དབུ་ཤོག >> བོད་ཀྱི་རིག་གནས། >> ལོ་རྒྱུས། >> བོད་ཀྱི་ལོ་རྒྱུས།
བོད་ཀྱིས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་བགྲོད་ལམ་རྒྱ་ཆེ་རུ་བཏང་བ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-11-16 རྩོམ་ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 190

ཉིན་ཤས་གོང་།ཀྲུང་གོ་དང་ནེ་པ་ལའི་དབར་གྱི་སྐྱིད་གྲོང་ནས་རི་སོག་འགག་སྒོས་དངོས་སུ་རྒྱལ་ཁབ་གསུམ་པར་སྒོ་མོ་ཕྱེ་ནས་རྒྱལ་སྤྱི་རང་བཞིན་གྱི་འགག་སྒོར་གྱུར་ཡོད།སླད་ཕྱིན་ནེ་པ་ལ་དང་ཀྲུང་གོའི་བོད་ལྗོངས་ཀྱིས་དཔལ་འབྱོར་ཚོང་དོན་དང་།སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས།ཡུལ་སྐོར་སོགས་ཀྱི་ཕྱོགས་ལ་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་མཉམ་དུ་འཕེལ་རྒྱས་ཡོང་བར་སྐུལ་མ་གཏོང་རྒྱུ་རེད།ཀྲུང་གོ་དང་ནེ་པ་ལ་རྒྱལ་ཁབ་གཉིས་ས་ཆུ་འབྲེལ་བ་མ་ཟད།ནེ་པ་ལ་དང་ཀྲུང་གོའི་དབར་ལོ་ངོ་སྟོང་ཕྲག་གི་མཛའ་མཐུན་འགྲོ་འོང་གི་ལོ་རྒྱུས་ཡོད་པ་དང་།ནེ་པ་ལ་ནི་བོད་ཀྱི་སྲོལ་རྒྱུན་གྱི་ཉོ་ཚོང་མཉམ་ལས་ཀྱི་རོགས་ཟླའང་ཡིན།རྒྱལ་ཁབ་གཉིས་པོའི་ཉོ་ཚོང་གོང་འཕེལ་ཕྱིན་པ་དང་བསྟུན་ཏེ་ནེ་པ་ལ་དང་ཀྲུང་གོའི་བོད་ལྗོངས་ཀྱི་དཔལ་འབྱོར་ཉོ་ཚོང་བྱེད་ཚད་ཀྱང་ཉིན་བཞིན་ཇེ་མང་དུ་སོང་ཁར།ས་ཆའི་ལེགས་ཆར་བརྟེན་ནས་བོད་ལྗོངས་ཉིད་རང་རྒྱལ་ཨེ་ཤེ་ཡ་ལྷོ་མའི་ས་ཆར་ཕྱོགས་པའི་སྐམ་ལམ་གྱི་བགྲོད་ལམ་གཙོ་བོའི་གྲས་སུ་གྱུར་ཡོད་པ་རེད།

   2015ལོའི་ཟླ་5པར།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྐྱིད་གྲོང་གཞུང་ལམ་གྱི་འགག་སྒོ་དེ་རྒྱལ་སྤྱི་རང་བཞིན་གྱི་འགག་སྒོར་རྒྱ་སྐྱེད་བཏང་ནས་སྒོ་མོ་དབྱེ་རྒྱུར་ཆོག་མཆན་བཀོད་དེ་མོས་མཐུན་གནང་ཡོད།འོན་ཀྱང་ནེ་པ་ལའི་ས་ཡོམ་གྱི་རྐྱེན་གྱིས་འགག་སྒོར་གཏོར་སྐྱོན་ཚབས་ཆེན་ཕོག་པ་དང་ཀྲུང་ནེའི་ཉོ་ཚོང་ཡང་སྐབས་ཤིག་རིང་མཚམས་ཆད་ཅིང་།2015ལོའི་ཟླ་10པར།ཀྲུང་ནེའི་སྐམ་ལམ་ཚོང་དོན་དང་མི་སྣ་འགྲོ་འོང་སླར་གསོ་ཐུབ་ཡོད།ད་ལོའི་ཟླ་5པར།ཀྲུང་གོ་དང་ནེ་པ་ལ་རྒྱལ་ཁབ་གཉིས་ཀྱིས《“རྒྱུད་གཅིག་ལམ་གཅིག”གྲོས་འགོའི་འོག་མཉམ་ལས་བྱ་རྒྱུའི་སྐོར་གྱི་བསམ་ཤེས་བརྗེད་ཐོ》ལ་མིང་རྟགས་བཀོད་པ་དང་།བོད་ཀྱི་ཁེ་ལས་ཀྱིས་ནེ་པ་ལ་ཕྱོགས་དང་ཀྲུང་ནེའི་མཛའ་མཐུན་བཟོ་ལས་གླིང་དང་ནེ་པ་ལ·ཀྲུང་གོའི་བོད་ལྗོངས་རིག་གནས་ཡུལ་སྐོར་ཐོན་ལས་གླིང་སོགས་རྣམ་གྲངས་ཀྱི་གྲོས་མཐུན་ཡང་བཞག་པ་རེད།

