དབུ་ཤོག >> བོད་ཀྱི་རིག་གནས། >> རྩོམ་རིག >> དེང་རབས་རྩོམ་རིག
ས་མཐའ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-11-17 རྩོམ་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 66

ཚེ་དབང་རྫོང་མཁར་ག་གེ་མོར་འགྲོ་བའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ཏུ་བསྡད་དེ་ལམ་ལ་ཆས་དུས་ནི་ནམ་མ་གསལ་གོང་གི་ཆུ་ཚོད་ལྔ་ཙམ་གྱི་སྟེང་ཡིན།ཁོ་ནམ་སྨད་ཅིག་ནས་ལམ་ཆེན་གྱི་ཆུ་ཐག་ལ་ཉེ་བའི་ཟམ་པ་དེའི་འོག་ཏུ་ཡིབ་ནས་བསྡད།ལུས་པོ་ནི་བྱ་སྒྲོ་རླུང་ཁྱེར་བཞིན་དུ་འདར་ལྷབ་ལྷབ་བྱེད།སེམས་པ་ནི་དེ་བས་ཀྱང་རང་ལུས་རང་ལ་མི་དབང་བ་ལྟར་འགྱོད་གདུང་དང་།འཇིགས་སྣང་།དངངས་ཚབ་སོགས་གཅིག་ཏུ་འདྲེས་པའི་ཕོ་ལོ་ཉེར་བཞིར་ཐོན་རག་བར་ལུས་ཐོག་འདིར་འཕྲད་མ་མྱོང་བའི་ཚོར་འདུ་སྣ་ཚོགས་ཀྱིས་གཙེས་ཏེ་སྡོད་མི་ཚུགས་པར་གྱུར།བླ་མ་དཀོན་མཆོག་མཁྱེན།བླ་མ་དཀོན་མཆོག་མཁྱེནརང་དབང་མེད་པར་ཁ་ནས་གསོལ་འདེབས་དེ་ལྟ་བུ་ཞིག་ཡང་ཡང་ཐལ།གློ་བུར་དུ་རང་གིས་སྐད་མགོ་འགྱོག་མི་ཉན།ད་ནི་ང་རང་མི་གསོད་ཀྱི་ལག་དམར་ཞིག་ཏུ་གྱུར་ཡོད་པས།ཉེ་འགྲམ་ནས་སུ་ཞིག་གིས་རང་ཉིད་འཚོལ་གྱིན་ཡོད་ངེས།ཞེ་སྡང་གི་མིག་རྩ་དམར་པོར་གྱུར་ནས།མཚོན་རྣོན་གྱི་ཡུ་བར་ལག་པས་འཆང་ནས།ཚེ་དབང་ཁྱི་རྒན།ངས་ཁྱོད་གསོན་ཡན་པོར་བཏང་ན་མི་མིན།ངས་ཁྱོད་ད་ལྟ་ཉིད་དུ་གསོན་པོར་མིག་མ་མ་བཀྲུས་ན་ངས་སྐ་རགས་དཀྲིས་གསུམ་ཁྱི་ལ་བཅིངས་པ་ཡིན།ཨ་ཁྱི་རྒན་ཁྱོད་གང་ན་ཡོད།བུ་དཔའ་བོ་ཡིན་ན་ད་ལྟ་སྔུན་ལ་བུདཅེས་སོགས་ཟེར་བཞིན་རང་ཉིད་འཚོལ་གྱིན་ཡོད་པའི་སྣང་བ་བྱུང་ནས་མྱུར་བར་སྐད་མགོ་ཇེ་དམར་བཏང་ནས་ཕྱོགས་བཞིར་ཉན།ཡིན་ནའང་མདུན་དུ་འབབ་པའི་ཆུ་ཕྲན་དེའི་ཀྱུར་ཀྱུར་གྱི་སྒྲ་གཉོམ་པོ་དེ་ལས་གཞན་གྱི་གྲགས་འགུལ་ཞིག་ཕལ་ཆེར་མེད་པ་འདྲ།དོ་ནུབ་ཚེས་ཉེར་དགུའི་སྨག་ནག་ཡིན་པའི་ཁར་གནམ་ངོ་ཡོངས་སུ་སྤྲིན་པ་སྟུག་པོས་བཟུང་ནས་རང་གི་སྣའང་མཐོང་མི་ཐུབ་པའི་སྨག་ཆེན་ཞིག་འཁྲིགས་འདུགད་ནི་འཇིག་རྟེན་འདིར་མཐོང་བྱ་གང་ཡང་མེད་པས་ཡོད་ཚད་རྣ་བས་ཐག་གཅོད་དགོས་པའི་དུས་ཡིན་པ་འདྲ།མཚམས་ཤིག་ཏུ་རྒྱང་རིང་ནས་ལྡིར་སྒྲ་གོ་ལ་མི་གོ་བ་ཞིག་དང་བཅས་རླངས་འཁོར་གྱི་གློག་འོད་ཅིག་ཕ་རིའི་ཀྱི་རི་ངོས་སུ་བརྒྱབ་འོང་།གློག་འོད་གང་དུ་བརྒྱབ་པའི་སར་རང་ཉིད་འཚོལ་བའི་མི་ཨེ་འདུག་བལྟས།མཐར་གློག་འོད་ཇེ་གསལ་ནས་ཇེ་གསལ་དུ་གྱུར་ཏེ་ཟམ་པའི་གཡས་གཡོན་གྱི་ཐང་ཉིན་མོ་བཞིན་གསལ་བོར་མཐོང་།མི་ཞིག་གི་གྲིབ་མ་ཙམ་ཡང་མཐོང་དུ་མེད་པས་སེམས་པ་ཅུང་ལྷོད་ལ་བབས།རླངས་འཁོར་དེས་ལྡིར་སྒྲ་ཆོབ་སྒྲ་དང་བཅས་རང་གི་མགོ་ཐོག་གི་ཟམ་པ་བརྒྱུད་དེ་ཡལ་སོང་།རྡུལ་དྲི་དང་སྣུམ་དྲི་ལྷན་དུ་འདྲེས་པ་ཞིག་སྣ་བར་བསྐྱིལ་ནས་ཡལ་སོང་།ད་ནི་མྱུར་བར་ནམ་ལངས་ནས་འགྲུལ་སྐྱེལ་རླངས་འཁོར་ཐོན་ན་སྙམ།ཡང་ནམ་ལངས་ན་རང་ཉིད་མི་གསོད་ཡུལ་ཚང་གི་ལག་ཏུ་ཤོར་ཨེ་འགྲོ་སྙམ་ནས་སྐྲགའདི་ནི་རང་ཉིད་ལ་ཅ་ལག་ཅིག་ཐོབ་ན་སྙམ་པ་དང་ཡང་མ་ཐོབ་ན་སྙམ་པ་ལྟ་བུའི་འགལ་འདུ་སྔ་ན་མེད་པའི་ཞིག་རེད།  

