མཆོད་རྟེན་བྱ་རུང་ཁ་ཤོར་འདྲ་བ་བོད་ཀྱི་ས་ཆ་གང་དུ་ཡོད་དམ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-11-16 རྩོམ་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། ཀློག་གྲངས། 54

   ལྷོ་ཁ་གོང་དཀར་རྫོང་ཁོངས་སུ་གནས་པའི་ཕ་དམ་པ་སངས་རྒྱས་ཀྱི་དགོན་པ་ནི།རྡོར་བྲག་གྲུ་ཁ་ནས་ཤར་དུ་སྣུམ་ནག་འཁོར་ལམ་དེད་སྤྱི་ལེ་བཞི་ཙམ་ཕྱིན་ན་ལྕེ་བདེ་ཞོལ་ཟུར་ཁར་ཞེས་པར་མཇལ་རྒྱུ་ཡོད།“ལྕེ་བདེ”ཞེས་པ་ནི་ཡུལ་དེའི་མི་རྣམས་ཁ་ལྕེ་བདེ་བས་ལྕེ་བདེ་ཞེས་དང་།ཡང་ཤོད་སྲོལ་གཞན་ཞིག་ལ་སྔོན་འགྲུལ་པ་ཞིག་གནས་དེར་གནས་ཚང་གཡར་ནས་སྡོད་སྐབས་འགྲུལ་པ་དེའི་སེམས་ལ་གནས་མོས་ཅི་སྟེར་འོང་སྙམ་པ་དང་།གནས་མོའི་སེམས་ལ་འགྲུལ་པ་དེས་ཅི་སྟེར་འོང་བསམས་པ་ལས“ཅི་སྟེར”ཞེས་པའི་སྒྲ་ལས“ལྕེ་བདེ”ཞེས་པ་བྱུང་ཟེར།ཕ་དམ་པ་ནི་བོད་དུ་ཕ་རྒྱུད་ཐབས་ཀྱི་གཅོད་རྒྱུན་དར་བ་མཛད་མཁན་ཡིན།ཕ་དམ་པ་བོད་དུ་ཕེབས་ནས་རྒྱབ་རིའི་ལྡེབས་སུ་སྒྲུབ་པ་བསྐྱོན་ནས་བཞུགས།དེ་ནས་གནས་དེར་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་འདྲ་བ་ལ་འོག་ཏུ་བདེ་གཤེགས་མཆོད་རྟེན་བརྒྱད་ཀྱིས་བསྐོར་བ་ཞིག་བཞེངས་གནང་མཛད།དེ་རྗེས་གཏེར་སྟོན་གྲྭ་པ་མངོན་ཤེས་ཀྱིས་འདུ་ཁང་ཀ་བ་བཞི་བཅུ་ཡོད་པའི་དགོན་ཞིག་ཕྱག་བཏབ་གནང་མཛད།སྔོན་གསུང་རབ་གླིང་གི་ཁོངས་ཡིན་པས་སྐུ་གཉེར་གཉིས་རེ་བཏང་གནང་གི་ཡོད།

   ད་ལྟ་གསར་བཞེངས་འདུ་ཁང་ཆུང་ངུར་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ཐོག་སོ་ཅན་དང་།འཇམ་དབྱངས་དང་གུར་གྱི་མགོན་པོ་མི་ཚད་ལྷགཉམས་གསོ་ཞུས་པའི་ཕ་དམ་པ་སངས་རྒྱས་ཀྱི་མཆོད་རྟེན་ན་ཕ་དམ་པའི་དབུ་ཐོད་དུམ་བུ་ལྔ་ཆ་གཅིག་ཙམ་བཞུགས་པ་བཅས་སོགས་མཇལ་རྒྱུ་ཡོད།