དབུ་ཤོག >> དཔལ་འབྱོར་འཚོ་བ། >> ཁྱིམ་ཇུས་ནོར་གཉེར།
འཕྲིན་གཏོང་ཡོ་བྱད་དང་བདེ་ཐང་སྐོར།
རྩོམ་པ་པོ། ཚེ་རིང་དོན་འགྲུབ། དུས་ཚོད། 2017-10-25 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 113

      རྒྱུན་པར་གློག་ཀླད་དང་འབྲེལ་འདྲིས་བྱེད་རྒྱུ་མང་བའི་མི་ཞིག་ཡིན་ན།   མཚམས་རེར་མིག་གིས་ངལ་གསོས་ནས་འགུལ་སྐྱོད་ཅུང་ཙམ་བྱེད་དགོས་པ་དང་།  དུས་ཡུན་རིང་བོར་གློག་ཀླད་དང་ཞོར་དུ་ལག་ཁྱེར་ཁ་པར་སོགས་སྣོག་ཡུན་རིང་ན་མིག་ལ་གནོད་པ་བསྐྱལ་བཞིན་པ་ནི་མངོན་གསལ་རེད།  

དེང་སང་མི་རྣམས་ཀྱི་འཚོ་བ་དང་བྱ་བའི་གོ་རིམ་རྣམས་གློག་ཀླད་དང་འབྲེལ་བ་ངེས་ཅན་བྱུང་ཡོད་ལ།    གློག་ཀླད་ནི་དངོས་ནས་མེད་དུ་མི་རུང་བའི་ཡོ་བྱད་ཅིག་ཏུ་གྱུར་ཡོད།   གློག་ཀླད་དང་ཁ་པར་སོགས་འཕྲིན་གཏོང་ཡོ་བྱད་ཀྱིས་ང་ཚོ་ལ་སྟབས་བདེ་དང་མཐུན་རྐྱེན་གང་མང་མང་ཞིག་བསྩལ་ཡོད་པ་བདེན་ཡང་།   ཡུན་རིང་བཀོལ་སྤྱོད་བྱ་ཡུན་མང་ན་བདེ་ཐང་ལ་ཤིན་ཏུ་གནོད་པས་འོས་འཚམས་ཀྱིས་སྤྱོད་རྒྱུ་དེ་ཤིན་ཏུ་གལ་ཆེ་བ་རེད་ཅེས་བཤད་འདོད་པ་ཡིན།  

          གློག་ཀླད་ལ་བལྟ་ཡུན་རིང་དྲགས་ནས་ཁྱིམ་དུ་ལོག་དུས་ངལ་དུབ་ཆེན་པོ་བྱུང་ཡོད་ལ། མཚམས་ལ་རེར་གཉིད་ཆགས་པའམ་ཡང་ན་གཉིད་མ་ཡོང་བའི་སྐབས་སོགས་སུ་ཕྱི་ཉིན་གྱི་ལས་ཀར་ཞུགས་པ་ཡིན་ན་མིག་གཉིས་ན་བ་དང་།མིག་གིས་གསལ་བོ་མི་མཐོང་བར་རབ་རིབ་ཏུ་འགྱུར་བ།མིག་ནང་ལ་ཙག་ཤད་རྒྱུག་པ་སོགས་ཀྱི་བདེ་ཐང་གནས་ཚུལ་ལ་འཕྲད་རྒྱུ་མང་པོ་ཡོད།  

བདེ་ཐང་གསལ་སྟོན་ནང་དུ་བཤད་པ་ལྟར་ན།  མུན་ནག་གི་ནང་ནས་ཅིས་ཀྱང་གློག་ཀླད་དང་ཁ་པར་གྱི་འཆར་ཤེལ་ངོས་ལ་བལྟ་མི་རུང་ཞེས་བཤད་འདུག       ལྷག་པར་ཆུ་ཚོད་དགུ་དང་ཕྱེད་ཀའི་རྗེས་ནས་ཁ་པར་ལ་བལྟ་ཡུན་རིང་ན་དགོང་མོའི་གཉིད་ལ་བར་ཆད་བཟོ་བཞིན་ཡོད་ཅེས་ཞིབ་འཇུག་ལས་ཤེས་ཡོད།  

འོས་མཚམས་ཀྱིས་འཕྲིན་གཏོང་ཡོ་བྱད་བཀོལ་སྤྱོད་བྱེད་རྒྱུ་འདི་མི་སུས་ཀྱང་ཤེས་དགོས་པའི་དོན་དག་ཞིག་རེད།    ཡུན་རིང་དུ་བཀོལ་དྲགས་ན་དབང་རྩ་ཉམས་པ་དང་།   མགོ་ན་བ།  དྲན་ཤེས་ཉམས་པ།    ཡི་ག་ལོག་པ་སོགས་ཀྱི་ནད་འབྱུང་བཞིན་ཡོད་ལ།    ཁ་པར་དེ་བྲང་ཁར་བཏགས་ན་ད་དུང་སྙིང་ཁམས་ལ་ཡང་གནོད་པ་ཡོད་ཅེས་བཤད་ཡོད།  ཁ་པར་ངོས་ལ་ལག་པར་ཐུག་ཡུན་མང་ན་མཛུབ་གུ་ན་བའི་ནད་ཀྱང་བྱུང་གི་ཡོད།  ལྷག་པར་མགོ་སྒུར་ཡུན་རིང་དྲགས་ན་སྐེད་ཚིགས་ན་བ་ནི་སྤྱི་ཚོགས་ཁྲོད་དུ་ཡོངས་ཁྱབ་ཀྱིས་བྱུང་ཡོད་པའི་ནད་རིགས་ཤིག་རེད།  

