དབུ་ཤོག >> སྐབས་དོན་གསར་འགྱུར། >> བོད་ཁུལ་གསར་འགྱུར།
མི་རིགས་ཀྱི་ཞབས་བྲོའི་ཟློས་གར་ཆེ་གྲས་《ཐང་ག་》ཞེས་པ་ཟི་ལིང་གྲོང་ཁྱེར་དུ་འཁྲབ་
རྩོམ་པ་པོ། མི་གསལ། དུས་ཚོད། 2017-10-01 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས། 63

    ཟླ་9ཚེས་27ཉིན་གྱི་དགོང་མོར། ལོ་གཅིག་གི་རིང་ལ་གསར་རྩོམ་ནང་སྦྱོང་བྱས་པའི་མི་རིགས་ཀྱི་ཞབས་བྲོའི་ཟློས་གར་ཆེ་གྲས་《ཐང་ག་》ཞེས་པ་མཚོ་སྔོན་ཟློས་གར་ཁང་ཆེན་དུ་འཁྲབ་སྟོན་ཐོག་མ་བྱས་ནས་ལྟད་མོ་བ་ཚོར་ངོ་མཚར་ཆེས་ཆེར་ལྡན་པའི་སྒྱུ་རྩལ་གྱི་དགའ་སྟོན་ཞིག་ཕུལ་བ་རེད།


    མི་རིགས་ཀྱི་ཞབས་བྲོའི་ཟློས་གར་ཆེ་གྲས་《ཐང་ག་》ཞེས་པ་ནི"མེས་རབས་དང་། ཕ་རབས། དེང་རབས"གསུམ་པོ་ནང་དོན་གཙོ་བོ་བྱས་ཏེ་མཛའ་གྲོགས་གཉིས་ཀྱི་བརྩེ་དུང་གི་མྱོང་བ་བརྒྱུད་དེ་ལྷ་རིས་པ་ཡིས་ཚེ་སྲོག་བསྡོས་ནས་ཐང་ག་འབྲི་བ་དང་། ལྷག་བསམ་རྣམ་དག་གིས་ལྷ་རིས་སྒྱུ་རྩལ་འདི་ཉིད་དར་སྤེར་གཏོང་བའི་སྙིང་སྟོབས་བརྗོད་ཡོད་པ་རེད། ཞབས་བྲོའི་ཟློས་གར་འདི་ཡིས་མཚོ་སྔོན་ས་གནས་ཀྱི་དམངས་སྲོལ་དང་། རོལ་དབྱངས། ཞབས་བྲོ། བཟོ་བཀོད། རི་མོ་སོགས་ཀྱི་གཞི་རྒྱུ་བསྡུས་ཏེ་སྒྱུ་རྩལ་ལྡན་པའི་ངང་མཚོ་སྔོན་གྱི་ས་ཆ་འདི་ན་ཡོད་པའི་ལོ་རྒྱུས་ཀྱི་རིག་གནས་སྣ་ཚོགས་དང་བརྩེ་སེམས་ངོམ་སྟོན་བྱས་ཏེ་ལྟད་མོ་བ་ཚོར་ཐང་ག་རྒྱུས་ལོན་དང་། མཚོ་སྔོན་ཤེས་རྟོགས། མཚོ་སྔོན་ལ་ཡིད་སྨོན་བཅས་བྱེད་དུ་བཅུག་སྟེ་སྒྱུ་རྩལ་གྱི་གར་སྟེགས་ཐོག་ནས་གསོན་ཉམས་ལྡན་པའི་ཐང་གའི་གཏམ་རྒྱུད་དང་བདེ་ལྕག་འཁྱུག་པོའི་སྟངས་སྟབས་རོལ་ཐུབ་པར་བྱས་ཡོད་པ་རེད།


      མི་རིགས་ཀྱི་ཞབས་བྲོའི་ཟློས་གར་འདི་ནི་མཚོ་སྔོན་ཞིང་ཆེན་འཁྲབ་སྟོན་སྒྱུ་རྩལ་ཚོགས་པ་ཚད་ཡོད་ཀུང་སིས་རེ་ཞུ་གནང་ཞིང་། 2016ལོའི་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་གར་སྟེགས་སྒྱུ་རྩལ་ཆེ་གྲས་ཀྱི་བརྩམས་ཆོས་རྣམ་གྲངས་སུ་བདམས་ཐོན་བྱུང་བ་མ་ཟད། 2017ལོའི་མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་གསར་རྩོམ་ཟློས་གར་གྲས་སུ་ཡང་འཁོད་ཡོད་ཅིང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་གླུ་གར་ཚོགས་པས་མཉམ་དུ་འཁྲབ་སྟོན་བྱས་པ་རེད། ཟློས་གར་འདི་ལས་གཞི་ཇུས་འགོད་བྱེད་འགོ་ཚུགས་པ་ནས་ནང་སྦྱོང་བྱེད་པར་ཐོག་མཐའ་བར་གསུམ་དུ"གཉིས་ལ་ཞབས་ཞུའི་ཁ་ཕྱོགས"དང"མཉམ་བཞད་འགྲན་གླེང་གི་བྱེད་ཕྱོགས"རྒྱུན་འཁྱོངས་བྱས་ཏེ་གསར་གཏོད་ཀྱི་རང་བཞིན་ལྡན་པའི་སྒོ་ནས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་སྲུང་སྐྱོང་བྱས་ཡོད་པ་རེད།

 

རྩོམ་སྒྲིག་པ། (པདྨ།)