བོད་ཀྱི་བློན་ཆེན་མགར་སྟོང་བཙན།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-10-30 རྩོམ་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ། ཀློག་གྲངས། 75

    རང་ཅག་བོད་གངས་ཅན་གྱི་ཡུལ་དེར་བཙན་པོའི་དུས་རབས་ཀྱི་ཉི་གཞོན་ཤར་བ་ནས་བཟུང༌། བཙན་པོའི་ཐོག་མ་གཉའ་ཁྲི་བཙན་པོ་ནས་རྒྱལ་ཐོག་ཞེ་གཉིས་པ་ཁྲི་དར་མ་ཨུ་དུམ་བཙན་གྱི་བར་རིམ་པར་བྱོན་པའི་དབུས་ནས་སྙན་གྲགས་ཀྱི་བ་དན་ཕྱོགས་བཅུར་བསྐྱོད་པའི་རྒྱལ་མཚན་གྱི་ཏོག་ལྟ་བུ་སུམ་གཉིས་དབང་དུ་བསྒྱུར་བར་མཛད། བོད་མི་རིགས་ཀྱི་ལོ་རྒྱུས་ཐོག་གི་རླབས་ཆེན་མི་སྣ། བོད་ཁམས་གཅིག་གྱུར་གྱི་རྒྱལ་པོ་ཆོས་རྒྱལ་སྲོང་བཙན་སྒམ་པོ་སྟེ་བོད་རྒྱལ་སོ་གསུམ་པ་དེའི་སྐབས་ནས་བཟུང་གུང་རི་གུང་བཙན་དང༌། མང་སྲོང་མང་བཙན་བར་རྒྱལ་ཐོག་གསུམ་རིང་བཙན་པོའི་ཞབས་འདེགས་ཞུ་མྱོང་བའི་མགར་གྱི་མི་རྒྱུད་དང་བཅས་པའི་སྐོར་ཅུང་ཟད་བརྗོད་པར་བྱའོ།། 

  དེ་ཡང་བཙན་པོ་སྲོང་བཙན་སྒམ་པོའི་མཚན་སྙན་འཛམ་གླིང་ཕྱོགས་བཅུར་ཁྱབ་པ་ནི་རྒྱུ་མེད་རྐྱེན་མེད་ཅིག་ལས་བྱུང་བ་ཞིག་མ་ཡིན་པར། དེ་ནི་སྐབས་དེའི་མེད་ཐབས་མེད་པའི་བློན་ཆེན་བཞི་སྟེ་མགར་སྟོང་བཙན་ཡུལ་བཟུང་ལ་སོགས་པའི་རྨད་དུ་བྱུང་བའི་ལྷག་བསམ་དང༌། ཞུམ་པ་མེད་པའི་སྙིང་སྟོབས་ལ་ལྟོས་ཚབས་ཆེ་བ་ཞིག་ཡིན་པ་ནི་སྨྲོས་མེད་ལགས། དེར་བརྟེན་མེད་ཐབས་མེད་པའི་བློན་ཆེན་བཞིའི་ཡ་གྱལ་མགར་སྟོང་བཙན་ཡུལ་བཟུང་གི་མཛད་རྗེས་སྐོར་ཐོག་མར་བརྗོད་པར་འདོད། མགར་སྟོང་བཙན་ཡུལ་བཟུང་ནི༡ སེ་རྨུ་ལྡོང་སྟོང་སྟེ་བོད་ཀྱི་རུས་ཆེན་བཞིའི་ནང་ཚན་ཞང་པོ་ལྷ་རིགས་སྒོ་ལས་མཆེད་པའི་འགར་ཀེ་འགོས་གསུམ་ལ་སོགས་རུས་ཚན་བཅོ་བརྒྱད་དུ་གྱེས་པའི་ནང་ནས་མགར་གྱི་རུས་ཚན་དུ་སྐུ་འཁྲུངས། ཁོང་གི་མགར་གྱི་རུས་རྒྱུད་ནང་གི་བློན་པོའི་རབ་གསུམ་པ་ཡིན་ཀྱང༌། ཁོང་གི་ཡབ་ཡུམ་གྱི་མཚན་སྔར་གྱི་རྒྱལ་རབས་ལོ་རྒྱུས་ཁག་ནང་གསལ་ཁ་མེད། འཁྲུངས་ཡུལ་ལ་བཞེད་ཚུལ་མི་འདྲ་བ་གཉིས་བྱུང་བ་ནི། ༡ བོད་ལྗོངས་ལྷོ་ཁ་ས་ཁུལ་ཁོངས་གཉལ་ཞེས་པའི་ས་ཆར་འཁྲུངས་པར་བཞེད་ཚུལ་ཞིག་དང༌། ༢ ལྷ་སའི་ཉེ་འདབས་སྟོད་ལུང་ལྡིང་ག་དགོན་པའི་ཉེ་འགྲམ་གྱི་མགར་ཚང་གོག་ཅེས་པའི་ཁྱིམ་ཚང་དུ་འཁྲུངས་པར་བཞེད་ཚུལ་གཅིག་བཅས་བཞེད་ཚུལ་མི་འདྲ་བ་གཉིས་ཡོད་པ་ལས་ཕྱི་མས་འདོད་པའི་ཡུལ་དེའི་ནང་མགར་གྱི་ཕོ་བྲང་ཡིན་ཟེར་བའི་གྱང་རོ་མང་པོ་ཡོད་ཅིང༌། དགོན་པ་དེའི་རྡོ་གཅལ་དབུས་སུ་ཤུག་པ་ཞིག་ཡོད་པ་དེ་ཡང་མགར་གྱིས་བཙུགས་པ་རེད་ཅེས་དམངས་ཁྲོད་དུ་ཡོངས་ཁྱབ་ཀྱི་ཤོད་རྒྱུན་ཞིག་ཡོད།དེས་ན། ཁོ་བོ་ནི་སྟོད་ལུང་མགར་ཚང་གོག་ཏུ་འཁྲུངས་པར་འདོད་ཅིང༌། དེ་ནི་དམངས་ཁྲོད་ཡོངས་ཁྱབ་ཀྱི་བཤད་རྒྱུན་མ་ཉམས་པར་གནས་ཡོད་པ་དང༌། མགར་གྱི་ཕོ་བྲང་གི་ཤུལ་ཡིན་ཟེར་བའི་མཚན་དོན་ཙམ་ལ་བརྟེན་ནས་ཀྱང་ཁོང་གི་འཁྲུངས་ཡུལ་འཁྲུལ་མེད་ཡིན་པར་རམ་འདེགས་བྱེད་ནུས། མགར་གྱི་མི་རྒྱུད་སྔ་མས་ཀྱང་བོད་ཀྱི་བཙན་པོའི་བློན་པོ་བྱེད་མྱོང་བ་ནི། བོད་ཀྱི་བཙན་པོ་ཉེར་དྲུག་པ་ཁྲི་སྒྲ་དཔུང་བཙན་གྱི་སྐབས་སུ་མགར་སྒྲ་རྫི་མུན་གྱིས་རྒྱལ་པོ་དེའི་བློན་པོ་བྱས་ཞེས་རྒྱལ་རབས་ལོ་རྒྱུས་ཁག་ནས་གསུངས་པ་ལས་ཀྱང་རྟོགས་ཐུབ་པ་ཞིག་ཡིན། 

   མགར་སྟོང་བཙན་ཡུལ་བཟུང་བཙན་པོ་སྲོང་བཙན་སྒམ་པོའི་བློན་པོར་གྱུར་ཚུལ་ནི། ༢ སྲོང་བཙན་དགུང་གྲངས་བཅུ་གསུམ་ཐོག་ཁྲི་ལ་འཁོད་ཅིང༌། བློན་ཆེན་མྱང་པོ་རྗེ་ཞང་སྣང་དང༌། མགར་མང་ཞང་སུམ་སྣང༌། ཁྱུང་པོ་སྤུང་སད་ཟུ་ཙེ། དབས་དབྱི་ཚབ་ལ་སོགས་པ་རྣམས་ཀྱིས་དེའི་སྐབས་བཙན་པོར་རམ་འདེགས་ཀྱིས་ཆབ་སྲིད་བསྐྱངས་ཤིང༌། དུས་ཡུན་གང་འཚམ་སོང་བའི་རྗེས་བཙན་པོ་དང་མྱང་པོ་རྗེ་ཞང་སྣང་གི་བར་དུ་ཁྱུང་པོ་སྤུང་ཟད་ཟུ་ཙེས་ཕྲ་མ་བཅུག་སྟེ།བཙན་པོ་དང་བློན་པོ་མྱང་གི་བར་འགལ་ཟླ་བཟོས་ནས་ཁོང་ཉིད་རྒྱལ་པོའི་བློན་པོའི་གོ་གནས་བཟུང༌། 