         གློག་ཀླད་ནང་གི་སྨིག་ཕྱིའི་འོད་འགྱེད་འཕྲོ་བྱུང་བ་དེས་ལུས་པ་གནོད་པ་ཚབས་ཆེན་བཟོ་བཞིན་ཡོད། མིག་གིས་འཆར་ཤེལ་ཆུང་ཆུང་ངོས་ལ་བལྟ་ཡུན་རིང་དྲགས་པས་མིག་གི་ནུས་པ་ཇེ་ཞན་དུ་བཏང་ཡོད།  དེང་སྐབས་ནི་བརྡ་འཕྲིན་གྱི་དུས་རབས་ཡིན་པས་འཚོ་བའི་ཕྱོགས་སོ་སོར་བརྡ་འཕྲིན་ཚན་རྩལ་གྱི་ནུས་པ་ཐོན་ཡོད་ལ། ང་ཚོའི་འཚོ་བ་ཡང་བརྡ་འཕྲིན་དང་ཅི་ནས་ཀྱང་ཁ་འབྲལ་ཐབས་མེད་པ་ཆགས་ཡོད། ལྷག་པར་དེང་སང་ཁ་པར་དང་གློག་ཀླད་ནང་དུ་འཕྲིན་གཏོང་ཡོ་བྱད་གང་མང་མང་ཞིག་ཐོན་ལ།  དེ་དག་ཇུས་འགོད་བྱེད་དུས་མི་རྣམས་ཀྱི་དགའ་ཕྱོགས་དང་སྤྲོ་སྣང་འཕེལ་ཐུབ་པའི་ཁྱད་ཆོས་སོགས་དམ་འཛིན་བྱས་ནས་བཟོས་ཡོད་པས།  ང་རང་ཚོས་བེད་སྤྱོད་བྱེད་དུས་མཚམས་འཇོག་མི་འདོད་པ་དང་མཚམས་འཇོག་མི་ཐུབ་པའི་གནས་ཚུལ་སོགས་ཐོན་གྱི་ཡོད།  

     ས་ཆ་རེ་འགར་མི་ལ་ལས་ཆེད་དུ་རང་གི་ཁྱིམ་ནང་དུ་བརྙན་འཕྲིན་དང་ཁ་པར།  གློག་ཀླད་སོགས་བཞག་མེད་ལ།   དེ་ལྟར་བྱས་ན་ཉིན་གཅིག་གི་དུས་ཚོད་ཤིན་ཏུ་རིང་བ་མ་ཟད།  ཕ་མ་དང་གཉེན་ཉེ།  བཟའ་ཚང་དང་བུ་ཕྲུག་སོགས་དང་ཁ་བརྡ་བྱེད་པའི་དུས་ཚོད་མང་ལ།  ཕན་ཚུན་གྱི་བརྩེ་བ་ཇེ་དྲག་ཏུ་གཏོང་ཐུབ་ཀྱི་ཡོད།  རང་རེ་ལ་མཚོན་ན་འཚོ་བའི་ཆ་རྐྱེན་ཇེ་བཟང་དུ་སོང་བ་དང་བསྟུན་ནས་མི་རེའི་ལག་ལ་ཁ་པར་བཟུང་ཞིང་། ཁ་པར་གྱི་སྒང་ན་སྐད་འཕྲིན་རྩེད་པར་བྲེལ་བ་ལངས་ནས་ཡོད།  ལ་ལས་དོན་དག་ཡོད་ན་མེད་ན་སྐད་འཕྲིན་རྩེད་ཅིང་ཟླ་གཅིག་ལ་སྐད་རིན་མང་པོ་ཤོར་ནས་དྲ་སྟེང་ན་ཁུག་དམར་སློང་བའི་སྲོལ་ངན་པ་ཞིག་ཀྱང་ཆགས་ཡོད། རང་གི་བདེ་ཐང་ལ་དོ་སྣང་དང་ཐུགས་ཁུར་མི་བྱེད་པའི་མི་ནི་ཤིན་ཏུ་དཀོན་པོ་ཡིན་པས།  བདེ་ཐང་ཡོད་ན་ད་གཟོད་ང་ཚོ་ལ་བདེ་སྐྱིད་ཀྱི་འཚོ་བ་དང་མ་འོངས་པའི་རེ་བ་ཡོད་པ་ཤེས་དགོས།  


རྩོམ་སྒྲིག་པ། (ཚེ་རིང་དོན་འགྲུབ།)