དབུ་ཤོག >> བོད་ཀྱི་རིག་གནས། >> གསོ་རིག >> བདེ་ཐང་མཛུབ་སྟོན།
ཐ་མག་དང་བདེ་ཐང་།
རྩོམ་པ་པོ། ཚེ་རིང་དོན་འགྲུབ། དུས་ཚོད། 2017-10-18 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 151

  མ་གསང་བར་དྲང་མོར་བཤད་ན། ལོ་ལྔའི་སྔོན་དུ་ང་ཡང་ཐ་མག་འཐེན་རྒྱུར་ཤིན་ཏུ་དགའ་ཞིང་།   ཐེངས་འགའ་ལ་ཐ་མག་བཅད་ཀྱང་རང་ཚུགས་ཤོར་ནས་ཐ་མག་མ་ཆོད་པའི་དུ་རྐྱལ་ཞིག་ཡིན།  

ཐེངས་གཅིག་གི་འགྲུལ་བཞུད་ཁྲོད།  དྲིན་ཆེན་ཕ་མའི་གདོང་ལ་རྒས་པའི་གཉེར་མ་སྔར་ལས་ཇེ་མང་དུ་སོང་ཡོད་པ་དང་།  ན་ཚས་མནར་དུས་བདག་གིས་ཀྱང་མི་ལུས་རིན་ཆེན་ཡིན་པ་དང་བདེ་ཐང་ལས་གལ་ཆེ་བ་ཞིག་མེད་པའི་གནས་ལུགས་དེ་རྟོགས་ནས་བློ་ཐག་རྦད་ཆོད་ཀྱིས་ཐ་མག་བཅད་པ་ཡིན།   རང་ཉིད་ཀྱིས་ཐ་མག་འཐེན་དུས་གོམས་ལོབས་སུ་སོང་བའི་དབང་གིས་རང་ཉིད་ཀྱི་བདེ་ཐང་ལ་དོ་སྣང་བྱ་རྒྱུ་ཕར་ཞོག   ཐ་ན་མི་ཆེ་ཆུང་ཀུན་གྱི་ས་ནས་ཐ་མག་འཐེན་པས་གཞན་གྱི་བདེ་ཐང་ལ་ཡང་གནོད་པ་ངེས་ཅན་ཞིག་བསྐྱལ་འདུག  

  དུས་ད་ལྟ་རང་ཉིད་ཀྱིས་ཐ་མག་འཐེན་གྱི་མེད་པས་ཐ་མག་འཐེན་མཁན་ཞིག་གི་འགྲམ་ནས་བསྡད་ན་དུ་དྲི་ཁ་བོ་དེས་སྣ་ཚ་ཞིང་མགོ་ན་བ་དང་།   ལུད་རྒྱ་ལངས་པ་སོགས་ཀྱི་གནོད་པ་མངོན་སུམ་དུ་བཟོ་བ་མ་ཟད།  དུ་ཐ་དེ་ཡང་གང་སར་ལྷུང་སླ་བ་དང་གཙང་དག་བྱེད་པར་གནོད་བསྐྱལ་མཁན་འབའ་ཞིག་རེད།  

ཐ་མག་གིས་མིའི་ལུས་ལ་གནོད་ཚུལ་ནི་བདེ་ཐང་སློབ་གསོ་དང་ང་ཚོའི་དཔེ་གཞུང་དུ་ཡང་དེའི་སྐོར་གྱི་ཤེས་བྱ་ཤིན་ཏུ་མང་པོ་ཡོད་ཀྱང་།ཐ་མག་ནང་གི་དུག་རྫས་དེ་ལུས་པོའི་ཁྲག་རྩ་ནང་འདྲེས་ནས་གོམས་ལོབས་སུ་སོང་དུས་རང་ཚུགས་བརྟན་པོ་ཞིག་མ་བཟུང་ན་ཐ་མག་རྔུབ་པ་ཇེ་མང་དུ་སོང་བ་དང་བསྟུན་ནས་གློ་བ་དང་ཁྲག་རྩ་ལ་གནོད་འཚེ་ཆེན་པོ་གཏོང་བཞིན་ཡོད་པ་རེད།  

