དབུ་ཤོག >> སྐབས་དོན་གསར་འགྱུར། >> རྒྱལ་ཕྱི་ནང་གསར་འགྱུར།
ཀྲུང་གོ་དང་ལོ་སིའི་འབྲེལ་བའི་འཕེལ་རྒྱས་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་པ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-11-14 རྩོམ་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས། 2850

   ལོ་སིའི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་པེན་དབྱང·ཨོ་ལ་ཅིའི་གདན་ཞུས་ལྟར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་11ཚེས་13དང་ཚེས་14ལོ་སི་མི་དམངས་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད།ལོ་སིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝང་ཝུན་ཐེན་གྱིས་ཉེ་ཆར་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་གནང་སྐབས།རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད་ཅེས་བརྗོད།

   ད་ཐེངས་ཞི་ཅིན་ཕིང་གིས་འཚམས་འདྲི་གནང་བ་དེ་ནི་ཀྲུང་གོའི་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་མཐོ་ཤོས་ཀྱིས་དུས་ཡུན་ལོ་11སོང་རྗེས་སླར་ཡང་ལོ་སིར་འཚམས་འདྲི་གནང་བ་ཞིག་རེད།ཝང་ཝུན་ཐེན་གྱིས་ད་ཐེངས་ཀྱི་འཚམས་འདྲི་ལས་ཀྲུང་གོའི་ཏང་དང་རྒྱལ་ཁབ་ཀྱིས་ཀྲུང་གོ་དང་ལོ་སིའི་འབྲེལ་བ་འཕེལ་རྒྱས་དང་ཚད་མཐོའི་མཐོང་ཆེན་གནང་བ་མཚོན་པ་དང་།ཀྲུང་གོས་ལོ་སིའི་ཏང་དང་རྒྱལ་ཁབ་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་གནང་བའང་མཚོན་གྱི་ཡོད།ཀྲུང་གོ་དང་ལོ་སི་གཉིས་པོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱབ་ཁབ་ཡིན་པས་ཕུགས་བསམ་དང་དད་སེམས་གཅིག་མཚུངས་དང་འཕེལ་རྒྱས་ཀྱི་འགྲོ་ལམ་འདྲ་མཚུངས་ཡིན་ཞིང་།ཕྱོགས་གཉིས་པོས་ཐུན་མོང་ཐོག་དུས་སྐབས་གསར་པའི་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཀྱི་བརྗིད་ཆེའི་འཆར་གཞི་བཏིངས་ནས་ཕྱོགས་གཉིས་པོའི་འབྱུང་འགྱུར་གྱི་གཙོ་གནད་མཉམ་ལས་ཁ་ཕྱོགས་གཏན་འཁེལ་བྱས་པ་དང་ཚད་མཐོའི་ཕན་ཚུན་ཡིད་ཆེས་དང་།རོགས་རེས།གཉིས་ཕན་བཅས་ཀྱི་ཀྲུང་གོ་དང་ལོ་སིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྔར་བས་ཡག་ཏུ་དང་འཕེལ་རྒྱས་བཏང་ཐོག་ལག་གདང་སྦྲེལ་ནས་གཞོམ་ཞིག་མེད་པའི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུ་རེད་ཅེས་བརྗོད།

   ཝང་ཝུན་ཐེན་གྱིས་ཀྲུང་གོ་དང་ལོ་སི་རྒྱལ་ཁབ་གཉིས་པོ་ནི་རི་ཆུ་འབྲེལ་བའི་ཁྱིམ་མཚེས་ཡག་པོ་དང་།སེམས་པ་གཅིག་སྦྲེལ་གྱི་གྲོགས་པོ་ཡག་པོ།བློ་སེམས་གཅིག་མཐུན་གྱི་བློ་མཐུན་ཡག་པོ།ལག་གདང་སྦྲེལ་ནས་དཔུང་པ་མཉམ་གཤིབ་ངང་མདུན་དུ་སྐྱོད་པའི་རོགས་ཟླ་ཡག་པོ་བཅས་རེད།འདས་ཟིན་པའི་ལོ་5ཡི་རིང་ཀྲུང་གོ་དང་ལོ་སིའི་འབྲེལ་བའི་འཕེལ་རྒྱས་བདེ་བླག་བྱུང་བ་དང་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད་ཅེས་བརྗོད།    

