ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-10-30 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 211

    ༄༅།།བཤད་སྒྲུབ་གདམས་པའི་མཆོག་མངའ་ཨ་ཏི་ཤ།།

  བཀའ་གདམས་བསྟན་པའི་མེས་པོ་འབྲོམ་སྟོན་རྗེ།།

  རྣལ་འབྱོར་རྣམ་བཞི་སྐུ་མཆེད་གསུམ་ལ་སོགས།།

  བཀའ་གདམས་བླ་མ་རྣམས་ལ་ཕྱག་འཚལ་ལོ།།

  ཞེས་མཆོད་བརྗོད་ཀྱིས་མདུན་བསུས་ཏེ་ཇོ་བོ་བཀའ་གདམས་པའི་ཤིང་རྟའི་སྲོལ་འབྱེད་ཇོ་འབྲོམ་ཡབ་སྲས་གཉིས་དང་སྲོལ་འཛིན་རྣལ་འབྱོར་རྣམ་བཞི་དང་སྐུ་མཆེད་གསུམ་སོགས་ཀྱི་རྣམ་ཐར་མ་རིག་རྒད་པོའི་མིག་འབྱེད་ལས་ཐོག་མར་སྐབས་སུ་བབས་པ་མཉམ་མེད་ཇོ་བོ་ཆེན་པོའི་རྣམ་ཐར་མདོར་བསྡུས་མཚམས་སྦྱོར་ཞུ་རྒྱུ།

  ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ། 

  སྤྱི་ལོ་༩༨༢ལོར་ཟ་ཧོར་རྒྱལ་པོ་དགེ་བ་དཔལ་དང་བཙུན་མོ་དཔལ་མོ་འོད་ཟེར་ཅན་གཉིས་ལ་སྲས་གསུམ་ལས་འབྲིང་པོར་འཁྲུངས་དགུང་ལོ་ཉེར་དགུའི་བར་སྒྱུ་རྩལ་སྣ་ཚོགས་དང་། སྒྲ།རྩིས།གསོ་བ་རིག་པ།ཚད་མ་རིག་པ་སོགས་ཕྱི་ནང་གི་རིག་གཞུང་ཀུན་ལ་སྦྱངས་པ་མཐར་ཕྱིན་མཛད།དགུང་ལོ་ཉེར་དགུ་ནས་ཕལ་ཆེན་སྡེ་བའི་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་ཤི་ལ་རཀྵི་ཏ་ལས་རབ་ཏུ་བྱུང་སྟེ་མཚན་དཔལ་མར་མེ་མཛད་ཅེས་བཏགས།གསེར་གླིང་པ་སོགས་བླ་མ་སོ་བཞི་ཙམ་བསྟེན་ནས་མདོ་སྔགས་ཀྱི་གཞུང་མཐའ་དག་ལ་སྦྱངས་པ་མཐར་ཕྱིན་མཛད་དེ་པཎྜི་ཏའི་མཚན་ཐོགས།མེ་གླང་སྤྱི་ལོ་༡༠༣༧ལོར་ཇོ་བོ་རྒྱ་གར་ནས་བོད་དུ་ཕེབས་འགོ་ཚུགས།དགུང་ལོ་ང་དགུ་པ་སྤྱི་ལོ་༡༠༤༠ལོར་མངའ་རིས་སུ་ཕེབས་ཏེ་བྱང་ཆུབ་ལམ་སྒྲོན་མཛད།ལྕགས་སྦྲུལ་སྤྱི་ལོ་༡༠༤༡ལོར་འབྲོམ་སྟོན་པས་མངའ་རིས་པུ་ཧྲེངས་སུ་ཇོ་བོ་ཐོག་མར་མཇལ།༡༠༤༢ལོར་འབྲོམ་སྟོན་པས་དབུས་གཙང་དུ་གདན་ཞུ་གནང་སྟེ་ཡེར་པ་དང་།སྙེ་ཐང་སོགས་སུ་ཆོས་གསུངས་ནས་སློབ་མ་ཁུ་སྟོན་དང་།རྔོག་ལེགས་པའི་ཤེས་རབ།འགོས་ལོ་ཙཱ་བ། རྣལ་འབྱོར་རྣམ་བཞི་སོགས་སློབ་མ་མཁས་པ་མང་དུ་བྱུང་།

  ལྕགས་སྟག་སྤྱི་ལོ་༡༠༥༠་ལོར་འབྲོམ་སྟོན་པས་ཡེར་པར་ཇོ་བོ་རྗེ་ལ་འབུལ་མོ་ཆེ་མཛད་དེ་མཐར་དགུང་ལོ་༧༣སྤྱི་ལོ་༡༠༥༤ལོར་མཉེས་ཐང་དུ་ཇོ་བོ་སྐུ་དངོས་ཀྱིས་འབྲོམ་ཉིད་རྒྱལ་ཚབ་ཏུ་བསྐོས་ཏེ་ཇོ་བོ་རང་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཐུབ་དབང་དང་། སེང་ལྡེང་ནགས་སྒྲོལ། འཇིག་རྟེན་དབང་ཕྱུག་གི་བྲིས་སྐུ། རྒྱ་དཔེ་པོ་ཏི་ཁ་ཤས་དང་། གསེར་གླིང་པའི་གདུང་ཁང་སོགས་སྐུ་གསུང་ཐུགས་རྟེན་ངོ་མཚར་ཅན་འགའ་ཞིག་གནང་ནས་སངས་རྒྱས་ཀྱི་བསྟན་པ་དགེ་འདུན་གྱི་སྡེ་ལ་རག་ལས་པས། ཁྱོད་ཀྱིས་དགེ་འདུན་གྱི་སྡེ་གཅིག་ཚུགས་ལ་གཙུག་ལག་ཁང་ཞིག་བཞེངས་གསུངས་ཏེ་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་སྐུལ་ཕྱིར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན།བོད་དུ་བཀའ་གདམས་ཀྱི་བསྟན་པ་གསར་གཏོད་མཛད།