དབུ་ཤོག >> བོད་ཀྱི་རིག་གནས། >> གསོ་རིག >> བདེ་ཐང་མཛུབ་སྟོན།
དུ་བ་དང་འབྲེལ་ནས་བདེ་ཐང་སློབ་གསོའི་ཕྱོགས་ཙམ་གླེང་བ།
རྩོམ་པ་པོ། ཚེ་དོན། དུས་ཚོད། 2017-10-12 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 141

  དུ་བ་འཐེན་པ་ནི་བདེ་ཐང་ལ་གནོད་པའི་དོན་དག་ཚབས་ཆེན་ཞིག་ཡིན་ལ།  མ་རབས་དང་ཐ་ཤལ་གྱི་ཀུན་སྤྱོད་ཅིག་ཀྱང་རེད་ཅེས་བཤད་ཆོག་པ་རེད། ཆུང་དུས་ཨ་མའི་ངག་ལས་ཡ་རབས་ཚང་ལ་ལྷ་བཟོ་གསུམ།  མ་རབས་ཚང་ལ་དུ་འཐེན་གསུམ་ཞེས་པའི་གཏམ་དེ་རྒྱུན་པར་གོ་ཡོང་།  དེ་ནི་དངོས་ནས་བདེན་པར་སྣང་སྟེ་འཚར་ལོངས་བྱུང་བའི་གོ་རིམ་ཁྲོད་སེམས་ཁམས་དང་རང་གཤིས་ཀྱི་ཕྱོགས་ལ་ཕ་མ་དང་གཉེན་ཉེ་ཚོའི་ཤུགས་རྐྱེན་ཅི་རིགས་ཐེབས་ཀྱི་ཡོད། 

      

  ང་རང་ཉིད་ཀྱི་ངོས་ཐད་ནས་བཤད་ན། དུ་བ་འཐེན་རྒྱུ་གོམས་ལོབས་སུ་གྱུར་བ་དེ་ཡང་།  སྐབས་དེའི་ཁོར་ཡུག་གིས་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་ལ། གྲོགས་པོ་དང་།   ཁྱིམ་མི།  སློབ་གསོ་སོགས་ཉེ་སའི་ཁོར་ཡུག་གིས་ནུས་པ་ངེས་ཅན་ཞིག་ཐོན་འདུག་པར་བསམ་གྱི་ཡོད།  ཆུང་དུས་ཀྱི་ཁོར་ཡུག་ལ་ཕྱིར་འདང་རེ་བརྒྱབ་ན།  སློབ་ཆུང་གི་སྐབས་སུ་དགེ་རྒན་རེ་འགས་གནས་ངེས་མེད་དང་དུས་བར་མེད་དུ་དུ་བ་འཐེན་པ་དང་།  ཡང་ཁྱིམ་དུ་ལོག་དུས་ཨ་ཕས་དུ་བ་འཐེན་བཞིན་པ་སོགས་ཀྱི་གནས་ཚུལ་ཅི་རིགས་མཐོང་བས་མིག་དཔེ་བལྟ་རུང་བའི་མི་སྣ་དེ་དག་གིས་ཀྱང་དུ་བ་རྒྱུན་འཐེན་བྱེད་ཀྱི་ཡོད་སྟབས་དེ་ནི་གཟི་བརྗིད་ཅིག་ཡིན་པའི་ཚོར་སྣང་སྐྱེས་མྱོང་།   ལྷག་པར་དུ་བ་དེ་བྱིས་པའི་མཐོང་ས་ནས་བཞག་ན།  མཚར་སྣང་གི་དབང་གིས་དུ་བ་རྐང་གཅིག་བརྐུས་ནས་ལྐོག་འཐེན་བྱས་པ་སོགས་ཀྱི་གནས་ཚུལ་ཡང་བྱུང་མྱོང་། རྫོང་ཐོག་ནས་སློབ་འབྲིང་འདོན་པའི་སྐབས་སུ་སྡེ་བའི་ནང་གི་ཕ་མའི་སློབ་གསོ་དང་གཉོར་སྐྱོང་ལ་བར་ཐག་བཀྱེད་བྱུང་ལ་སྐབས་དེར་སློབ་གྲྭའི་ཚོང་ཁང་ན་ཡང་དུ་བ་རྐང་སིལ་མ་རེ་བཙོང་རྒྱུ་ཡོད་པ་དང་།  ཡང་སློབ་གྲོགས་པྲ་ཚགས་རེ་འགས་དངུལ་ལྡོག་ཆ་བོ་དུ་བར་བརྗེས་ཏེ་སྤྱོད་ཁང་གི་ལྟག་རྒྱབ་ནས་དུ་བ་རྔམ་འཐེན་བྱེད་པ་སོགས་ཀྱི་ཤུགས་རྐྱེན་དང་བསྟུན་ནས།  རང་ཉིད་ལ་ཡང་དུ་བ་འཐེན་པའི་གོམས་སྲོལ་དེ་རྒྱུད་ལ་ཆགས་པ་རེད།  

