དབུ་ཤོག >> དཔལ་འབྱོར་འཚོ་བ། >> དཔལ་འབྱོར་འགྱུར་སྟངས།
ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-10-22 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 157

    ཚོགས་ཆེན་བཅུ་དགུ་པའི་འཐུས་མིས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་སྐོར་གླེང་བ།ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་དགོས་ལ་དུས་བསྟུན་མདུན་སྐྱོད་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་དུ་སྐྱོད་འགོ་ཚུགས་ཏེ་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་དཔུང་འཇུག་ཀྱང་བྱེད་དགོས་ཞེས་བཏོན་ཡོད།

འཐུས་མི་ཚོས་འཐབ་ཇུས་བཀོད་སྒྲིག་དེས་དུས་ཉེ་འབྲིང་རིང་གསུམ་གྱི་དམིགས་ཚད་དང་ཟུང་འབྲེལ་དམ་ཟབ་ཀྱིས་ལམ་ཕྱོགས་སྔར་བས་ཁ་གསལ་པོ་དང་།ནང་དོན་སྔར་བས་ཕུན་སུམ་ཚོགས་པོ།བརྗོད་དོན་སྔར་བས་གཏིང་ཟབ་པོ་བཅས་ཡོང་བ་བྱས་པ་དང་།དེ་ཐོག་ནས་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ཆོད་སེམས་ཆེན་པོ་དང་ཡིད་ཆེས་བརྟན་པོ་མཚོན་པ།དེ་ལས་རྦ་རླབས་དྲག་པོ་འཕྱུར་བ་བཞིན་མདུན་དུ་སྐྱོད་པའི་སྤྱི་ཚོགས་ཡོངས་ཀྱི་རྫོགས་མཐའ་མེད་པའི་སྒུལ་ཤུགས་འཕེལ་ངེས་ཡིན་པ་བཅས་ཀྱི་ངོས་འཛིན་གནང་བ་རེད།

རླབས་ཆེན་བསྐྱར་དར་ཕྱོགས་སུ་སྐྱོད་པའི་ལམ་ཐིག་དཔེ་རིས་བཀོད་པ།

ཕུགས་འདུན་གྱིས་འབད་འཐབ་བྱ་རྒྱུར་སྐུལ།དམིགས་ཚད་ཀྱིས་སྟོབས་ཤུགས་གཅིག་ཏུ་སྒྲིལ།

འཐུས་མི་ཚོས་སྙན་སྒྲོན་ནང“ལོ་བརྒྱ་གཉིས”ཀྱི་དམིགས་ཚད་རྒྱས་བཤད་གཏིང་ཟབ་པོ་བྱས་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཕྱོགས་སུ་སྐྱོད་པའི་ལམ་ཐིག་དཔེ་རིས་གསལ་པོར་བཀོད་ཡོད།དེ་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་དཔའ་ངར་སྐྱེ་བ་ཞིག་འདུག་ལ་སེམས་འགུལ་ཆེན་པོ་ཐེབས་པ་ཞིག་ཀྱང་འདུག་ཅེས་གསུངས་པ་རེད།

ད་ལྟ་ནས་2020ལོ་བར་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཤིག་རེད།

2020ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་དུས་མཚམས་གཉིས་སུ་ཕྱེ་ནས་བཀོད་སྒྲིག་གིས་རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་།དམངས་གཙོ།ཤེས་དཔལ།ཞི་མཐུན།ཡིད་འོང་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས།

“སྙན་སྒྲོན་ནང་འབྱུང་འགྱུར་སྐོར་བཀོད་པ་ཐོས་སྐབས་ངར་སྐབས་དེར་ང་ཚོའི་གྲོང་ཚོ་དང་གྲོང་མིའི་འཚོ་བར་འགྱུར་ལྡོག་གང་མིན་ཚད་ཡོང་རྒྱུ་ཡིན་པའི་བློ་ཞིག་སྐྱེས་བྱུང”ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཀུའེ་ཀྲོའུ་ཞིང་ཆེན་ཆན་ནན་ཀྲོའུ་ལུའོ་ཏན་རྫོང་མུའོ་དབྱང་གྲོང་རྡལ་མཱ་ཧོའེ་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་ཏེང་ཡིང་ཤང་གིས་འབད་འཐབ་ཀྱི་དམིགས་ཚད་གསར་པར་བློ་སེམས་འགུགས་ཤུགས་ཆེན་པོ་ལྡན་འདུགདེ་ལས་མི་ཚང་མའི་རང་ཉིད་ཀྱི་བསམ་འདུན་འགྲུབ་རྒྱུ་ཡིན་པ་སྨོས་ཅི་དགོས་ཞེས་གསུངས་པ་རེད།