   ཝང་ཝུན་ཐེན་གྱིས་ཀྲུང་གོའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ལོ་སིའི“སྐམ་ས་བསྡོམས་པའི་རྒྱལ་ཁབ”ནས“སྐམ་ས་འབྲེལ་བའི་རྒྱལ་ཁབ”དབར་གྱི་འཐབ་ཇུས་ཀྱི་མཐོ་ཚད་དང་ཡོངས་སུ་མཐུན་ཡོད།ཀྲུང་གོ་དང་ལོ་སིའི་ལྕགས་ལམ་ནི་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱེད་པའི་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་ཡིན་པ་དེ་ཀྲུང་གོ་དང་ལོ་སིའི་དཔལ་འབྱོར་ཚོང་དོན་མཉམ་ལས་སྦྲེལ་མཐུད་བྱེད་པའི་འཕར་རྩ་ཆེན་པོ་ཞིག་ཏུ་གྱུར་ནས་རྒྱལ་ཁབ་གཉིས་པོའི་མི་འགྲུལ་དང་དངོས་འགྲུལ་གྱི་ཆུ་ཚད་མཐོ་རུ་འགྲོ་བ་དང་ལྕགས་ལམ་ལམ་རྒྱུད་ཀྱི་ཐོན་ལས་གསར་སྤེལ་ལ་སྐུལ་ཁྲིད་ཐུབ་རྒྱུ་རེད་ཅེས་བརྗོད།

   ཀྲུང་གོ་དང་ལོ་སིའི་ཐོན་ནུས་མཉམ་ལས་སྐོར་ལ་ཝང་ཝུན་ཐེན་གྱིས་ཁྱབ་ཁོངས་དེར་ལེགས་ཆ་མང་པོ་ལྡན་པའི་ངོས་འཛིན་བྱེད།དང་ཐོག་ཀྲུང་གོ་དང་ལོ་སིའི་ཐོན་ནུས་མཉམ་ལས་ལོ་སིའི་བཟོ་ལས་དེང་རབས་ཅན་མངོན་འགྱུར་བྱེད་པའི་འཕེལ་རྒྱས་འཐབ་ཇུས་དང་ཡོངས་སུ་མཐུན་པ་དང་།གཉིས་ནས།ཀྲུང་གོ་དང་ལོ་སིའི་ཐོན་ནུས་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་པོའི་ཐོན་ལས་རིམ་བཞིན་སྦྲེལ་མཐུད་ལ་ཕན་ཐོགས་ཡོད་པ།གསུམ་ནས་ཀྲུང་གོ་དང་ལོ་སིའི་ཐོན་ནུས་མཉམ་ལས་ལ་གསབ་རེས་རང་བཞིན་ཧ་ཅང་ཆེན་པོ་ལྡན་ཡོད།ཀྲུང་གོ་དང་ལོ་སི་རྒྱལ་ཁབ་གཉིས་པོའི་ཆུ་གློག་ཁྱབ་ཁོངས་ཀྱི་མཉམ་ལས་ལ་མཚོན་ན་ལོ་སིར་ཕུན་སུམ་ཚོགས་པའི་ཆུ་གློག་ཐོན་ཁུངས་ལྡན་པ་དང་།ཀྲུང་གོའི་ཁེ་ལས་ལ་ཆུ་གློག་གསར་སྤེལ་ཁྱབ་ཁོངས་སུ་སྔོན་ཐོན་ལག་རྩལ་གྱི་ལེགས་ཆ་ལྡན་ཡོད་པས་མཉམ་ལས་བྱས་པ་བརྒྱུད་ཕྱོགས་གཉིས་པོའི་ལེགས་ཆ་གསབ་རེས་དང་གཉིས་ཁེ་གཉིས་ཕན་ཐུབ་ཀྱི་ཡོད།    

   གཞན་ཡང་ཡུལ་སྐོར་མཉམ་ལས་ཀྱང་ཀྲུང་གོ་དང་ལོ་སིའི་དངོས་སྒྲུབ་མཉམ་ལས་ཀྱི་ཕྱོགས་གལ་ཆེན་ཞིག་ཡིན་ཞིང་།ཀྲུང་གོ་དང་ལོ་སི་རི་ཆུ་སྦྲེལ་བ་དང་།ས་བབ་ཐད་ཀྱི་འབྲེལ་བ་འདྲ་མཚུངས་ཡིན་པ།སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་འབྲེལ་བ་ཟབ་པོ་ཡོད་པ་བཅས་ཡིན་པས་ཡུལ་སྐོར་མཉམ་ལས་འཕེལ་རྒྱས་གཏོང་བར་ཐུན་མོང་མ་ཡིན་པའི་ཆ་རྐྱེན་ལྡན་ཡོད།ཀྲུང་གོ་ཕྱོགས་ཀྱིས་སྔ་ཕྱི་བར་གསུམ་དུ་ལོ་སི་དང་ཡུལ་སྐོར་མཉམ་ལས་ལ་མཐོང་ཆེན་དང་།འབྱུང་འགྱུར་ལོ་སིར་གཞོགས་འདེགས་ཀྱིས་ཡུལ་སྐོར་འཕེལ་རྒྱས་འཆར་འགོད་བཟོ་བ།ཡུལ་སྐོར་ཆེད་ལས་ཤེས་ལྡན་པ་གསོ་སྐྱོང་།ཀྲུང་གོ་དང་ལོ་སིའི་ཡུལ་སྐོར་སྡེ་ཚན་སྤེལ་རེས་ལ་སྐུལ་འདེད་གཏོང་བ་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་རེད།