ཚེ་དབང་གིས་སྒུག་སྒུག་མཐར་སྐྱ་རེངས་ཀྱི་སྐྱ་མདའ་བཀྱགས་འོང་ལ།བྱེའུ་འཇོལ་མོའི་ཚོགས་ཀྱིས་ཕྱོགས་བཞི་མཚམས་བརྒྱད་ནས་མགྲིན་དབྱངས་སྣ་ཚོགས་བསྒྲགས་འོང་།ཚེ་དབང་གིས་ད་གཟོད་རང་གི་ཕ་ཡུལ་ནི་བྱེའུ་ཅོ་ཀའི་འཇིག་རྟེན་ཞིག་ཡིན་པ་གསལ་བོར་རྟོགས་པ་དང་མཉམ་དུ་བྱེའུ་དེ་ཚོར་ཡིད་སྨོན་ཞིག་ཤོར།ཁོ་ཚོ་ནི་རང་ས་རང་ཡུལ་ནས་སྡོད་ཆོག་ལ།འདི་ལྟར་སྐད་མགོ་མཐོན་པོས་ཅི་ཡང་སྨྲ་ཆོག་གང་ཡང་གྱེར་ཆོག་པས་སྐྱིད་པ་ལ་སྙམ་པ་དང་།ཁོ་ཚོ་ལ་དུང་བ་ཞིག་ཀྱང་ག་ཤེད་ཅིག་ནས་སྐྱེས་འོང་།  

ཉིན་མོ་ཐམས་ཅད་མིག་ཡིནཟེར་བའི་དཔེ་ཡོད་པས་ཚེ་དབང་ད་དུང་ཟམ་འོག་ཏུ་ཡིབ་རྒྱུ་ལས་ལམ་སྟེང་དུ་བུད་ག་ལ་ཕོད།དེ་བས་ཁོས་རླངས་འཁོར་འོང་མིན་ནི་སྒྲ་ཁོ་ན་ལ་ཉན་ནས་མི་སྒུག་ཀ་མེད་བྱུང་།ལྡིར་སྒྲ་ཞིག་ཐོས་འོང་།ཁོས་ཕྱོགས་བཞིར་རྐུན་མ་བཞིན་དུ་མིག་བཤེར་བྱེད་ཞོར་ལམ་སྟེང་དུ་མགོ་བོ་ཕུད་ཙམ་གྱིས་བལྟས་པ་ན་རྒྱང་རིང་ན་རྡུལ་དཀར་པོ་འཕྱུར་གྱིན་རྒྱུག་འོང་བ་ནི་འགྲུལ་འཁོར་མ་རེད།ཁོ་མྱུར་བར་ཕྱིར་ཟམ་འོག་ཏུ་འཛུལ་ནས་ལྡིར་སྒྲ་རྗེས་མ་ཞིག་མྱུར་བར་གྲགས་པར་རེ་སྒུག་བྱས།  

