བུ་སྟོན་རིན་ཆེན་གྲུབ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-10-12 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 158

    ཀུན་མཁྱེན་བུའམ་རྗེ་བུ་སྟོན་རིན་ཆེན་གྲུབ་ནི་བོད་རབ་བྱུང་ལྔ་པའི་ལྕགས་སྟག་ལོ་སྟེ་སྤྱི་ལོ1290ལོར་གཙང་སྟོད་ཁྲོ་ཕུའི་ཕྱོགས་ཀྱི་ཤབ་སྨད་སྒོམ་གནས་ཞེས་པའི་གྲོང་དུ་ཡང་རྙིང་མའི་དབང་བའི་ལམ་ལུགས་ཆེན་བྲག་སྟོན་རྒྱལ་མཚན་དཔལ་བཟང་དང་ཡུམ་བསོད་ནམས་འབུམ་གཉིས་སྲས་སུ་སྐུ་འཁྲུངས། སྐུ་གཞོན་ནུ་བྱིས་པའི་དུས་ནས་ཐུགས་རབ་དང་ཀུན་སྤྱོད་འགྲན་ཟླ་བྲལ་ཞིང་མ་ཡུམ་ལས་སྦྱོར་ཀློག་དང་དཔོན་རྒྱལ་སེང་ལས་རྩིས་དང་ཡི་གེའི་རིགས་པ་སོགས་སྦྱངས་ཐེངས་རེ་རེ་ཙམ་གྱིས་མཁྱེན་པའི་རྩལ་ཕུན་སུམ་ཚོགས་པ་མངའ། དགུང་ལོ་བརྒྱད་པ་ཕེབས་སྐབས་ཁྲོ་ཕུ་བསོད་ནམས་སེང་གེའི་དྲུང་ནས་སེམས་བསྐྱེད་དང་གསང་སྔགས་ཀྱི་དབང་གསན་དགུང་ལོ་བཅོ་བརྒྱད་ལ་ཕེབས་སྐབས་མཁན་པོ་སེང་གེ་དཔལ་དང་། སློབ་དཔོན་ཚད་མའི་བུ་གཉིས་ལས་རབ་ཏུ་བྱུང་། སློབ་དཔོན་དེ་ཉིད་དགེ་རྒན་དུ་བསྟེན་ནས་ཕར་ཕྱིན་དང་ཚད་མ་ཐུགས་གཉེར་མཛད་དེ། དགུང་ལོ་ཉེར་གཅིག་ལ་ཕེབས་སྐབས་བཤད་པ་དང་གྲྭ་སྐོར་མཛད་པས་མཁས་པ་གཞན་གྱིས་འགྲན་པར་མི་ནུས་པིའ་མཚན་སྙན་གྱིས་དབུས་གཙང་ཡོངས་སུ་ཁྱབ། སློབ་ར་གནང་བའི་རིང་ཞོགས་པ་དུས་ཐུང་ནང་དཔེ་རིང་མདའ་ཚད་པ་བདུན་རེ་ཐུགས་ལ་བཟུང་བར་མཛད། གཞན་ཡང་སློབ་དཔོན་དེ་ཉིད་ཀྱི་དྲུང་ནས་འདུལ་བ་དང་། མངོན་པ། དབུ་མ་བཅས་དང་། ཡང་རྩེ་བ་རིན་ཆེན་སེང་གེ་ལས་གསང་བ་བདེ་འཇིགས་གསུམ་གཤིན་རྗེ་གཤེད། འཁོར་ལོ་ཆེན་པོ། སྒྲོལ་མ། ཕག་མོ། ཀུན་རིགས་སོགས་རྒྱུད་སྡེ་བཞིའི་དབང་ཁྲིད་ཤིན་ཏུ་མང་བ་དང་། བླ་མ་རྣམ་སྣང་བའི་དྲུང་ནས་མ་གཅིག་གི་གཅོད་སྐོར། རང་ཉིད་ཀྱི་ཡབ་བྲག་སྟོན་རྒྱལ་མཚན་དཔལ་བཟང་ལས་ཕྱག་ན་རྡོ་རྗེའི་སྐོར། ཐར་པ་ལོ་ཙཱ་བ་ཉི་མ་རྒྱལ་མཚན་ལས་སྒྲ་དང་སྙན་ངག  ཀུན་མཁྱེན་འཕགས་འོད་ལས་གསང་བ་འདུས་པ། བླ་མ་རྡོ་རྗེ་རྒྱལ་མཚན་ལས་དུས་འཁོར་སོགས་བོད་འདིར་ཆོས་རྒྱུན་གང་བཞུགས་ཡོངས་སུ་རྫོགས་པ་མཐར་ཕྱིན་པ་གསན་། དགུང་ལོ་ཉེར་གསུམ་པ་མཁན་ཆེན་དཀའ་བཞི་པ་གྲགས་པ་གཞོན་ནུ་དང་སློབ་དཔོན་བསོད་ནམས་གྲགས་པ་གཉིས་ཀྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དེ་ནས་མི་རིང་བར་ཁྲོག་ཕུ་དགོན་འཆད་ཉན་གྱི་སློབ་དཔོན་མཚད་དེ་ལོ་ཤས་བར་གྲྭ་སློབ་རྣམས་ལ་མདོ་སྔགས་གཉིས་ཀྱི་སློབ་ཁྲིད་དུས་སྐབས་ནམ་ཡོད་ལ་སྐུ་ངལ་མེད་པར་བསྐྱངས་ཤིང་། རྒྱ་གར་དང་ཁ་སིནྡྷུ་སོགས་ཀྱི་ཡི་གེ་དང་སྐད་མི་འདྲ་བ་འགའ་ཞིག་ཀྱང་སློབ་སྦྱོང་མཛད་དེ་གཞི་འགྱུར་གནང་ཐུབ་པའི་ཚད་ལོན་པར་མཛད། མཚན་མོའི་དུས་སུ་མནལ་མ་གཟིམས་པར་ཐུགས་དམས་ཉམས་བཞེས་གཙོ་བོར་མཛད་པས་མདོ་རྒྱུད་ནས་བཤད་པ་ལྟར་གྱི་རྟོགས་པའི་ཡིན་ཏན་ཀྱང་ཐུགས་རྒྱུད་ལ་འཁྲུངས་པ་སོགས་བསྟན་པ་ཡོངས་རྫོགས་ཀྱི་བདག་པོར་བཞེངས། དགུང་ལོ་སོ་གཅིག་པ་རབ་བྱུང་ལྔ་པའི་ལྕགས་སྤྲེལ་ལོ་སྟེ་སྤྱི་ལོ1320ལོར་ཞ་ལུའི་སྐུ་ཞང་གྲགས་པ་རྒྱལ་མཚན་གྱིས་གདན་དྲངས་པ་ལྟར་ཞུ་ལུའི་མཁན་པོར་ཕེབས། གྲྭ་སློབ་རྣམས་ལ་གཞུང་ཆེན་པོ་ལྔའི་སློབ་ཁྲིད་དང་སློབ་མ་སྣོད་ལྡན་ཉུང་ཤས་ལ་གསང་སྔགས་ཀྱི་དབང་ཁྲིད་ལུང་ལ་སོགས་པ་གནང་ཞིང་། ཞ་ལུ་རི་ཕུག་གི་སྒྲུབ་སྡེ་ཡང་ཕྱག་བཏབ་པས། སྐབས་དེར་ཞ་ལུའི་ཆོས་སྡེ་རང་ལ་དགེ་འདུན་ཞལ་གྲངས་སུམ་སྟོང་བརྒྱད་བརྒྱ་ཙམ་དང་། རི་ཕུག་ཏུ་སྒྲུབ་པ་ཉམས་ལེན་བཞེས་མཛད་མཁན་ཚོགས་པ་ལྔ་བརྒྱ་ཙམ་འདུས་ཐོག སློབ་མ་མཁས་བཙུན་བཟང་གསུམ་འཛོམས་ཤིང་བསྟན་པ་འཛིན་པའི་སྐྱེས་ཆེན་དང་། ཆེན་པོ་འཆད་ཉན་གྱི་སློབ་དཔོན་སྒྲུབ་པའི་ལ་མཚན་འཛིན་པའི་བྱ་བྲལ་འབྱོར་པ་སོགས་གྲངས་ལས་འདས་པ་ཞིག་བྱུང་ཞིང་། དེ་དག་གི་ཞོར་ལ་སྐུ་གསུང་ཐུགས་རྟེན་གསར་བཞེངས་གནང་བ་དང་། དགེ་འདུན་གྱི་སྡེ་ལ་བསྙེན་བསྐུར་མཛད་པ། གསུང་རྩོམ་སྐོར་ཆོས་འབྱུང་ཆེན་མོ་དང་། དུས་འཁོར་རྩ་རྒྱུད་ཀྱི་འགྲེལ་པ་སོགས་བདེ་མཆོག་གི་སྐོར། གསང་འདུས་རྩ་རྒྱུད་ཀྱི་འགྲེལ་བ་སོགས་གསང་བའི་འདུས་པའི་སྐོར། རྒྱུད་སྡེ་རྒྱ་མཚོའི་གྲུ་གཟིངས་སོགས་རྣལ་འབྱོར་རྒྱུད་ཀྱི་སྐོར། རྒྱུད་འདེ་སྤྱིའི་རྣམ་བཤད་རྒྱས་འབྲིང་བསྡུས་གསུམ། ཕར་ཕྱིན་མངོན་རྟོགས་རྒྱན་གྱི་འགྲེལ་བ། མངོན་པ་ཀུན་བཏུས་ཀྱི་འགྲེལ་བ། སྒྲ་མདོ་ཀ་ལཱ་པའི་འགྲེལ་པ་སོགས་མདོ་སྔགས་ཀྱི་གཞུང་ཆེན་མོ་མང་པོ་མཛད་པ་བཅས་ལེགས་པའི་བྱ་བ་གང་དང་གང་ལའང་སྐུ་ཚེ་གཅིག་རིང་དེ་ཁོ་ན་མཛད་ནས་བཞུགས་པ་ལྟ་བུའི་མཛད་ནས་བཞུགས་པ་ལྟ་བུའི་སྐུ་ཚེ་གཅིག་རིང་དེ་ཁོ་ན་མཛད་ནས་བཞུགས་པ་ལྟབུའི་མཛད་རྗེས་བློ་ཡུལ་དུ་ཤོང་དཀའ་བ་ཞིག་འཇོག་གནང་མཛད་མཐར་དགུང་ལོ་དོན་ལྔ་བཞེས་པ་བོད་རབ་བྱུང་དྲུག་པའི་ཤིང་འབྲུག་ལོ་སྟེ་སྤྱི་ལོ་1364ལོར་སྐུ་གཤེགས་སོ།། 

རྩོམ་སྒྲིག་པ། (པདྨ།)