   དེ་ནས་ཁྱུང་པོ་སྤུང་ཟད་ཟུ་ཙེ་བགྲེས་ཡོལ་ལྟ་བུར་བཏང་རྗེས་མགར་སྟོང་བཙན་ཡུལ་བཟུང་བཙན་པོའི་བཀའ་ཡི་བློན་པོར་བཀུག་གནང་བ་ཞིག་རེད། མགར་གྱི་མཛད་རྗེས་ནི། ཁྱུང་པོ་སྤུང་ཟད་ཟུ་ཙེས་བློན་ཆེན་གྱི་གོ་གནས་བཟུང་བ་དང་སྟབས་བསྟུན་ཁོང་གིས་བཙན་པོ་བཀྲོང་རྩིས་བྱེད་སྐབས་མགར་གྱིས་རྣམ་དཔྱོད་རིག་པའི་རྩལ་གྱིས་བརྟག་ཅིང་དཔྱད་པའི་ཚེ་གསང་བ་དེ་ཤེས་ཏེ། རྒྱལ་པོའི་བླ་སྲོག་སྐྱབས་ཐུབ་པ་དེ་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་ཆག་འཇིག་གི་ཉེན་ཁ་ལས་བསྐྱབས་པ་ཞིག་ཡིན་པ་ནི་ཟུར་བལྟས་ལེབ་མཐོང་རེད། ས་ཕག639ལོར་བལ་ཡུལ་ནས་བལ་བཟའ་ཁྲི་བཙུན་དང༌། ལྕགས་གླང་641ལོར་རྒྱ་ནག་ནས་རྒྱ་བཟའ་ཀོང་ཇོ་གཉིས་གདན་དྲངས་པའི་སྐབས་སུའང་མགར་སྐུ་ངོ་མ་ཕེབས་ཡོད་པ་རེད། དེ་ཡང༌།༣ མགར་སྟོང་བཙན་ཡུལ་བཟུང་དང༌།ཐོན་མི་སམ་བྷོཊ་གཉིས་ཀྱིས་ཐོག་དྲངས་པའི་བློན་འཁོར་རྟ་པ་བརྒྱ་ལམ་དུ་ཆས་ནས་མཐར་བལ་པོའི་ཡུལ་གྱི་གྲོང་ཁྱེར་ཞེས་པའི་ཚིག་དོན་ལས་མགར་བལ་ཡུལ་དུ་ཕེབས་ཡོད་པ་བསྟན་ཅིེང༌།ཡང༌།དེ་ཡང་བལ་བཟའ་ཁྲི་བཙུན་གདན་དྲངས་པའི་མཇུག་ཏུ། རྒྱ་ནག་གི་ལྷ་གཅིག་དེ་ཡང་གདན་འདྲེན་པར་བྱེད་པས་བཀའ་ཡི་གནང་བ་ཞུ་ཞེས་པས་མགར་རྒྱ་ནག་ཏུ་ཕེབས་ཡོད་པ་ནི་ཤུགས་ལ་རྟོགས་ཐུབ་པ་ཞིག་རེད། ལྷག་པར་ཀོང་ཇོ་གདན་འདྲེན་སྐབས་མཐའ་བཞིའི་རྒྱལ་ཁབ་ནས་ཀྱང་ཀོང་ཇོ་སློང་མཁན་བསླེབས་ཡོད་སྟབས། རྒྱ་རྒྱལ་གྱིས་བློན་པོ་རྣམས་རིག་རྩལ་འགྲན་དུ་བཅུག་པས་མགར་ཉིད་བློན་པོ་གཞན་ལས་ཁྱད་དུ་འཕགས་པའི་རྣམ་དཔྱོད་ཀྱི་རྩལ་དང་ལྡན་པས་བྱ་སྒོ་མཐའ་དག་ཐོགས་མེད་དུ་བསྒྲུབས་ཐུབ་པས་ཀོང་ཇོ་བཙུན་མོར་མི་སྟེར་རང་སྟེར་ལྟ་བུར་ཐུག་སྟེ་སྟེར་དགོས་བྱུང་ཡོད་པ་ནི་བོད་མིའི་དམངས་ཁྲོད་དུ་ཡང་བཤད་རྒྱུན་རྒྱ་ཁྱབ་ཏུ་སོང་ཡོད།  