ཚེ་དབང་གི་སེམས་ལ་དེ་རིངམི་ལས་ངན་ལ་གནམ་གཤིས་ངནཞེས་པའི་དཔེ་ལྟར་ནམ་རྒྱུན་ཉིན་རེ་བཞིན་ཐེངས་རེར་ཆད་མེད་ལྟ་བུར་ཡོད་པའི་མགྲོན་འཁོར་དེ།དེ་རིང་མི་འདུག་ཨང་སྙམ་པའི་སྒུག་ཐག་ཅིག་རིང་།སྒུག་ཐག་རིང་རིང་བའི་མཐར་ལྡིར་སྒྲ་ཆོབ་སྒྲས་ཞོགས་པའི་ལྷིང་འཇགས་དཀྲོག་གིན་སླེབས་སོང་།ཁོས་སློག་པའི་ཕུ་ཐུང་གིས་རབ་རབ་ཀྱིས་གཡུག་གཡུག་མང་ཙམ་བྱས་ཏེ།ཡིན་གཅིག་མིན་གཉིས་འདུག་དགོས་ཞེས་པའི་བརྡ་བསྟན།འགྲུལ་འཁོར་ཙིར་སྒྲ་དང་བཅས་ཚེ་དབང་གི་སྔུན་ནས་བསྡད་བྱུང་།དེ་ནི་ཁོ་ལ་མཚོན་ན་སྒོར་ཁྲི་མང་པོ་ཞིག་བྱིན་པ་ལས་ཀྱང་དགའ་བ་སྐྱེད་བྱེད་ལོས་ཡིན།ཡང་ན་སྲོག་སྐྱོབ་ཀྱི་དྲིན་ཆེན་ཞིག་དང་ཡང་ཁྱད་པར་ཅི།འགྲུལ་འཁོར་གྱི་སྒོ་ཁྲོག་སྒྲ་དང་བཅས་ཕྱེས།ནང་དུ་འཛུལ་བ་ན་ཚང་མས་མི་ཞིག་མཐོང་མ་མྱོང་བ་ལྟར་གདོང་ཐམས་ཅད་ཁོ་ལ་ཕྱོགས་ནས་བལྟས་འདུགཁོའི་གདོང་ཡོངས་ཚ་ལམ་ལམ་བྱས།ཡིན་ནའང་ཧ་ཅང་ཆ་རྒྱུས་ཡོད་པའི་མི་ཞིག་མིན་ཚེ་ཁོ་རང་ཤེས་མི་སྲིད་དེ།ཁོས་སྐེ་དཀྲིས་རིང་པོས་གདོང་དང་མགོ་བོ་བཏུམ་ནས་མིག་ཙམ་ལས་ཕྱི་ལ་ཕུད་མེད།བྱེད་སྟངས་འདི་ལ་སུས་ཀྱང་དོ་སྣང་ཆེར་བྱེད་མི་སྲིད་དེ།འབྲོག་པ་ཚོས་རྫི་བོར་འགྲོ་བ་དང་འཕྲུལ་རྟ་ཞོན་པ་སོགས་ཀྱི་སྐབས་ཁ་ངོ་འདི་ལྟར་བཏུམ་སྲོལ་ཡོད་པ་རྒྱུན་ལྡན་ཡིན།  

འགྲུལ་འཁོར་གྱི་ནང་དུ་སྡོད་པར་སུས་ཀྱང་མདུན་གྲས་ཨེ་ལོན་བལྟས་ཏེ་འཕྲོག་རྩོད་ལྟ་བུ་བྱེད་སྲོལ་ཡོད་པས།དེ་རིང་ཡང་མདུན་གྲས་སུ་སྐུབ་སྟེགས་སྟོང་བ་གཅིག་ཀྱང་མེད།ཚེ་དབང་སྐུབ་སྟེགས་གཞུག་མ་སྟོང་བ་ཁ་ཤས་ཡོད་པའི་ནང་གི་ཆེས་གཞུག་མར་བསྡད།དེ་ནི་ཁོ་ལ་མཚོན་ན་དེ་རིང་ཆེས་འདུག་འདོད་ས་དེ་ལོས་ཡིན།མི་ཞིག་གིས་ཆེད་དུ་སྐེ་དཀྱོག་ནས་ཕྱིར་བལྟས་མ་བྱས་ན་མི་མཐོང་བས།ཧ་ཅང་འཕྲོད་པོ་བྱུང་།མི་མང་པོས་ཉོག་ཉོག་ངང་ཁ་བརྡ་བྱས།ཚེ་དབང་གིས་རང་གི་ངོ་ཤེས་ཤིག་མེད་པའི་སྨོན་ལམ་འདེབས་ཀྱིན་མི་མང་གི་ཁ་བརྡ་ལ་མཉམ་བཞགལས་ལམ་དུ་ཅུང་འགྲོ་བ་ཞིག་ལ་དེ་རིང་གི་འགྲུལ་འཁོར་ནང་དུ་ངོ་ཤེས་ཤིག་ཕལ་ཆེར་མེད་པ་འདྲ།དེ་བས་ཁོས་རང་ཉིདལས་ངན་ནང་གི་ལས་ཅནརེད་སྙམ།མགྲོན་འཁོར་གྱི་ནང་ནི་སྦྲ་ནང་ལྟ་བུའི་གྲུ་བཞི་མིན་ཞིང་།སྤང་ཐང་དུ་མི་མང་འདུས་ནས་ཚོགས་འདུ་སོགས་འཚོགས་དུས་ལྟར་གོར་གོར་ཡང་མིན་པར།འབྲོག་པའི་ནོར་གདང་གསུམ་བཞི་ཞིག་གཤིབ་པ་ལྟ་བུའི་ཤར་ཤར་གྲལ་ཤར་བསྒྲིགས་པ་ཞིག་ཡིན་པས།སྟོད་ཕྱོགས་ཀྱི་མི་ཚོས་ཁ་བརྡ་བྱེད་པ་ནི་ཁ་འགུལ་བ་མཐོང་བ་ཙམ་ལས་ཚིག་འབྲུ་ག་ལ་ཐོས་ཏེ་སྒྲའང་མི་གོབར་མ་སྐེད་དུ་སྡོད་པའི་མི་དག་གིས་ཁ་བརྡ་བྱེད་པའི་སྒྲ་ཙམ་ཐོས་མོད་ཚིག་འབྲུ་མི་གོགཞུག་མ་དག་སྟེ་ཁོའི་སྔུན་གྱི་མི་ཚོས་ཁ་བརྡ་བྱེད་པ་ནི་ཅུང་སླ་བོས་གོཁོ་ཚོའི་ཁ་བརྡ་ནི་རང་ཉིད་དང་འབྲེལ་མེད་ཅིག་ཡིན་པ་ཐོས་རྗེས་སེམས་དེ་བས་ཀྱང་བདེ་ལ་བབས་པས།སྒེའུ་ཁུང་ལས་ཕྱི་རོལ་ལ་མིག་མདའ་འཕངས།མིག་ལམ་དུ་མངོན་པའི་ཕ་ས་ཕ་ཡུལ་འདི་ཉིད་གཅིག་བྱས་ན་མཐོང་ཐེངས་ཆེས་རྗེས་མ་ཡིན་ཤས་ཆེ།དེ་བས།སྐད་ཅིག་སྐད་ཅིག་གིས་རྗེས་སུ་བསྐྱུར་བཞིན་པའི་རི་བོ་དང་།སྤང་ཐང་།ཆུ་བོ་སོགས་ལ་དུང་བ་སྔ་ན་མེད་པ་ཞིག་སྐྱེས།དེ་བཞིན་དུ་སྐྱེས་ནས་ད་ལྟའི་བར་ནམ་ཡང་ཟླ་གཅིག་ཙམ་ལའང་འབྲལ་མ་མྱོང་བའི་ཕ་མ་གཉིས་དང་།ད་ལྟའི་བཟའ་ཟླ་དང་སྙིང་ལ་རྗེ་བའི་བུ་མོ་ཆུང་ཆུང་།ད་དུང་བཟའ་ཟླའི་མངལ་ན་ཡོད་པའི་བྱིས་པ།ཕུ་ནུ་མིང་སྲིང་བཅས་ཀླད་པའི་ནང་དུ་གློག་བརྙན་བཞིན་ཤར་འོང་ཞིང་།ད་དུང་རྟ་ནོར་ལུག་གསུམ།སྒོ་ཁྱི་དང་བཅས་པར་འབྲལ་མི་བཏུབས་པའི་ཚོར་བ་རྐྱེན་པོ་ཞིག་གིས་ལུས་སེམས་ཡོངས་སུ་བཟུང་སོང་།

