང་མཆུ་ཧ་ཅང་མི་སྲབ་ཅིང་བཅད་ཁ་སྟེ་མཆུ་ཅུང་ཟད་གསེག་པར་བཅད།ཚེག་བྲིས་འབྲི་ན་མཉམ་པར་བཅད།།ཟླུམ་བྲིས་འབྲི་ན་ཉིས་ཆོད་བྱ།།སྨྱུག་ཁ་ཆིག་ཆོད་བྱས་གྱུར་ན།།ཡི་གེ་ལེགས་པའི་གནད་གཅིག་ཡོད།།སྨྱུག་ཁ་ཉིས་ཆོད་བྱས་གྱུར་ན།།སྨྱུག་ཁ་སྲ་བའི་གནད་གཅིག་ཡོད།།གསུམ་ལྡན་ལྔ་འཛོམ་ཞེས་པའི་དོན།།སྨྱུ་གུ་མཆུ་ལ་མཁས་གྱུར་ན།།ཡི་གེའི་འབྲུ་ལ་མཁས་པར་བྱེད།།ཅེས་པ་སོགས་ནི་སྨྱུག་མའི་སྨྱུ་གུ་བཟོ་ཐབས་ཁོ་ན་ཙམ་ཡིན་གྱི་དེང་དུས་ཀྱི་ལྕགས་སྨྱུག་སྣ་ཚོགས་དང་།རང་འབབ་ཆུའི་སྨྱུ་གུ་དང་།བོད་ཀྱི་ཡི་གེ་འབྲི་བ་ལའང་སྤྱོད་བདེ་བའི་མི་རིགས་ཀྱི་སྨྱུ་གུ་ལ་སོགས་སྨྱུག་གསར་རྣམ་གྲངས་མང་པོ་དག་ལ་མ་ཡིན་ཡང་།བོད་ཀྱི་ཡིག་གཟུགས་ཚད་དང་ལྡན་པ་ཞིག་འབྲི་བར་འདོད་ན་སྨྱུག་མའི་སྨྱུ་གུ་ལས་ལྷག་པ་མེད་དོ། །

    སྨྱུ་གུ་གཞོག་བྱེད་ཀྱི་གྲི།

    སྨྱུ་གུ་གཅོད་བྱེད་ཀྱི་སྨྱུག་གྲི་ནི།ལྕགས་རྒྱུ་ཧ་ཅང་བཟང་ན་རྒོད་གས་འབྱུང་ཞིང་བརྡར་དཀའ།ཧ་ཅང་ཞན་ན་ངར་མི་འཛིན་རྣོ་མི་བརྟན་པས།ལྕགས་བཟང་ངན་རན་ཞིང་གྲི་ལྕགས་མཉེན་ལ་ངར་འཛིན་པའི་ལྕགས་ཀྱི་རིགས་སམ།ཡང་ན་ཕོ་ལྕགས་མོ་ལྕགས་འདྲེས་མ་ལ་མར་དང་བུར་སྦྲང་བསྲེས་པའི་ལྕགས་ཞུན་བྱས་ནས།གྲིའི་དབྱིབས་སོགས་ཁྱད་པར་ཅན་བཟོ་དགོས་ཚུལ་ལ།གྲི་རྩེ་གཟོང་ལྟར་མཉམ་པ་ནི་སྨྱུ་གུ་བཟོ་བ་ལ་གཅེས།རྩིབ་ལྟར་སྐྱོན་མེད་པ་ནི་ཤོག་བུ་འདྲ་བ་ལ་གཅེས།རྩེ་བ་ལྟག་སོ་བྱས་པ་ནི་རྫིང་དང་ལྟག་རིས་བྱེད་པར་གཅེས།རྩིབ་མེད་བརྡར་ཤ་ཆོད་པ་རྣོ་ཁ་ལེན་ལ་གཅེས།ལྟག་མཚན་ངར་ཚད་སྙོམས་པ་རྣོ་ཡུན་རིང་བ་ལ་གཅེས།བལ་ཚིལ་གཙོ་ཁྲག་དང་ཨ་རུ་ར་སྨྱུག་གྲིའི་ངར་ལ་གཅེས་པ་ཡིན།ཞེས་སོགས་དང་།རྡར་རྡོ་ནི།འཛིང་ངམ་ལྕོག་རླབས་སོགས་ཀྱི་རྡོ་སྨྱུག་གྲིའི་རྡར་ལ་གཅེས་པ་ཡིན་ཞེས་བཤད་ཀྱང་དེང་གི་རྡར་རྡོ་བཟོས་མ་ལས་ལྷག་པ་དཀོན་པ་འདྲ།བརྡར་ཐབས་ལ།ངར་ཆུང་ཐད་ཀར་བརྡར་བས་རྣོ་ཁ་མྱུར་དུ་ལེན།ངར་ཆེན་བསྐོར་ཞིང་བརྡར་བས་སོ་ཁ་འགྲུག་མི་འགྱུར། ཞེས་སོགས་གསུངས་པ་ལྟར་རོ། །
                                                                                                                                                                     ༼ བོད་ཀྱི་ལག་ཤེས་ཀུན་བཏུས་ཆེན་མོ་ལས་དྲངས། ༽

 

 

 

རྩོམ་སྒྲིག་པ། (གཡང་མཚོ།)