  བཙུན་མོ་སྔ་ཕྱི་གཉིས་བོད་དུ་གདན་དྲངས་པ་ཙམ་གྱིས་ཀྱང་བོད་ཀྱི་ཆབ་སྲིད་སྲ་བརྟན་དང༌། དཔལ་འབྱོར། རིག་གནས། ཚོང་འབྲེལ་སོགས་གང་ཅིར་རྒྱ་བསྐྱེད་ཀྱི་ནུས་པ་ཤུགས་ཆེ་ཞིག་ཐོན་ཡོད་པ་མ་ཟད། ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་ཡང་འབྲེལ་བ་ཟབ་མོ་ཞིག་ཆགས་ཡོད་པ་རེད། ༤ མགར་སྟོང་བཙན་ཡིག་རྨོངས་པ་ཞིག་ཡིན་ཀྱང༌། རང་བཞིན་གྱི་རྣམ་དཔྱོད་ཀྱི་རྩལ་ཕུལ་དུ་བྱུང་ཞིང་ངང་ཚུལ་བརྟན་པ། གཡུལ་གྱི་བྱ་བར་མཁས་པ། བོད་པ་རྣམས་ཀྱི་རྒྱབ་རྟེན་ཁོང་ལ་བཅོལ་ཏེ་བོད་རྒྱལ་ཁབ་དེ་ཉིད་སྟོབས་འབྱོར་མངའ་ཐང་ལྡན་པ་ཞིག་ཏུ་གྱུར་པ་ཡིན་ཞེས་པའི་ཚིག་དོན་ལས་རྟོགས་ཐུབ་པ་ནི་བློན་ཆེན་མགར་ནི་སྐབས་དེའི་བོད་ཀྱི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ཀ་བ་ལྟ་བུ་ཞིག་ཆགས་ཡོད་པ་དེ་ཡིན། དེའི་སྐབས་བཙན་པོ་དང་བློན་པོའི་བར་དམ་ཚིག་འོ་ཆུ་གཅིག་འདྲེས་ངང་རྒྱལ་ཁམས་ཆོས་བཞིན་སྐྱོང་གི་ཡོད་པ་ནི༥ བླ་ན་རྗེ་སྒམ་ཁྲི་སྲོང་བཙན། འོག་ན་བློན་མཛངས་སྟོང་བཙན་ཡུལ་བཟུང༌ཞེས་གསུངས་པ་བཞིན་རྒྱལ་བློན་གཉིས་ཀྱིས་འབངས་ཚུལ་བཞིན་སྐྱོང་གི་ཡོད་པ་བསྟན་ཡོད། 650ལྕགས་ཁྱི་ལོ་སྲོང་བཙན་དགུང་གྲངས་སོ་བཞིའི་ཐོག་གྲོངས། 

  651ལྕགས་ཕག་ལོར་སྲོང་བཙན་གྱི་འདས་མཆོད་བྱས་ཤིང༌། མགར་གྱིས་གཙོ་འགན་འཁུར་ཏེ་ཞིང་འབྲོག་སྐོར་ལ་ཞིབ་བཤེར་ཐེངས་གཅིག་མཛད། བཙན་པོ་སྲོང་བཙན་འདས་རྗེས་བོད་འབངས་ཀྱི་ཆབ་སྲིད་དང༌། དཔལ་འབྱོར། རིག་གནས་སོགས་ལེགས་ཉེས་ཅི་ཡོང་ཚང་མ་བློན་པོར་རག་ལས་པས་བློན་ཆེན་མགར་གྱིས་གཙོས་བློན་པོ་རྣམས་ལ་ཐུག་ཅིང༌། ཁོང་ཚོས་ཀྱང་ལྷག་བསམ་སྙིང་སྟོབས་ཞུམ་པ་མེད་པའི་ཐོག་ནས་བཙན་པོ་བཞུགས་པའི་སྐབས་དང་མཚུངས་པའི་རྒྱལ་ཁམས་ཚུལ་བཞིན་བསྐྱངས་པ་མ་ཟད།མཐའ་བཞིའི་རྒྱལ་ཕྲན་འགའ་ཞིག་གིས་ངོ་ལོག་བྱས་ཀྱང་དཔའ་འཁུམས་པར་བྱས་པ་དང༌། 652ཆུ་བྱི་ལོར་གློ་བོའི་ཡུལ་དང་རྩང་ཧྱང་བོད་ཀྱི་ཆབ་འོག་ཏུ་བཅུག  653ཆུ་གླང་ལོར་གཡུག་ཅེས་པའི་ཡུལ་དུ་ཤ་ཁྲལ་འཇལ་བའི་སྲོལ་ཐོག་མར་བཙུགས།  