ལྡིར་སྒྲ་དང་ཆོབ་སྒྲའི་སྒྲ་རྣ་ལ་གཟན་པོ་དེའི་ཁྲོད་ནས་ཕ་ཡུལ་གྱི་རི་ཐང་ཡོད་ཚད་རྒྱང་རིང་ནས་རྒྱང་རིང་དུ་བསྐྱུར།དེ་རིང་བར་རླངས་འཁོར་ཞེས་པ་འདི་འདི་འདྲའི་མགྱོགས་པོ་ཞིག་ཡིན་པའི་ཚོར་བ་བྱུང་མ་མྱོང་།ཚེ་དབང་གི་སེམས་ཁོངས་སུ་ཆུ་འཁྱག་ཟོ་བ་གང་ཕྱོས་པ་དང་འདྲ་བའི་ཚོར་བ་སྐྱོ་བོ་སྨྲ་མི་ཤེས་པ་ཞིག་གིས་བཟུང་ཞིང་།ཆུ་འཁྱག་དེ་ཉིད་མིག་ཟུང་ལས་ཕྱིར་བརྡོལ་གྲབས་འདུག་པས།ཁོས་བཟོས་ཚར་གྱིས་མགོ་བོ་བཏུམས་ནས་མདུན་ཕྱོགས་ཀྱི་མི་དག་ལ་མཐོང་དུ་མ་བཅུག

ཁོད་མི་སྙོམས་པའི་རྡོ་ལམ་རིང་མོའི་སྟེང་ནས།ཉིན་གང་བོར་རྒྱུན་ཆད་དུ་མེད་པའི་སྒེའུ་ཁུང་གི་ཤེར་འདར་བའི་ཅག་ཅག་གི་སྒྲ།མཚམས་དང་མཚམས་རེར་རྣ་བར་ཟུག་པའི་དུང་བརྡ་རེ་སྒྲོག་བཞིན།རི་ལུང་ཐང་གསུམ་བགྲང་གིས་མི་ལངས་པ་མང་པོ་བརྒྱུད་དེ་མདུན་ནས་མདུན་དུ་བསྐྱོད།ཕྱི་དྲོ་ཙམ་ནས་ནང་གི་མི་ཚོའང་ངལ་དུབ་ཀྱིས་མནར་བ་ཡིན་ནམ།སོ་སོས་སྐེ་མ་ཐེག་པ་ལྟར་གཡས་ཁེན་གཡོན་ཁེན་བྱས་ནས་གཉིད་པ་ནི་གཉིད།མདུན་རྒྱབ་ཏུ་ཁེན་པ་ནི་ཁེན།གང་ལྟར་ཡོད་ཚད་ལ་སྨྲ་བ་མེད་པར་གྱུར་ཡོད།མི་རླངས་འཁོར་གང་བོའི་ནང་དུ་ལུས་ཁོམ་ཡང་སེམས་མ་ཁོམ་པར་གྱུར་བ་ནི་ཚེ་དབང་གཅིག་པུ་ཡིན་ཚོད་རེད།    

ཉི་མ་ནུབ་རིར་བཞུད་མཚམས་སུ་ད་གཟོད་རྫོང་ག་གེ་མོར་ཐོན།འབབ་ཚུགས་སུ་སླེབས་ཚེ་ད་གཟོད་མི་ཚོ་བཟི་ཁྱོམ་བྱེད་པ་ལྟར་རྐང་བསྲིང་ལག་བསྲིང་གིས་སྐྱེད་རེ་ཕུད་ཀྱིན་སོ་སོས་ཅ་ལག་བཟུང་ནས་རིམ་པ་ལྟར་མར་བབས།རླངས་འཁོར་ལས་བབས་རྗེས་ཚང་མར་ཕྱིའི་མཁའ་དབུགས་བརྒྱབ་པས་གཟོད་རྣམ་རིག་ཅིག་རྒྱས་པ་ལྟར་རང་རང་གི་དམིགས་ས་རུ་འགྲོ་བཞིན་འདུག་ལ།དམིགས་ས་གཏད་ས་གང་ཡང་མེད་པ་ནི་ཚེ་དབང་གཅིག་པུ་ལོས་ཡིན།ཚེ་དབང་ལ་ཅ་ལག་རྒྱབ་ཁུག་ཙམ་ཡང་མེད།ཁོ་རླངས་འཁོར་འབབ་ཚུགས་ཀྱི་རྒྱ་སྒོ་ནས་བུད་དེ་ཕར་ལྟ་ཚུར་ལྟ་བྱས་ནས་གཡས་གཡོན་གང་ལ་དཀྱོག་པར་བསམ་བློ་ཙམ་བཏང་།ད་ནི་ཁོའི་ཕོ་བ་ཧ་ཅང་ལྟོགས་ཀྱིན་འདུགཉིན་གུང་འགྲུལ་འཁོར་གང་བོས་ས་ཚུགས་ཤིག་ནས་ཟ་མ་ཟ་སྐབས།ཁོ་ངོ་ཤེས་རེར་འཕྲད་པར་དོགས་ནས་རླངས་འཁོར་ལས་འབབ་མ་ཕོད་པར་མགོ་བོ་བཏུམས་ནས་གཉིད་ཁུལ་བྱས་པ་མིན་ནམ།ད་ནི་ཐོག་མར་ཟ་ཁང་ཞིག་འཚོལ་རྒྱུ་དང་དེ་ནས་འགྲོན་ཁང་འཚོལ་རྒྱུ་ལས་ཅི།    