ཏེང་ཡིང་ཤང་གནས་སའི་མཱ་ཧོའེ་གྲོང་ཚོ་ནི་མཐའ་བཞི་རི་མཐོ་གཡང་གཟར་གྱིས་བསྐོར་བའི་གྲོང་ཚོ་ཞིག་དང་སྔོན་མ་སྐད་གྲགས་ཆོད་པའི་གྲོང་ཚོ་དབུལ་པོ་ཞིག་ཡིན།ཕྱིས་སུ་རི་བོ་གཏོར་ནས་ལམ་བཟོས་པ་དང་སྔོ་ཚལ་འདེབས་འཛུགས་བྱས་ཤིང་།ལོ་ལྔའི་རིང་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་ལྡབ་བཅུ་ལྷག་ཙམ་འཕར་ཡོད།“ང་ཚོའི་གྲོང་ཚོ་ཐག་རིང་རི་ཁུལ་དུ་ཡོད་རུང་ཕྱུག་འགྱུར་བྱེད་པའི་སེམས་ཤུགས་ཆེན་པོ་ཡོད།ཏང་གི་འབད་འཐབ་དམིགས་ཚད་ཀྱི་རྗེས་སུ་འབྲངས་ནས་མདུན་སྐྱོད་བྱ་རྒྱུ་ཡིན་ལ་དུད་ཚང་ཚང་མ་ཁང་པ་གསར་པའི་ནང་སྤོ་རྒྱུ་ཡོང་བ་དང་དུད་ཚང་ཚང་མས་རླངས་འཁོར་ཆུང་གྲས་ཉོ་ཐུབ་པ་བྱས་ནས‘དབུལ་ཞྭ’རྦད་དེ་འབུད་ཐུབ་པ་བྱ་རྒྱུ་ཡིན”

ཕུགས་འདུན་ཚོར་ཐུབ་ལ་དེ་བས་ཀྱང་རེག་ཐུབ།འཐུས་མི་ཚོས་2020ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་ལོ་བཅོ་ལྔ་གཉིས་སུ་ཕྱེ་ནས་བཀོད་སྒྲིག་བྱས་ལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་འབད་འཐབ་གོམ་སྟབས་དང་དམིགས་ཚད་ལས་འགན་ཡང་གསལ་པོར་བཀོད་འདུགདེ་ལས་རིམ་པ་བཞིན་སྐུལ་འདེད་གཏོང་བ་དང་བརྟན་པོའི་ངང་རྒྱང་རིང་དུ་སྐྱོད་པའི་འཕེལ་རྒྱས་བསམ་ཕྱོགས་མཚོན་པའི་ངོས་འཛིན་གནང་བ་རེད།

རྒྱལ་ཁབ་དར་རྒུད་ཇི་ཡོང་མི་དམངས་ལ་ཐུག “མི་དམངས་ཡོངས་གཞི་རྩའི་ཆ་ནས་ཐུན་མོང་ཕྱུག་འགྱུར་ཡོང་བ”དང“རང་རྒྱལ་གྱི་མི་དམངས་ལ་དེ་བས་བདེ་སྐྱིད་ཁམས་བཟང་གི་འཚོ་བ་བསྐྱལ་རྒྱུ་ཡོང་བ”ལ་སོགས“ལོ་བརྒྱ་གཉིས”ཀྱི་དམིགས་ཚད་དམ་ཡང་ན་དུས་མཚམས་རང་བཞིན་གྱི་དམིགས་ཚད་གང་ཞིག་ཡིན་རུང་།ཚང་མས་ང་ཚོས་ཐུན་མོང་ཕྱུག་འགྱུར་གྱི་འགྲོ་ལམ་དུ་བསྐྱོད་རྒྱུ་མཐའ་འཁྱོངས་དང་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དོན་གཉེར་བྱ་རྒྱུ་ཡིན་པ་མཚོན་གྱི་ཡོད།