654ཤིང་སྟག་ལོར་མོང་པུ་ཧྲལ་རྫོང་དུ་ཆབ་འོག་གི་འགོ་གཙོ་རྣམས་བསྐོངས་ནས་ཚོགས་འདུའི་ཐོག་ཆབ་སྲིད་དང༌། དཔལ་འབྱོར། རིག་གཞུང༌། དམག་དོན་དང་བཅས་པའི་སྐོར་གྲོས་བསྡུར་གནང་བ་མ་ཟད། རྒོལ་གཡུང་དབྱེ་བ་བཀར་ཏེ་ཁྱིམ་གྲངས་བརྩི་བའི་སྲོལ་བཙུགས་ཤིང༌། 655ཤིང་ཡོས་ལོར་བཀའ་ཁྲིམས་ཀྱི་ཡི་གེ་བྲིས། 656མེ་འབྲུག་ལོར་གཙམ་གྱི་ཡུལ་མར་ཞེས་པ་ནས་ཤ་ཁྲལ་ཆེན་པོ་བསྡུས། དེ་ནས657མེ་སྦྲུལ་ལོ་ནས666ཤིང་ཡོས་ལོ་བར་མགར་གྱིས་རྒྱལ་ཕྲན་འ་ཞ་དང་ཞང་ཞུང་གཉིས་ཀྱི་འཁོས་ཀ་མཛད་ཅིང༌། 666ས་རྟ་ལོར་གྲུ་གུའི་ཡུལ་དུ་དམག་དྲངས། 665མེ་རྟ་ལོར་དམག་ཐོག་ཏུ་གྲོངས་ཞེས་གསུངས་པ་དང༌། ༧ ཁོང་ཉིད་འ་ཞའི་ཡུལ་དུ་ལོ་ངོ་བརྒྱད་རིང་བཞུགས་ཤིང༌། 666ཤིང་ཡོས་ལོར་རིམས་ནད་དམ་གཉན་གྲོག་ཚང་ཕོག་པས་རྐྱེན་བྱས་ཏེ། 667མེ་ཡོས་ལོར་རིས་པུ་ས་ཆར་སྐུ་གྲོངས། ༨ མགར་སྟོང་བཙན་ཡུལ་བཟུང་དེ་ཉིད་ཀྱིས་མང་སྲོང་མང་བཙན་ཁྲིར་འཁོད་པའི་ལྕགས་ཁྱི་ལོ650ལོ་ནས་མེ་ཡོས667ལོ་བར་ལོ་ངོ་ཧྲིལ་པོ་བཅོ་བརྒྱད་རིང་བོད་ཀྱི་ཆབ་སྲིད་བསྐྱངས་ཤིང་ཁྱིམ་མཚེས་རྒྱལ་ཁབ་དང་རྒྱལ་ཕྲན་ཁག་ལ་ཞི་དྲག་གཉིས་ཀྱི་ཐོག་ནས་འབྲེལ་ལམ་ཟམ་མི་ཆད་པར་བྱས་ཤིང༌། བོད་ཀྱི་སྤྱི་ཚོགས་ལ་མཁོ་བའི་ཕྱིའི་རིག་གཞུང་མང་པོ་ཞིག་ནང་འདྲེན་མཛད་ཅིང༌། མི་རིགས་ཀྱི་སྟོབས་འབྱོར་མངའ་ཐང་རྒྱས་པར་བྱས་རྗེས་རླབས་ཆེན་བཞག་གནང་ཡོད་པ་ནི་ལོ་རྒྱུས་ཀྱི་མེ་ལོང་ནང་ནས་བསུབ་ཐབས་བྲལ་བའི་གཟུགས་བརྙན་ཞིག་རེད།  

  བློན་ཆེན་མགར་སྟོང་བཙན་ལ་སྲས་བཞི་ཡོད་པ་ནི། མགར་བཙན་སྙ་ལྡོམ་བུ་དང༌།མགར་ཁྲི་འབྲིང་བཙན་བྲོད། མགར་བློན་ཟི་མདོ་ཡེ།མགར་འབལ་བློན་ནམ་མགར་བཙན་གཉན་སྲུང་སྟོན་བཅས་ཡོད་པ་སྔར་གྱི་བོད་ཀྱི་ལོ་རྒྱུས་ཁག་ཞལ་མཐུན་ཡང༌།ཐང་ཡིག་གསར་རྙིང་དུ་མགར་ལ་སྲས་ལྔ་ཡོད་པར་བཞེད་ཡོད་པ་ནི་འདི་ལྟར། བུ་ཆེ་བ་བཙན་གཉའ་ལྡོམ་བུ་དང༌། འབྲིང་བ་ཁྲི་འབྲིང་བཙན་བྲོད། གསུམ་པ་བཙན་བྲོད། བཞི་པ་ཟི་མདོ་ཡེ། ལྔ་པ་འབལ་བློན་ཞེས་གསུངས་འདུག་པས་དཔྱད་གཞིར་སྣང༌། 