         རིམ་བཞིན་གློ་བ་ལ་གནོད་འཚེ་བཟོས་ནས་ལུད་ཐེངས་མང་བ་དང་།  ཆེས་གསལ་དུས་ཡིན་པའི་བློ་རིག་དེ་ཡང་ཉ་བ་ཉོབ་བེར་བཏང་།  ཆུང་དུས་ཀྱི་སློབ་མའི་འཚོ་བར་ཕྱིར་འདང་བརྒྱབ་པ་ཡིན་ན།   སློབ་མའི་ནང་ན་དུ་བ་དང་ཨ་རག་འཐེན་མཁན་ཅུང་མང་ལ།   སྲོལ་ངན་འདི་དག་གོམས་ལོབས་སུ་གྱུར་དུས་རིམ་བཞིན་བྱིས་པའི་ལུས་སེམས་གཉིས་ལ་གནོད་པ་ཚབས་ཆེན་བཟོ་བཞིན་ཡོད་པ་ཀུན་གྱིས་དོ་སྣང་བྱེད་དགོས་པའི་གནས་ཞིག་རེད། བར་འདིར་བཤད་འདོད་པ་ཞིག་ནི།   གལ་ཏེ་ཕ་མའི་ཕྱོགས་ནས་བྱིས་པས་དུ་བ་འཐེན་པའི་གནས་ཚུལ་ཤེས་རྟོགས་བྱུང་ན་གཅར་རྡུང་སྐོར་གསུམ་དང་ངན་མཚང་འབྱིན་པ་སོགས་མི་བྱེད་པར།   ཡང་དག་པའི་སློབ་གསོའི་ཐབས་ལམ་ལ་བརྟེན་པ་དང་།  རབ་ཡིན་ན་ཕ་མ་རང་ཉིད་ནས་འགོ་བརྩམས་ཏེ་དུ་བ་མི་འཐེན་པ་དང་།   གཞན་ལ་སྐུལ་མ་གཏོང་དགོས་ན་ཐོག་མར་རང་ཉིད་ནས་འགོ་རྩོམ་དགོས་པས།  དེ་ལྟར་བྱས་ན་གཞན་གྱིས་ཀྱང་དང་ལེན་བྱེད་ནུས་པ་ལྟར་རྒྱུན་པར་བྱིས་པའི་འཚར་ལོངས་ལ་སེམས་ཁུར་དང་རྒྱུས་ལོན་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཞིག་རེད།

        སྤྱིར་བཏང་ཕ་མ་ཕྱོགས་གཉིས་ནས་བུ་ཕྲུག་གི་སློབ་སྦྱོང་གི་གནས་ཚུལ་ལ་སེམས་ཁུར་བྱེད་དགོས་པ་མ་ཟད།   བསམ་བློ་ཀུན་སྤྱོད་ཀྱི་ཕྱོགས་ལ་ཡང་སེམས་ཁུར་དང་རྒྱུས་ལོན་ངེས་ཅན་བྱེད་རྒྱུ་གལ་ཆེན་པོ་རེད།   དུས་སྐབས་མི་འདྲ་བ་རེ་རེའི་ནང་དུ་འཚར་ལོངས་བྱུང་བའི་ཁོར་ཡུག་ཁྲོད་བུ་ཕྲུག་གི་སེམས་ཁམས་ལ་ཡང་འགྱུར་ལྡོག་སྣ་ཚོགས་འབྱུང་བཞིན་ཡོད་པ་དང་།   ཉམས་མྱོང་དང་བསམ་བློའི་ཆུ་ཚད་བཅས་ཀྱི་དབང་གིས་བུ་ཕྲུག་ཚོས་ཕ་མའི་སྐྱིད་སྡུག་དང་དཀའ་ཁག   ད་དུང་སློབ་གྲྭ་ནས་སློབ་སྦྱོང་བྱེད་པའི་དགེ་མཚན་དང་ཕན་འབྲས་སོགས་ཤེས་ཀྱི་མེད་པས།   ངན་གྱི་ཕྱོགས་ལ་འཇུག་སླ་བས།   རྒྱུན་པར་བུ་ཕྲུག་ལ་ཁ་བརྡ་སློབ་གསོ་གཏོང་རྒྱུ་ནི་གཞོལ་མི་རུང་བའི་འགན་འཁྲི་ནན་མོ་ཞིག་རེད།    འཚར་ལོངས་བྱུང་བའི་གོ་རིམ་ཁྲོད་བྱིས་པས་ནོར་འཁྲུལ་མི་བཟོ་བ་ནི་གཡོལ་ཐབས་བྲལ་བ་ཞིག་ཡིན་པ་དང་།   དེ་ལ་ཕ་མའི་ཡང་དག་པའི་སློབ་གསོ་དང་ཐབས་ལམ་མཁོ་བ་རེད།  སློབ་གསོ་གཏོང་བར་ཡང་ཕ་མ་ཕྱོགས་གཉིས་ཀྱིས་ལྟ་བ་མཁྲེགས་འཛིན་དང་སྲོལ་རྙིང་ཁོ་ན་རྒྱུན་འཁྱོངས་མི་བྱེད་པར་བསམ་བློ་བཅོས་སྒྱུར་དང་ལེགས་ཆ་བསྡུ་ལེན་བྱས་ཏེ་བུ་ཕྲུག་དང་མཉམ་དུ་འཚར་ལོངས་འབྱུང་རྒྱུ་ངེས་པར་ཤེས་དགོས་པ་ཞིག་རེད།   

          ཆུང་དུས་ཀྱི་སློབ་གསོ་ནི་ཀུན་ལས་གལ་ཆེ་བ་ཞིག་ཡིན།  ཡང་དག་པའི་སློབ་གསོ་མེད་ན་ལོག་ལམ་དུ་ཞུགས་ཉེན་ཆེ། ནར་སོན་པའི་གོ་རིམ་ཁྲོད་ལམ་སྟོན་རེ་རེས་ཕན་ནུས་ལྡོག་ཏུ་མེད་པ་ཐོན་གྱི་ཡོད་པས།    ཆུང་དུས་ནས་སྐྱེད་སྲིང་ཡག་པོ་བྱས་ན་མི་ཚེ་གཅིག་ནང་རང་གཞན་ཀུན་ལ་ཕན་ཐོགས་ཐུབ་པ་མ་ཟད།     མི་ཚེ་དེ་ནི་ཡིད་ཆེས་དང་སྤོབས་པ།   བྱམས་བརྩེའི་ཁེངས་པ་ཞིག་ཏུ་འགྱུར་ཐུབ་ཀྱི་ཡོད།

 

རྩོམ་སྒྲིག་པ། (ཚེ་དོན།)