འཐུས་མི་ཚོས“ལོ་བརྒྱ་གཉིས”ཀྱི་དམིགས་ཚད་ལས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་དམངས་གོང་དུ་བཀུར་བའི་སྲིད་སྐྱོང་གི་བརྩེ་སེམས་མཚོན་པའི་ངོས་འཛིན་གནང་བ་རེད།

“མི་དམངས་དང་རྒྱལ་ཁབ་གཞི་གཅིག་ཏུ་དམ་པོར་འདྲེས་མཁན་དང་།ལོ་བརྒྱ་བརྒལ་བའི་དམིགས་ཚད་འདོན་ཕོད་མཁན།མི་རབས་ཁ་ཤས་ཀྱི་བདེ་རྩ་རང་ཉིད་ཀྱི་བྱ་སྤྱོད་རྩ་འཛིན་ལ་འཇུག་མཁན་བཅས་ཀྱི་ཀྲུང་གོ་གུང་ཁྲན་ཏང་ལྟ་བུའི་རྒྱལ་ཁབ་དང་སྲིད་ཏང་གཅིག་ཀྱང་མེད”ཅེས་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཧའེ་ནན་ཞིང་ཆེན་ཏན་ཀྲོའུ་གྲོང་ཁྱེར་ལན་དབྱང་གྲོང་རྡལ་ཕན་ཏ་སློབ་ཆུང་གི་དགེ་རྒན་ཝང་ཅིན་ཧྭ་ཡིས་གསུངས།

སློབ་གསོ་ནི་དམངས་འཚོའི་དོན་ཆེན་ཨང་དང་པོ་རེད།ཝང་ཅིན་ཧྭ་ཡིས་ལོ་འདི་དག་རིང་གྲོང་གསེབ་ཀྱི་ཐག་རིང་ལུང་ཁུག་ས་ཁུལ་གྱི་སློབ་གསོ་དང་རྨང་གཞིའི་སྒྲིག་བཀོད་སོགས་དམངས་འཚོའི་འདུ་འགོད་ལ་ཐོབ་པའི་གྲུབ་འབྲས་ལས་ང་ལ་བདེ་སྐྱིད་ཐོབ་པའི་ཚོར་སྣང་ཟབ་མོ་བྱུང་།ཕན་ཏ་སློབ་ཆུང་རི་གསེབ་ཏུ་གནས་ཤིང་གྲོང་རྡལ་སྲིད་གཞུང་དང་བར་ཐག་སྤྱི་ལེ་50ལྷག་ཙམ་ཡོད།“དེ་སྔོན་སློབ་ཆུང་གི་སྒྲོག་ཙེ་དང་རྐུབ་སྟེགས་ཚང་མ་ཆག་རོ་ཤ་སྟག་ཡིན་མོད།འོན་ཏེ་ད་ཆ་སློབ་ཁྲིད་བྱེད་སྐབས་ཆ་འཕྲིན་ཅན་གྱི་སྒྲིག་ཆས་སྤྱོད་ཀྱི་ཡོད།གྲོང་གསེབ་ཀྱི་སློབ་གྲྭ་ཐོག་མའི་སྤྱིལ་བུ་ནས་རྫ་གཡམ་ཐོག་ཅན་གྱི་ཁང་པ་དང་དེ་ནས་སློབ་ཁྲིད་ཐོག་ཁང་དུ་གྱུར་བའི་འགྱུར་ལྡོག་ཆེན་པོ་བྱུང་བ་ངས་མིག་མཐོང་ལག་ཟིན་བྱུང་།ད་ཆ་གྲོང་ཚོ་དང་གྲོང་རྡལ་ཡོངས་སུ་ཡིད་དུ་འོང་ཤོས་ཀྱི་ས་ཆ་ནི་སློབ་གྲྭ་རེད།ཕྲུ་གུ་དེ་བས་མང་བ་སློབ་ཁང་དེ་དག་ཏུ་བསྐྱོད་ནས་དེ་བས་ཡག་པའི་སློབ་གསོ་དང་ལེན་བྱ་རྒྱུ་བྱུང་སོང”ཞེས་གསུངས།