ཐ་མག་འཐེན་ན་རང་གི་བདེ་ཐང་ལ་གནོད་པ་ནི་མི་མང་ཆེ་བས་ཤེས་ཀྱང་ཐ་མག་གིས་ཉེ་འགྲམ་གྱི་མི་རྣམས་ལ་སྔར་ལས་ལྷག་པའི་གནོད་འཚེ་བཟོ་བཞིན་པའི་གནས་ལུགས་ཤེས་རྟོགས་བྱུང་ཐུབ་ཀྱི་མེད།   དེ་བས་དུ་རྐྱལ་ཞིག་ཡིན་ན་ལོ་ལོན་རྒན་པ་དང་ཕྲུ་གུའི་མདུན་ནས་ཐ་མག་འཐེན་པའི་སྲོལ་ངན་དེ་བསྒྱུར་དགོས།  

  ཕྱི་གླིང་བའི་བདེ་ཐང་ཞིབ་འཇུག་ཅིག་གི་ནང་དུ།  སྐྱེས་པ་ཚོས་ལོ་སུམ་ཅུའི་དུས་སུ་ཐ་མག་བཅད་ན་འགྲིག་པ་དང་དེ་མིན་ལྡབ་འགྱུར་གྱིས་གནོད་འཚེ་ཐེབས་ཀྱི་ཡོད་པ་བཤད་ཡོད།  སྐྱེས་མ་རྣམས་ཀྱིས་ཐ་མག་འཐེན་ན་ནད་རིགས་འབྱུང་སླ་བ་དང་རྒས་སླ་བ་སོགས་ཀྱིས་གནས་ཚུལ་ངོ་སྤྲོད་གནང་ཡོད།  ཐ་མག་གི་ཉེས་དམིགས་ནི་བློ་ཡུལ་ལས་འགོངས་པ་ཞིག་སྟེ།   ཐ་མག་བཅད་ན་ཡང་དེའི་རྗེས་ཀྱི་ལོ་བཅུའི་ནང་དུ་ཐ་མག་གི་དུས་ཀྱི་ནུས་པ་དེ་ཁྲག་རྩའི་ནང་ནས་ཡལ་ཐུབ་ཀྱི་མེད་པ་ཤེས་རྟོགས་བྱུང་ཡོད།  

   ང་རང་ཉིད་ཀྱིས་སྔོན་ཆད་དུ་བ་འཐེན་པའི་གནས་ཚུལ་ལྟར་ན། ཉིན་རེར་ཐ་མག་སྒམ་གཅིག་འཐེན་རྗེས།རིག་པ་མི་གསལ་བ་དང་།  ཟས་ལ་ཡི་ག་མེད་པ།  ཁོང་ཁྲོ་ལངས་སླ་བ།  མིག་ཆུ་བཞུར་སླ་བ།    ཡིད་ཆེས་བརྟན་པོ་མེད་པ་སོགས་ཀྱི་གནས་ཚུལ་བྱུང་མྱོང་བས།   ཐ་མག་གིས་བདེ་ཐང་ལ་གནོད་པ་ངེས་ཅན་བསྐྱལ་བཞིན་ཡོད་པས་གསལ་འདེབས་ཀྱི་ཚུལ་དུ་ཀུན་ལ་ཕན་ཕྱིར་ཉམས་མྱོང་ཙམ་གླེང་བ་ཡིན་ལ།  ཐ་མག་སྒམ་གཅིག་གིས་དཔལ་འབྱོར་ཆུད་ཟོས་སུ་བཏང་བ་ཡང་ཚབས་ཆེན་ཡིན་པས་བདེ་ཐང་གི་ཕྱིར་དུ་ཐ་མག་གཅོད་རྒྱུ་གལ་ཆེ་བ་ཞིག་རེད།  


རྩོམ་སྒྲིག་པ། (ཚེ་རིང་དོན་འགྲུབ།)