དབུ་ཤོག >> སྐབས་དོན་གསར་འགྱུར། >> རྒྱལ་ཕྱི་ནང་གསར་འགྱུར།
ཞི་ཅིན་ཕིང་ཡང་བསྐྱར་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པར་རྟེན་འབྲེལ་ཞུས་པ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-10-27 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས། 2148

 ཟླ་10ཚེས་25ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁ་དན་བཞག་པ་ལྟར་ཨ་རིའི་ཙུང་ཐུང་ཐེ་རོམ་ཕུ་དང་སྤྱིར་བཏང་གི་ཁ་པར་གཏོང་ལེན་བྱས་པ་རེད།

   ཐེ་རོམ་ཕུ་ཡིས་ཀྲུང་གུང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་རྒྱལ་ཁའི་ངང་མཇུག་བསྒྲིལ་བར་རྟེན་འབྲེལ་ཞུ་བ་དང་།ཞི་ཅིན་ཕིང་ཡང་བསྐྱར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པ་རེད།ཐེ་རོམ་ཕུ་ཡིས་ཀྲུང་གུང་གི་ཚོགས་ཆེན་བཅུ་དགུ་པར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱས་པ་དང་།ངས་ཀྱང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ཐོག་སྤེལ་བའི་སྲིད་ཇུས་ཀྱི་ཆ་འཕྲིན་གལ་ཆེན་ལ་དོ་ཁུར་ཆེན་པོ་བྱས་ཡོད།ཨ་རིའི་མི་དམངས་ཚང་མས་ངས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་པར་ཡོང་གྲབས་ཡོད་པར་གླེང་མང་བྱེད་ཀྱི་ཡོད་པ་རེད།ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་པེ་ཅིང་དུ་ཐུག་འཕྲད་བྱས་ཏེ་ཨ་ཀྲུང་མཉམ་ལས་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་ཐུན་མོང་དུ་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་སྐོར་ལྟ་སྟངས་བརྗེ་རེས་གང་ལེགས་བྱ་རྒྱུར་རེ་སྒུག་བྱེད་ཀྱི་ཡོད་ཅེས་བསྟན་པ་རེད།

ཞི་ཅིན་ཕིང་གིས་ཐེ་རོམ་ཕུ་ཡིས་གློག་འཕྲིན་བཏང་ཡོང་ནས་རྟེན་འབྲེལ་ཞུས་པར་ཐུགས་རྗེ་ཆེ་ཞུས་པ་རེད།ཞི་ཅིན་ཕིང་གིས་གྲོལ་མ་ཐག་པའི་ཀྲུང་གུང་གི་ཚོགས་ཆེན་བཅུ་དགུ་པས་མ་འོངས་པར་ཀྲུང་གོ་འཕེལ་རྒྱས་གཏོང་བའི་བརྗིད་ཉམས་ཆེ་བའི་དམིགས་འབེན་བཀོད་ཅིང་།གལ་འགངས་ཧ་ཅང་ཆེ་བའི་ཚོགས་ཆེན་ཐེངས་ཤིག་ཡིན།ངས་ཚོགས་ཆེན་བཅུ་དགུ་པའི་ཐོག་བྱས་པའི་སྙན་ཞུའི་ནང་དུ་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ལྷོད་གཡེང་མེད་པར་ཞི་བདེའི་ངང་འཕེལ་རྒྱས་གཏོང་བའི་འགྲོ་ལམ་དུ་སྐྱོད་པ་དང་།གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་ལག་ལེན་བསྟར་ནས་རྒྱལ་ཁབ་ཁག་དང་ཁེ་ཕན་འདྲེས་ས་རྒྱ་སྐྱེད་གཏོང་བ་དང་།རྒྱལ་ཁབ་ཆེན་པོའི་བར་མཐུན་སྦྱོར་དང་མཉམ་ལས་བྱེད་པར་སྐུལ་སྤེལ་གཏོང་དགོས་ཞེས་གསལ་པོར་བསྟན་ཡོད་ཅེས་བཤད་པ་རེད།

 ཞི་ཅིན་ཕིང་གིས་ཀྲུང་གོའི་ཕྱོགས་ཀྱིས་ཀྲུང་ཨའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་།ཨ་རིའི་ཕྱོགས་དང་མཉམ་དུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་གཉིས་ཕན་གྱི་རྨང་གཞིའི་ཐོག་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་ཡུན་རིང་སྐྱོན་དང་བྲལ་ཞིང་བརྟན་པོའི་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད།སྐུ་ཞབས་ཙུང་ཐུང་མི་རིང་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་པར་ཡོང་རྒྱུ་ཡིན་པས།ངས་པེ་ཅིན་དུ་ཁྱེད་དང་མཉམ་དུ་འབྱུང་འགྱུར་ཀྲུང་ཨའི་བར་གྱི་འབྲེལ་བ་འཕེལ་རྒྱས་བཏང་ནས་ཀྲུང་ཨའི་བར་ཕན་ཚུན་མཉམ་ལས་སྔར་ལས་མང་བ་སྤེལ་བར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་དངོས་གནས་དྲང་གནས་སྔར་ལས་མང་བ་སྐྲུན་པ་དང་།ས་ཁུལ་དང་དེ་བཞིན་འཛམ་གླིང་ཞི་བདེ་དང་།བརྟན་ལྷིང་།དར་རྒྱས་བཅས་ཡོང་བར་ལེགས་སྐྱེས་སྔར་ལས་ཆེན་པོ་འབུལ་བའི་རེ་སྒུག་བྱེད་བཞིན་ཡོད་ཅེས་ནན་བཤད་གནང་བ་རེད།