   མིག་སྔར།སྐྱིད་གྲོང་འགག་སྒོའི་རྨང་གཞིའི་སྒྲིག་བཀོད་དང་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་བསྐྱར་སྐྲུན་སྤྱིར་ན་ལེགས་གྲུབ་ཟིན་པ་དང་།འགག་སྒོའི་གཞུང་ལམ་སླར་གསོ་བསྐྱར་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ།འགག་སྒོའི་གློག་ཁང་ནས་གློག་གཏོང་རྒྱུ་སླར་གསོ་བྱས་པ།མཉམ་བཤེར་སྒྲིག་བཀོད་སླར་ཡང་སྤྱོད་འགོ་ཚུགས་པ།ཀྲུང་ནེའི་མཚམས་ཀྱི་ཟམ་པ་སླར་གསོ་བསྐྱར་སྐྲུན་དེ་འཆར་གཞིའི་ནང་བཀོད་པ།ཀྲུང་གོ་སྲིད་གཞུང་གི་རེས་སྐོར་གསར་པའི་ནེ་པ་ལར་རོགས་སྐྲུན་བྱེད་པའི་ཧྲ་ལ་གཞུང་ལམ་རྣམ་གྲངས་བཙུགས་པ་མ་ཟད།འགག་སྒོའི་ཚོང་དོན་དང་།དངུལ་རྩ།ཟོག་འགྲེམས་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་ཀྱང་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་ཡོད།

   བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་དྲུང་ཆེ་གཞོན་པ་ཚེ་བརྟན་རྣམ་རྒྱལ་གྱིས་ངོ་སྤྲོད་བྱས་པ་ལྟར་ན།འགག་སྒོ་རྒྱ་སྐྱེད་བཏང་ནས་སྒོ་མོ་ཕྱེ་རྗེས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་ཕན་པ་དང་།བོད་ཀྱིས“རྒྱལ་སྤྱི་དང་རྒྱལ་ནང་གི་ཁྲོམ་ར་གཉིས་དང་ཐོན་ཁུངས་གཉིས”གང་ལེགས་སྤྱད་ནས་རང་ངོས་ཀྱི་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུར་ཕན་པ།ཀྲུང་གོ་དང་ནེ་པ་ལའི་ཉོ་ཚོང་རྒྱུན་སྲིང་དང་བརྟན་པོའི་ངང་འཕར་རྒྱུར་ཕན་པ་བཅས་ཡིན་པ་རེད།

   དུས་ཡུན་རིང་པོར་ནེ་པ་ལ་ནི་བོད་ཀྱི་མཐའ་མཚམས་ཉོ་ཚོང་གི་མཉམ་ལས་རོགས་ཟླ་གཙོ་བོ་ཡིན།ནེ་པ་ལའི་ཉོ་ཚོང་ཐད་བོད་ཀྱིས་ལྗོངས་ཡོངས་ཀྱི་ཕྱིར་གཏོང་དང་ནང་འདྲེན་ཉོ་ཚོང་གི་སྤྱི་འབོར་གྱི་90%ཡན་ཟིན་ནས“རྒྱུད་གཅིག་ལམ་གཅིག”ཐད་ཀྱི་བོད་ཀྱི་ཉོ་ཚོང་རོགས་ཟླ་ཆེ་ཤོས་སུ་གྱུར་ཡོད།ལྷ་སའི་འགག་སྒོའི་བསྡོམས་རྩིས་ལྟར་ན།ད་ལོའི་ཟླ་དང་པོ་ནས་ཟླ་བདུན་པའི་རིང“རྒྱུད་གཅིག་ལམ་གཅིག”གི་འབྲེལ་ཡོད་རྒྱལ་ཁབ་ལ་བོད་ཀྱིས་ཕྱིར་གཏོང་དང་ནང་འདྲེན་བྱས་པའི་རིན་ཐང་བསྡོམས་འབོར་8.1%འཕར་ཡོད་པ་རེད།