  མགར་སྟོང་བཙན་ཡུལ་བཟུང་གི་སྲོང་བཙན་སྐབས་སུ་རྒྱལ་ཐབས་ཆབ་སྲིད་ཀྱི་བྱ་བ་སྤྱི་དང༌། བྱེ་བྲག་གཡུལ་གྱི་ལས་ཐབས་ཐོག་མཛད་རྗེས་རླབས་ཆེན་བཞག་ཡོད་ཅིང༌། གུང་སྲོང་གུང་བཙན་སྐབས་སུའང་རྒྱལ་སྲིད་ཀྱི་བྱ་བ་བསྐྱངས་ཡོད་པ་ནི་རྒྱའི་དེབ་ཐེར་ལས་སྲོང་བཙན་སྐུ་འདས་ཞེས་པ་ནས་སྲོང་བཙན་ལ་སྲས་མེད་པས་ཚ་བོ་ཞིག་ཁྲི་ལ་འཁོད་དེ་ན་སོ་ཆུང་སྟབས་རྒྱལ་སྲིད་ཀྱི་བྱ་བ་རྣམས་མགར་སྟོང་བཙན་གྱིས་བསྐྱངས་སོ་ཞེས་པས་བསྟན་ཅིང༌། མང་སྲོང་མང་བཙན་གྱི་སྐབས་སུ་ཡང་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ཡོད་པ་ནི༩ ཁོང་ནར་མ་སོན་བར་ཕྱི་ནང་གི་བྱ་བ་ཐམས་ཅད་བློན་ཆེན་མགར་སྟོང་བཙན་ཡུལ་བཟུང་གིས་འགན་འཁུར་ཏེ་ལོ་བཅོ་བརྒྱད་ཙམ་རིང་བོད་བཙན་པོའི་ཆབ་སྲིད་ལེགས་པར་བསྐྱངས་པ་དང༌ཞེས་གསུངས་པ་སོགས་ལས་བློན་ཆེན་མགར་དེ་ཉིད་བོད་ཀྱི་བཙན་པོ་རིམ་བྱོན་གསུམ་གྱི་སྐུ་རིང་ལ་ཆབ་སྲིད་ཀྱི་ཐུགས་འགན་རྐང་བཞེས་གནང་མཁན་ཞིག་ཡིན་པ་བསྟན་ཡོད།། 

  བློན་ཆེན་མགར་གྱི་སྲས་ཀྱི་མཛད་རྗེས་སྐོར། 

  ཡབ་བློན་ཆེན་མགར་སྟོང་བཙན་གྲོངས་པའི་རྗེས་སུ་བུ་ཆེ་བ་མགར་བཙན་གཉེན་ལྡོམ་བུ་བཙན་པོས་ཡབ་ཀྱི་གོ་སར་བསྐོས་ཏེ་བློན་ཆེན་གྱི་མཚན་གནས་བཟུང་ཞིང༌། གཅུང་མགར་ཁྲི་འབྲིང་བཙན་བྲོད་སོགས་གཞན་གསུམ་གྱིས་དམག་དཔོན་བྱས་ཏེ་ལོ་དེ་རང་ལ་རྒྱའི་ས་མཚམས་སུ་དམག་དྲངས།འཇང་རིགས་ཡུལ་ཚན་བཅུ་གཉིས་ཙམ་བཅོམ་པ་དང༌།ནུབ་ཕྱོགས་ཀྱི་གྲུ་གུ་མཚོ་ཆེན་བཅུ་གཉིས་བོད་ཀྱི་ཆབ་འོག་ཏུ་བཅུག ༡༠ ལྕགས་ཕག670ལོར་ཐང་ལ་དམག་དྲངས་ཤིང༌། ཤིན་ཅང་བོད་ཀྱི་ཆབ་འོག་ཏུ་བཅུགརྒྱའི་ཡུལ་མཚོ་བཅོ་བརྒྱད་དབང་དུ་བསྡུས་པ་ལ་སོགས་པའི་མཛད་རྗེས་ཁག་ལ་མགར་གྱི་བུ་རྒྱུད་རྣམས་ཀྱི་མཉམ་རུབ་ཀྱིས་ཞུགས་ཤིང༌། བུ་ཆེ་བ་བཙན་སྙ་ལྡོམ་བུ་ནི་མེ་སྤྲེལ685ལོར་མང་ཉེན་སྟག་ཚབ་ཟེར་བའི་བློན་པོ་ཞིག་དང་ཁ་མཆུ་བྱུང་སྟེ། ཤངས་ཀྱི་སུམ་ཆུའི་ཁར་མང་ཉེན་སྟག་ཚབ་ཀྱིས་བསད་པ་ཞིག་རེད་འདུག་ལ་དེ་ནི་མགར་རུས་རྒྱུད་ནང་ཁུལ་དུ་བྱུང་བའི་བློ་ཕམ་གྱི་གནས་ཚུལ་ཞིག་ཀྱང་ཡིན། དེའི་རྗེས་བཙན་པོས་མགར་ཁྲི་འབྲིང་བཙན་བྲོད་ལ་བློན་ཆེན་གྱི་གོ་གནས་བསྩལ་བས་ཁོང་གིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས། ༡༡ འདིས་མང་སྲོང་མང་བཙན་གྱི་སྐུ་དུས་སུ་རང་གི་གཅེན་པོ་མགར་བཙན་སྙ་ལྡོམ་བུ་ལ་གཞོགས་འདེགས་བྱས་ནས་དམག་དོན་དང༌། ཆབ་སྲིད། དཔལ་འབྱོར་སོགས་ཀྱི་ཐོག་ཐུགས་འགན་ཆེན་པོ་འཁུར་བ་མ་ཟད། རང་གི་གཅེན་པོ་འདས་རྗེས་བཙན་པོའི་བཀའ་བཞིན་བློན་ཆེན་གྱི་འགན་འཁུར་ནས་བཙན་པོར་ཆབ་སྲིད་བསྐྱངས་རོགས་ཞུས། སྤྱི་ལོ་695མེ་ཁྱི་ལོར་མགར་བཙན་ཉེན་གུང་རྟོན་བཙན་པོར་ངོ་ལོག་པ་དང༌། ལོ་དེའི་དགུན་དུས་སུ་ཁོང་ལ་བཀའ་ཁྲིམས་ཐག་གཅོད་གནང་ནས་ཉེན་ཀར་ལྕང་བུ་ཞེས་པའི་ས་གནས་སུ་སྲོག་ཐོག་ཏུ་བཏང་བ་དང༌། ལོ་དེར་མགར་ཁྲི་འབྲིང་བཙན་བྲོད་ནི་འ་ཞའི་ཡུལ་དུ་དམག་རྒྱག་ཏུ་བསྐྱོད་ཅིང་རྒྱ་དམག་ཕམ་པར་བྱས་ཏེ་ཤར་ཕྱོགས་སུ་རྒྱལ་ཁམས་རྒྱ་བསྐྱེད་གནང་བཞིན་ཡོད་འདུག བཙན་པོས་མགར་གུང་རྟོན་སྲོག་ཐོག་ཏུ་བཏང་བ་དེས་བཙན་པོ་དང་མགར་མི་རྒྱུད་བར་འགལ་བ་དང༌། འཐབ་རྩོད་ཛ་དྲག་ཆེ་ཆེར་འགྱུར་བའི་འགོ་བརྩམས། 

  མགར་ཁྲི་འབྲིང་བཙན་བྲོད་དམག་དཔུང་ཁྲིད་ནས་ཕྱི་ཕྱོགས་སུ་གནས་བཞིན་པའི་སྐབས་བཙན་པོས་རི་དྭགས་རྔོན་པར་ཕེབས་རྒྱུར་ཞལ་གཡར་ཏེ་ཕྱོགས་དེར་དཔུང་བསྐྱོད་ཀྱིས་གཡུལ་བསྲེས་ནས་ཁྲི་འབྲིང་གི་དམག་མི་ཉུང་བ་ཞིག་བསད་པས་བཙན་པོས་ཁྲི་འབྲིང་སོགས་འགུག་པར་བཏང་ཡང་བཀར་མ་བརྩིས་པར་མ་བྱོན་པས་བཙན་པོས་དམག་སྣ་འཁྲིད་དེ་བྱོན་པ་ཙམ་གྱིས་ཟིལ་ཤུགས་ཀྱིས་དམག་རྒྱག་མི་དགོས་པར་ཁྲི་འབྲིང་དཔུང་ཁ་འཐོར་དུ་སོང་བས་ཁྲི་འབྲིང་རང་སྲོག་དོར་བ་མ་ཟད་བློས་ཐུབ་ཀྱི་དམག་མི་སོགས་མི་བརྒྱ་ལྷག་ཀྱང་མཉམ་དུ་ལྕེབས་པས་སྤུན་བཙན་པོའམ་སྟག་ར་ཁོང་ལོད་ཟེར་བ་རང་གི་དམག་དཔུང་དང༌། གཅེན་པོའི་བུ་མང་རྗེ་སྟག་ཚབ་སོགས་འཁྲིད་ནས་ཐང་གི་རྒྱལ་ཁམས་སུ་བྲོས་ཏེ་སྐྱབས་བཅོལ་ཞུས་རྗེས་ཐང་གི་བསུ་བ་དང་བཅས་གོང་མའི་སྐུ་སྲུང་གཡོན་རུའི་དམག་སྤྱི་སོགས་ཀྱི་གོ་མིང་གནང་ཚུལ་ནི། ཐང་ཡིག་གསར་མ་དང་ཏུན་ཧོང་ཡིག་རྙིང་སོགས་སུ་གསལ་ཡོད། གོང་དུ་བཙན་པོས་ཐབས་བརྒྱ་ཇུས་སྟོང་གིས་མགར་ཁྲི་འབྲིང་བཙན་བྲོད་ཀྱི་དམག་དཔུང་ལ་ཁ་གཏད་ཐོག་ཁྲི་འབྲིང་ཕམ་ཉེས་སུ་གཏོང་དགོས་དོན་ནི། མགར་གྱི་རུས་རྒྱུད་ལས་བྱུང་བའི་བློན་པོ་རྣམས་ཀྱིས་ཕན་ཚུན་རྒྱབ་རྩ་གནོན་རེས་བྱས་ཏེ་བློན་པོ་གཞན་དག་ལ་གླགས་འཚོལ་བའི་གོ་སྐབས་མ་བྱིན་པ་དང༌། མགར་གྱི་མི་རྒྱུད་རྣམས་ཀྱིས་བློ་ཐབས་དང་འཇོན་ཐང་ལ་བརྟེན་ནས་བཙན་པོ་མང་སྲོང་མང་བཙན་དང༌། ཁྲི་འདུས་སྲོང་ཡབ་སྲས་ཀྱི་རིང་ལ་ཆབ་སྲིད་ཀྱི་དབང་ཆ་ཡོད་ཚད་བཟུང་ཡོད་པའི་སྐབས་བཙན་པོ་རང་ཉིད་བོད་འབངས་ཀྱི་བཙན་པོ་ཞིག་ཡིན་ཀྱང་མགར་རུས་རྒྱུད་ཚོའི་དབང་ཤུགས་བཙན་པས་སླད་མར་བཙན་པོ་རང་ཉིད་བོད་འབངས་སྤྱི་ལ་དབང་བསྒྱུར་བའི་སྲིད་དབང་ཞིག་འཛུགས་པར་དེ་རྣམས་གེགས་ཤིག་ཡིན་པར་གཟིགས་ཏེ་སྲོག་ཁྲིམས་གཅོད་པ་ལ་སོགས་པའི་ལས་ཐབས་རྣམས་བརྩམས་པ་ཞིག་རེད། 

  དེ་ནས་བཟུང་མགར་གྱི་རུས་རྒྱུད་རྣམས་ཀྱིས་བོད་ཀྱི་བཙན་པོའི་བློན་པོ་བྱ་རྒྱུ་མཇུག་སྒྲིལ་བ་ཞིག་རེད། འོན་ཀྱང༌། མགར་གྱི་རུས་རྒྱུད་རྒྱ་བོད་ས་མཚམས་སུ་གནས་ཡོད་མིན་ཆ་མི་འཚལ། རྒྱལ་ཐོག་གསུམ་གྱི་རིང་བློན་ཆེན་མགར་སྟོང་བཙན་དང༌། བུ་ཆེ་བ་མགར་བཙན་སྙ་ལྡོམ་བུ་སོགས་ཀྱིས་བློན་ཆེན་གྱི་འགན་དབང་བསྟུད་མར་ཤུལ་འཛིན་བྱས་ཏེ་བོད་ཀྱི་ཆབ་སྲིད་དང༌། དཔལ་འབྱོར། དམག་དོན་སོགས་གང་ཅིར་བྱས་འབྲས་གཟེངས་སུ་ཐོན་པ་བཞག་ཡོད་པ་རེད། ད་ལྟའི་ཆར་ང་ཚོས་འདས་ཟིན་པའི་བྱུང་རབས་ལས་འབྱུང་འགྱུར་ལ་སྨན་པའི་བསླབ་བྱ་ལེན་རྒྱུ་ནི་གལ་ཆེའི་ནང་གི་དོན་ཆེན་ཞིག་ཡིན་པ་ལས། ལོ་རྒྱུས་ཀྱི་ཆེད་དུ་ལོ་རྒྱུས་ཙམ་ཤོད་པ་དང་། མཛད་རྗེས་ཙམ་ལ་ཡིིད་སྨོན་ནས་འདུག་རྒྱུ་ནི་ད་ལྟའི་ལས་འགན་ངོ་མ་ཞིག་མིན་པར་སེམས་སོ། །

 

རྩོམ་སྒྲིག་པ། (པདྨ།)