ཚེ་དབང་གིས་རྒྱ་ཡིག་ཕར་ཞོགས་བོད་ཡིག་ཀ་གཡག་འདྲ་བ་ཞིག་ཀྱང་མི་ཤེས་པས་ཟ་ཁང་དང་འགྲོན་ཁང་ནི་ནོར་ལ་བལྟ་བལྟ་བྱས་ནས་འཚོལ་དགོས།ཁོ་ལ་ཟ་ཁང་དང་འགྲོན་ཁང་ཞིག་རིག་ཚད་ཀྱིས་ཀྱང་མི་ཆོག་སྟེ།རྒྱས་སྤྲོས་ཅན་དང་གོང་ཆེན་ཅན་ནི་ཁོས་ག་ལ་ལྕོགས།མཐར་ཁོས་རྒྱ་མ་བོད་ཀྱི་ཟ་ཁང་ཆུང་ཆུང་ཞིག་ལས་ཕྱེ་ཐུག་དཀར་ཡོལ་ཆེན་པོ་གཅིག་འཐུང་།ཐུག་པ་དེའི་ཞིམ་ཞིག་ཁོས་མི་ཚེ་གང་བོར་འཐུང་བ་མི་དྲན་ལ།སྐར་མ་གཅིག་གཉིས་ཤིག་གིས་དཀར་ཡོལ་ཆེན་པོ་དེ་སྟོང་བར་ཕུད་པས་ལུས་ནས་ཚ་དྲོད་འབར།མདུན་ཕྱོགས་ན་བཟའ་བཏུང་བྱེད་ཀྱིན་པའི་མི་གསུམ་བཞི་བོས་སྐད་ཆ་ཤུབ་བུར་སྨྲ་བཞིན་པར་བལྟས་ན་རང་ཉིད་ཀྱིས་ཐུག་པ་འཐུང་སྟངས་ལ་འཕྱ་སྨོད་བྱེད་ཀྱིན་པ་ད་གཟོད་ཤེས་པས་ལྷག་ཏུ་ངོ་ཚ་ནས་གདོང་བ་ནས་རྔུལ་ཆུ་འཛུམ།    དེ་མུར་ཟས་རིན་སྤྲད་དེ་སྒོར་བུད།  

ད་ནི་ས་རུབ་ཚར་བས་སྲང་ལམ་གཡས་གཡོན་གྱི་གློག་སྡོང་དག་ལས་གློག་སྒྲོན་གཅིག་འདྲ་མང་པོ་ཤར་རེར་བསྒྲིགས་པ་དང་།ཁང་བ་དག་གི་སྒེའུ་ཁུང་ལས་གློག་འོད་སྣ་ཚོགས་འཕྲོས་འདུགཁོས་སླར་ཡང་ནོར་ལ་བལྟ་བལྟ་བྱས་ཏེ་ཁང་སྒོ་མང་པོ་བརྒྱུད་ནས་འགྲོན་ཁང་བཙལ།མཐར་ར་བ་ཞིག་གི་ནང་གི་མཐའ་སྐོར་ཡོངས་སུ་ཁང་བ་ཚིགས་ལེབ་བརྩེགས་གཅིག་ཅན་གྱི་ཁང་བཀྱིས་བསྐོར་བའི་འགྲོན་ཁང་ཐབས་ཆག་ཅིག་རྙེད།    

ཁོ་སྡོད་སའི་ཁང་མིག་དེའི་ནང་དུ་ཤིང་གི་མལ་ཁྲི་གསུམ་འཕྲོ་རིམ་འཕྲོར་སྒྲིག་ཡོད་ཅིང་།བར་དུ་རྐང་བས་སྤོ་ས་ཙམ་ཞིག་ལས་མེད།དེ་ལས་གཞན་མདུན་ཅོག་དང་བརྙན་འཕྲིན་སོགས་གཅིག་ཀྱང་མེད་མོད།ཚེ་དབང་ལ་དེ་དག་མེད་པས་ཆོགའཇམ་ཅག་ཅག་གི་མལ་དུ་ཉལ་ས་ཞིག་ཡོད་པས་མགུ་གང་བ་ཡིན།ཅུང་སྟབས་མི་བདེ་བ་ཞིག་ནི་ཁོའི་ཟུར་དུ་མི་གཉིས་ཀྱིས་སྔོན་ནས་མལ་ཁྲི་གླས་ཟིན་འདུགསྤྱིར་འགྲོན་ཁང་གཅིག་ཏུ་མི་ངོ་མི་ཤེས་པ་དང་མཉམ་དུ་སྡོད་དགོས་པར་ཡ་མཚན་རྒྱུ་དང་ཡ་ངན་རྒྱུ་ཅི་ཡང་མེད་མོད།ད་ལྟ་ཁོ་ནིམི་གནོང་ཅན།རྟ་རྒྱབ་རལཞེས་པའི་དཔེ་རུ་སོང་ཡོད་པས་ལོས་ཡིན།སུ་དང་གང་ལ་འཕྲད་ཀྱང་དོགས་ཟོན་ཞིག་གིས་གང་འོང་འོན་ཏེ་ད་ནི་མི་དེ་གཉིས་དང་ཁ་བརྡ་ཙམ་མི་བྱེད་ཐུ་མེད་རེད་ཨང་།  