འབད་འཐབ་དམིགས་ཚད་ཀྱི་ནང་དོན་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་ལས་མི་རྩ་བར་འཛིན་པའི་འདུ་ཤེས་དེ་བས་མངོན་གྱི་ཡོད་ལ་རྒྱ་ཆེའི་མང་ཚོགས་ཀྱི་རེ་སྒུག་ལ་དེ་བས་ཀྱང་བསྟུན་པ་མཚོན་གྱི་ཡོད།

“སྔོན་མ་ལྟོ་གོས་འཛོམས་པ་དང་འཚོ་གནས་ཐུབ་པའི་རེ་སྒུག་བྱེད་པ་ནས་ད་ཆ་ཁོར་ཡུག་སྲུང་སྐྱོང་དང་སྣོད་བཅུད་ཡག་པོ་ཡོང་བར་བརྩོན་ལེན་བྱེད་པའི་བར།སྙན་སྒྲོན་གྱི་ནང་དོན་གྱིས་མི་དམངས་ཀྱི་རེ་སྒུག་གསར་པར་བསྟུན་ཡོད”ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཧུའེ་ཀྲོའུ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་དབྱི་ཝུའེ་ཡིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་རྒྱས་བཤད་བྱེད་སྐབས“འབྱོར་ཕྱུག་དང་།དམངས་གཙོ།ཤེས་དཔལ།ཞི་མཐུན”བཅས་འབུར་དུ་ཐོན་པར་བྱས་པ་དང་ཆབས་ཅིག“ཡིད་འོང”དམིགས་སུ་བཀར་ཏེ་ནན་བཤད་བྱས་པ་དང་།“དམིགས་ཚད་རིམ་པ་བཞིན་མཐོ་རུ་བཏང་བ་དང་སྔ་འཛིན་ཕྱི་གཏོད་བྱས་པ་ནི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་དང་ཡིད་འོང་ཁྱིམ་གཞིས་ལ་རེ་སྒུག་བྱེད་པར་བསྟུན་ཡོད”ཅེས་དང“ཧུའེ་ཀྲོའུ་ཡིས་ཐོག་མཐའ་བར་གསུམ་དུ‘རི་ཆུའི་གྲོང་ཁྱེར’བསྐྲུན་རྒྱུར་སྐུལ་འདེད་གཏོང་གི་ཡོད།དམིགས་ཚད་དེ་ལས་ང་ཚོར་ལོ་འདི་དག་རིང་ང་ཚོས་འགྲིམས་པའི་ལམ་ཡག་དག་པ་ཞིག་ཡིན་པའི་ཚོར་སྣང་བྱུང་བ་དང་ཆབས་ཅིག ཡིད་ཆེས་དང་གདིང་ཤུགས་དེ་བས་ཆེ་རུ་ཕྱིན་ལ་དེ་བས་ཕུ་ཐུང་བརྫེས་ནས་ངར་ཤུགས་བསྒྲིམ་རྒྱུའི་སྐུལ་ལྕག་ཀྱང་ཐེབས་བྱུང”ཞེས་གསུངས།

ཐོག་མའི་བསམ་འདུན་མ་བརྗེད་ན།ད་གཟོད་མགོ་མཇུག་རྒྱུན་འཁྱོངས་ཐུབ།འཐུས་མི་ཚོས“མི་དམངས”ནི་ཐོག་མཐའ་བར་གསུམ་དུ་རང་རེའི་ཏང་གི་ལས་དོན་ཚང་མའི་འགོ་འཛུགས་ས་དང་དོན་ལ་འབབ་ས་རེད།དེ་ནི་འབད་འཐབ་ཀྱི་དམིགས་ཚད་ཡིན་ལ་གསོན་ཤུགས་གནས་ས་ཡང་ཡིན་པའི་ངོས་འཛིན་གནང་བ་རེད།

 

 

རྩོམ་སྒྲིག་པ། (ཚེ་རིང་དོན་འགྲུབ།)