དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
རྒྱལ་སྟོན་རིང་བདེ་ཆེན་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི69སྣེ་ལེན་བྱས།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། ཚེ་དོན། དུས་ཚོད། 2017-10-10 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 65

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ད་ལོའི་རྒྱལ་སྟོན་དང་ཟླ་མཆོད་གཉིས་དུས་གཅིག་ལ་འཁེལ་ཡོད་པས་རྒྱལ་ཡོངས་སུ་དུས་ཡུན་ཉིན་བརྒྱད་རིང་གི་གུང་གསེང་བཏང་ཡོད།  རྒྱལ་སྟོན་དུས་ཆེན་གྱི་སྐབས་སུ་མཛེས་སྡུག་ལྡན་པའི་མཐོ་སྒང་གི་ཡུལ་གྲུ་འདི་རུ་ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་ཡུལ་སྐོར་བ་རྒྱུན་མ་ཆད་པར་བྱུང་ཡོད་ཅིང་།  ལྷག་པར་དུ་སེམས་ཀྱི་ཉི་ཟླའི་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དང་།  སྟག་མཆོང་གྲོག་རོང་།  དགའ་ལྡན་སུམ་རྩེན་གླིང་།  ཡང་ཐང་། འབའ་ལྷག་དཀར་རྫོང་ལྗོངས་ཁུལ།   འཇོལ་རྫོང་གི་ཁ་བ་དཀར་པོ། འབའ་ལུང་རྫོང་གི་ནན་ཅེ་ལུའོ་སོགས་ལྗོངས་ཁུལ་དུ་རང་ས་ནས་ཐོན་པའི་མང་ཚོགས་དང་ཕྱི་ཕྱོགས་ནས་ཐོན་པའི་ཡུལ་སྐོར་བ་མང་པོ་འདུས་ནས་དུས་ཆེན་གྱི་སྤྲོ་སྣང་ལོངས་སུ་སྤྱད་ཡོད་ཅིང་། སེམས་ཀྱི་ཉི་ཟླའི་ངོ་མཚར་བའི་རང་བྱུང་ཡུལ་ལྗོངས་དང་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཀྱིས་ཡུལ་སྐོར་བའི་ཡིད་སེམས་ཅིག་ཅར་ཏུ་འཕྲོག་པར་བྱས་ཡོད།  
    བདེ་ཆེན་ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་བསྡོམས་རྩིས་བྱས་པ་ལྟར་ན།  ཟླ10པའི་ཚེས7ཉིན་གྱི་བར་དུ་བདེ་ཆེན་ཁུལ་གྱིས་ཁྱོན་བསྡོམས་ཡུལ་སྐོར་བ་མི་ཐེངས་ཁྲི69.19སྣེ་ལེན་བྱས་ཡོད་ཅིང་ཡུལ་སྐོར་གྱི་ཡོང་སྒོ་སྒོར་ཁྲི38263.1ཡོད། 
    དྲ་ལམ་ཁག་ཏུ་ཡུལ་སྐོར་བ་ཁ་ཤས་ཀྱིས་སེམས་ཀྱི་ཉི་ཟླ་ནི་ལྷ་ཡུལ་དང་བར་ཐག་ཆེས་ཉེ་བའི་ས་ཆ་དེ་ཡིན་ཞེས་བརྗོད་ཡོད།  ལ་ལས་སེམས་ཀྱི་ཉི་ཟླ་ནི་རྨི་ལམ་མངོན་དུ་འགྱུར་སའི་ས་ཆ་ཞིག་རེད།   མཐོ་སྒང་གི་ཡུལ་གྲུ་འདིའི་མཛེས་སྡུག་ལ་བསྟོད་བསྔགས་མི་བྱེད་ཀ་མེད་རེད་ཅེས་བརྗོད་ཡོད།    ཡང་ལ་ལས་རྗེས་མ་གོ་སྐབས་འཛོམས་དུས་ད་དུང་ཡང་བསྐྱར་སེམས་ཀྱི་ཉི་ཟླར་ལྟད་མོ་ཡོང་ངེས་ཡིན་ཞེས་སེམས་ཀྱི་དགའ་བ་དང་མྱོང་ཚོར་སྣ་ཚོགས་བྲིས་ནས་ཡུལ་འདི་ལ་བཅངས་པའི་བརྩེ་སེམས་མཚོན་པར་བྱས་ཡོད།  

རྩོམ་སྒྲིག་པ། (པདྨ།)