ཡ་ཞི་ལུ།གང་གི་ཡིནརྒད་པོ་ལོ་ན་ལྔ་བཅུ་ཡས་མས་ཤིག་ཏུ་ཐོན་པ་དེས་ཚེ་དབང་ལ་གདོང་ཕྱོགས་ཏེ་དེ་ལྟར་དྲིས།མཚོ་སྔོན་གྱི་ཡིན།ཁྱོད་གང་གི་ཡིན  “ང་སྨད་མ་རྫོང་གི་ཡིན།ཁྱོའི་མིང་ལ་ཅི་ཟེརཚེ་དབང་གིས་རང་གི་མིང་དངོས་དེ་གསང་བ་བྱེད་དགོས་པས་རྫུན་ཞིག་ལབ་དགོས་མོད།སྐབས་ཐོག་དེར་ཅི་ཟེར་དགོས་ཤར་རེར་མ་དྲན་པརའོ་རེ་རེ།སྨད་མ་རྫོང་ལ་འདི་ནས་ཐག་ག་ཙམ་ཡོད་པ་རེད།ལམ་ཡག་ནི་ཨེ་རེད།ངའི་མིང་ལ།བཀྲ་བསྟན་ཟེར་བ་རེདཅེས་ཁས་ནུབ་མོ་རང་གིས་བསད་པའི་གསར་བུ་དེའི་མིང་ངག་ལས་ཤོར།ངག་ལས་ཤོར་མ་ཐག་ཏུ་གདོང་བ་སྐད་ཅིག་ཉིད་དུ་ཚ་ལམ་ལམ་དུ་སོང་བས།མགོ་སྒུར་ནས་རུམ་དུ་ཅི་ཞིག་འཚོལ་ཁུལ་བྱས་ནས་མདུན་གྱི་མི་གཉིས་ལ་གདོང་གཡོལ།སེམས་སུཨ་ཙི།ཨ་ཙི།ང་རང་དངོས་གནས་སྨྱོས་བཞགངས་མིང་གཞན་ཞིག་བཤད་ན་ཅིས་མི་ཆོགསྙམ་བཞིན་རང་གིས་རང་ལ་ལེ་འདེད་ཚ་ནན་བཏང་།སྤྱིར་ན་རང་ཉིད་ད་ལྟ་མི་གསོད་ཀྱི་ལག་དམར་ཞིག་ཡིན་པས་རང་མིང་ཅིས་ཀྱང་སྐུང་ནས་གཞན་ཞིག་ལབ་འདོད་པ་ཡིན་མོད།རྒད་པོས་གློ་བུར་དུ་མིང་དྲིས་ཚེ་རང་གི་མིང་སྐུང་དགོས་པའི་དོན་དག་དེས་སེམས་པ་ཁྱེར་བས་མི་དེའི་མིང་ངག་ལས་ཤོར་སོང་།ཚེ་དབང་ལ་མཚོན་ན་ད་ལྟ་མི་དེའི་མིང་ནས་འབོད་རྒྱུ་ནི་འཇིག་རྟེན་འདི་ནས་ཆེས་སྐྲག་ས་དང་།ཆེས་འབོད་མི་འདོད་པ་དེ་ཡིན་པ་སྨོས་ཅི་དགོས་ཨང་།དེ་དུས་རྒད་པོའི་ཟུར་གྱི་གསར་བུ་དེ་དགོད་ཙམ་བྱས་ནསདངོས་གནས་མཚར་བོ་ཞིག་ཐོ་ཐུག་སོང་།ངའི་མིང་ལའང་བཀྲ་བསྟན་ཟེར།དེས་ན་དོ་ནུབ་ཁྱོད་ཀྱི་མིང་ལ་མཚོ་སྔོན་གྱི་བཀྲ་བསྟན་དང་ངའི་མིང་ལ་ཟི་ཁྲོན་གྱི་བཀྲ་བསྟན་ཟེར་དགོས་རྒྱུ་རེད།ཧ་ཧཞེས་ཤིན་ཏུ་སྐྲག་སའི་མིང་དེ་ནས་འཕྲོ་རིམ་འཕྲོར་ཐེངས་གཉིས་བོས་སོང་བས།ཚེ་དབང་ལྷག་པར་དུ་ག་བྱེད་འདི་བྱེད་མེད་པར་བཏང་།ཨ་ན་ན།ངའི་མགོ་བོ་ན་ནས་ལྕོགས་ཀྱི་མི་འདུགཅེས་རྫུན་ལབ་ཏེ་མྱུར་བར་གྱོན་པ་ཕུད་ཙམ་གྱིས་མལ་ཐུལ་མགོ་བོར་འཐེན་དེ་གཉིད་ཁུལ་བྱས།མགོ་བོ་བཏུམས་ཚེ་ལྷོག་ལྷོག་ཏུ་ལྡིང་བའི་རང་གི་སྙིང་གི་འཕར་སྒྲ་གོ་ཐུབ།  