   ཝང་ཝུན་ཐེན་གྱིས“གལ་ཏེ་སྐད་ཆ་ཚིག་གསུམ་ལས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྙིང་བསྡུས་བྱས་ཚེ་དེ་ནི་ཆབ་སྲིད་ཐད་ཕན་ཚུན་ཚད་མཐོའི་ཡིད་ཆེས་དང་།དཔལ་འབྱོར་ཐད་ཕྱོགས་ཡོངས་ནས་མཉམ་ལས།སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཐད་མཉམ་འདྲེས་རྒྱ་ཁྱབ་བཅས་རེད”ཅེས་བརྗོད་པ་དང་འདས་ཟིན་པའི་ལོ་ལྔའི་རིང་ཀྲུང་གོ་དང་ལོ་སིའི་འབྲེལ་བའི་ཁྱད་ཆོས་ཆེ་ཤོས་ནི་ཏང་གཉིས་པོའི་འབྲེལ་བས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ཁྲིད་སྟོན་བྱས་པ་དེ་རེད།ཏང་གཉིས་པོའི་སྤྱི་ཁྱབ་ཧྲུའུ་ཅིས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་རྩེ་རིམ་ཇུས་འགོད་གནང་བ་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད་ཅེས་བརྗོད།

   ཝང་ཝུན་ཐེན་གྱིས་ཀྲུང་གུང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་པ་ལས་ཀྲུང་གོས་ལོ་སི་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་དང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་སྒུལ་ཤུགས་ཆེན་པོ་གསར་པ་བསྣན་ཡོད།ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ཐད་རྩེ་རིམ་ཇུས་འགོད་གནང་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱིས་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་།མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས་པ་བསྟན་གནང་ཡོད།ཀྲུང་གོས་མུ་མཐུད་ཕན་ཚུན་མཛའ་བརྩེ་དང་། ཟོལ་མེད། གཉིས་ཕན། བསྟུན་མཁས་བཅས་ཀྱི་འདུ་ཤེས་ལྟར་ཁྱིམ་མཚེས་རྒྱལ་ཁབ་དང་མཛའ་གྲོགས་ཟབ་པོ་དང་ཁྱིམ་མཚེས་རྒྱལ་ཁབ་རོགས་ཟླར་བྱེད་པའི་མཐའ་འཁོར་ཕྱི་འབྲེལ་གྱི་མཛད་ཕྱོགས་གཞིར་བཟུང་།མཐའ་འཁོར་རྒྱལ་ཁབ་དང་གཉིས་ཕན་མཛའ་གྲོགས་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུ་རེད་ཅེས་བརྗོད།

   ཝང་ཝུན་ཐེན་གྱིས་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་འགྱུར་ལྡོག་ཇི་འདྲ་སོང་རུང་།ཀྲུང་གོ་དང་ལོ་སིས་ལྟ་ཕྱོགས་དེ་བས་མཐོ་བ་དང་རིམ་པ་དེ་བས་ཟབ་པའི་སྒོ་ནས་ཀྲུང་གོ་དང་ལོ་སིའི་འབྲེལ་བའི་དམིགས་བསལ་འཐབ་ཇུས་ཀྱི་དོན་སྙིང་ལ་ལྟ་སྟངས་འཛིན་པ་དང་ཁོང་དུ་ཆུད་པ་བྱེད་དགོས་པ་དང་།སྤྱི་ཡོངས་དང་ཟུང་འབྲེལ་བྱས་ཏེ་ཕ་རོལ་པོར་བསམ་བློ་མང་ཙམ་བཏང་ནས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་གལ་ཆེན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱས་ནས་རང་སོ་སོའི་རྒྱལ་ཁབ་འཛུགས་སྐྲུན་དང་འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་གཏོང་བར་དུས་རབས་ཀྱི་བླང་བྱ་དང་འཚམ་པའི་འབད་བརྩོན་གསར་པ་དང་ལེགས་སྐྱེས་གསར་པ་འབུལ་དགོས་པ་ཐོག་མཐའ་བར་གསུམ་དུ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བརྗོད།


རྩོམ་སྒྲིག་པ། (སྒྲོལ་མ་གཡང་མཚོ།)