སྤྱིར་རྒད་པོ་དེས་རང་ལ་ཡར་མར་གྱི་ཁ་བརྡ་ཞིག་ལབ་འདོད་ཡོད་པ་ཤེས་མོད།རང་གིས་དང་ལེན་མ་བྱས་པའམ་མགོ་བོ་བཏུམས་པས།རྒད་པོ་དང་གསར་བུ་དེ་གཉིས་ཀྱིས་ནང་ཁུལ་ཕན་ཚུན་དུ་ཁ་བརྡ་བྱེད་ཀྱིན་འདུགཚེ་དབང་གིས་མལ་ཐུལ་ལས་རྣ་བ་ཕྱི་ལ་འཕངས་ནས་ཁོ་གཉིས་ཀྱི་ཁ་བརྡ་ལ་ཉན།ཁ་བརྡ་བྱེད་སྟངས་ལ་གཞིག་ན་ཁོ་གཉིས་ནི་ཕ་ཡུལ་གཅིག་པས་མི་ཚད།ཐེངས་འདིར་འོང་དོན་ཡང་གཅིག་ཡིན་པ་འདྲ།སང་ཉིན་ཅ་ལག་ཚང་མ་ཉོ་ཚར་འགྲོ་བས་དགོང་མོ་ཙམ་དུ་རླངས་འཁོར་གླས་ཏེ་ཕྱིར་ལམ་ལ་ཆས་ན་ག་འདྲ་འདུགདེ་ཧ་ཅང་ལེགས།ད་ནི་ཉིན་ཁ་ཤས་ལ་རྫོང་འདི་ནས་འགོར་སོང་བས།བཟའ་ཟླ་དང་བུ་ཕྲུག་ཀྱང་དྲན་ནས་མི་ལྕོགས་པར་འདུག   “ཧ་ཧ་ཧ།བཟའ་ཟླ་དྲན་ན་གླ་མོ་གླ་ཆོག   “་་་་་་    “་་་་་་  མཚམས་འདིར་སྐད་མགོ་དམའ་བར་གྱུར་ནས་ལྐོག་ཤུབ་ཀྱིས་ལབ་སོང་བས་ཚེ་དབང་གིས་མ་གོཧ་ཧ།བཟའ་ཟླ་དང་བུ་ཕྲུག་སོ་ཉིན་གཉིས་གསུམ་པོ་འདི་འདྲའི་ཡུན་ལ་མི་དྲན་མོད།རང་ས་གོས་དཀར་གྱི་གོང་བ་འདྲ་བོ་དྲན་ནི་ཞིག་རེད།འུར་འུར་ཟིང་ཟིང་གི་རྒྱ་གྲོང་འདི་རུ་དངོས་གནས་མི་སྐྱིད་ཀི་་་་་་་་་་་་ བུ་ཕྲུག་དང་བཟའ་ཟླ།ཕ་ཡུལ་སོགས་ཀྱི་ཁ་བརྡ་རེ་རེ་ནི་ཚེ་དབང་ལ་མཚོན་ན་རྨ་ཁར་ཚ་བཏབ་པ་ལྟ་བུའི་ཟུག་གཟེར་སློང་བྱེད་ཀྱི་སྐད་ཆ་རེ་རེ་རེད།  

མཚན་མོ་དེར་ཉལ་བ་ཚེ་དབང་གིས་སྔ་ནའང་གཉིད་པ་ནི་འདུག་གྲོགས་གཉིས་ཀྱིས་སྔ།མགོ་བོ་བཏུམས་ནས་རང་ཉིད་གཉིད་ལ་ཇི་ལྟར་སྐུལ་ནའང་།གཉིད་རྨུགས་ཅེས་པ་ནི་གནམ་ཐང་ཉིན་གྱི་ནམ་མཁའི་སྤྲིན་པ་བཞིན་གང་ཞིག་ཏུ་ཡལ་སོང་།འདུག་གྲོགས་གཉིས་ནི་འགུལ་མེད་ཀྱི་བེམ་པོ་ཞིག་ལྟར་གཉིད་ཀྱི་བདེ་བར་རོལ།ཚེ་དབང་གིས་ཁོ་གཉིས་ཀྱི་གཉིད་ལ་ཡིད་སྨོན་ཤོར།ཡིད་ཀྱི་སྡུག་བསྔལ་སོགས་རྣམ་རྟོག་གི་འགྱུ་བ་རེ་ཞིག་འགག་པའི་གཉིད་ཅེས་པ་འདི་མི་སོ་སོ་ལ་ཤིན་ཏུ་མཁོ་རྒྱུ་ཞིག་ཡིན་པའི་ངེས་ཤེས་ཐོག་མ་སྐྱེས།

ཁོའི་ཀླད་པའི་ནང་དུ་ཁས་ནུབ་མོ་བཀྲ་བསྟན་གྱི་བྲང་ཁར་གྲི་ཡིས་གཉིས་བསྣུན་པ་ན་སྡོང་བོ་འགྱེལ་བ་བཞིན་ནར་རེར་ལོག་སོང་བའི་རྣམ་པ་དེ་ཤར།ཁ་ནང་ནས་ཧར་སྒྲ་ཞིག་དང་མཉམ་དུ་ཁྲག་བཞུར་འོང་བའི་རྣམ་པ་ཡང་ཡང་ཤར།ཉལ་གྱིན་ཉལ་གྱིན་བཀྲ་བསྟན་ནར་རེར་ཁོའི་སྟེང་དུ་ལོག་འོང་བ་དང་།ཁ་ནང་གི་ཧར་སྒྲ་དེའང་རང་གི་རྣ་རྩར་བཏགས་པ་ལྟར་ཕར་སྤྱུག་རྒྱུ་མི་འདུགདེ་བས་ཁོ་རང་དབང་མེད་པར་མལ་ཁྲིའི་སྟེང་ནས་མགོ་བོ་འགྱོག་དགོས་བྱུང་།མགོ་བོ་བཀྱགས་རྗེས་ད་གཟོད་རང་གི་རིག་པ་ཚུར་བསྡུ་ཙམ་ཐུབ་པ་ན་ཉལ་གྲོགས་གཉིས་ཀྱིས་ཚོར་བར་དོགས་ནས་སླར་ཡང་ཕྱིར་ཉལ་སར་ལོགདེ་ལྟར་ནམ་སྨད་ཙམ་དུ་ད་གཟོད་ཅུང་ཙམ་གཉིད་སོང་།

ཞོགས་པར་ཉལ་གྲོགས་རྒད་པོ་དང་གསར་བུ་གཉིས་ཀ་མལ་ལས་ལངས་ཀྱིན་པ་ཚོར་མོད།མགོ་བོ་བཏུམས་ནས་ད་དུང་གཉིད་ཁུལ་བྱས།ཕྱི་སོའི་ར་བའི་ནང་དུ་མི་སྐད་རེ་ཟུང་གྲགས་པ་དང་།རླངས་འཁོར་རེ་ལམ་ལ་ཆས་པ་ལྟ་བུའི་སྒྲ་ཁ་ཤས་ཐོས་རྒྱུ་འདུགཉལ་གྲོགས་གཉིས་སྒོར་བུད་རྗེས་ཚེ་དབང་གིས་མལ་ཐུལ་ལས་མགོ་བོ་ཕུད་དེ་ཁང་མིག་ཆུང་ཆུང་གི་སྒེའུ་ཁུང་ལ་མིག་ཟུང་གཏད།ད་ནི་རང་ཉིད་ཀྱང་མལ་ལས་ལངས་ནི་དགོས།གང་ཞིག་ལ་འགྲོ་ནི་དགོས།སོང་ནས་ཅི་ཞིག་བྱེད་ཀྱང་དགོས།ཤར་ལྷོ་ནུབ་བྱང་གང་ལ་འགྲོ།སོང་ནས་ཅི་ཞིག་བྱེད།ཁོའི་ཀླད་པ་སྟོང་བར་གྱུར།དམིགས་ས་གཏད་ས་མ་རྙེད།འབུ་མེ་ལྕེབས་བཞིན་སྒེའུ་ཁུང་གི་འོད་སྣང་བརྒྱུད་དེ་གང་ལྟར་འོད་ཀྱིས་གསལ་བའི་འཇིག་རྟེན་འདིར་འགྲོ་ནི་ཅིས་ཀྱང་དགོས།མི་ཞེས་པ་འདི་ནི་མ་ཤིའི་བར་དུ་གང་ལ་སོང་ནས་ཅི་ཞིག་བྱེད་པ་སོགས་དམིགས་ཡུལ་ལྡན་པ་ཤ་སྟག་རེད།རྟ་ནོར་ལུག་གསུམ་སོགས་མི་ཡིས་བདག་བཟུང་བྱས་པའི་སྒོ་ཕྱུགས་སོགས་ནི་མིའི་བཀོད་སྒྲིག་ལྟར་ལས་འགོངས་མི་ཐུབ་ལ།རི་སྐྱེས་སྲོག་ཆགས་དང་འབའ་འབུ་སོགས་ལའང་རང་རང་གི་ངོས་ནས་ཉིན་མོ་ཞེས་པའི་འོད་སྣང་འདི་ལ་བསྟེན་ནས་གང་ཞིག་ཏུ་འགྲོ་བ་དང་ཅི་ཞིག་བྱེད་པ་སོགས་ཀྱི་དམིགས་ཡུལ་ཞིག་སྟེ།ཉིན་མོར་གང་དུ་འགྲོ་བ་དང་།མཚན་མོ་རང་མལ་དུ་ལོག་པའི་གནས་ཤིག་ཡོད་སྲིད་རྒྱུ་རེད།ཡང་ན་སོ་སོར་ཕ་མ་དང་ཕུ་ནུ་མིང་སྲིང་།མཛའ་གྲོགས་ལྟ་བུའི་དགའ་ན་དགའ་གྲོགས་དང་སྐྱོ་ན་སྐྱོ་གྲོགས་ལྟ་བུའི་ཁེན་ས་རྟེན་ས་ཡོད་ངེས།ཡིན་ནའང་རང་ཉིད་ནི་གང་ལ་འགྲོ་དང་དེ་རུ་སོང་ནས་ཅི་ཞིག་བྱེད་པའི་གནས་དང་དམིགས་ཡུལ་ངེས་ཅན་ཞིག་ཡེ་མེད་པས་མི་ཚད།རང་ཉིད་དུང་བའི་གནས་དག་དང་ཁ་བྲལ་བས་འཇིག་རྟེན་འདི་ནས་ཁེར་རྐྱང་ཁོ་ནར་བུད་ཟིན་པ་ལྟ་བུའི་ཚོར་བ་གྲང་ཤུར་ཤུར་ཞིག་གིས་ཡོངས་སུ་བཟུང་།  

ཚེ་དབང་གིས་ཡང་བསྐྱར་མགོ་བོ་བཏུམས་ནས་བསམ་བློ་བཏང་།ཁོ་རང་ད་དུང་མུ་མཐུད་དུ་རྒྱང་ནས་རྒྱང་དུ་འགྲོ་དགོས།ད་དུང་ཕ་ཡུལ་ལས་ཉིན་གཅིག་གི་ལམ་ལས་ཐོན་མེད་པས་འདི་རུ་སྡོད་ག་ལ་ཉན།ཕ་ཡུལ་ནས་ཁོ་རང་མི་གསོད་ཀྱི་ལག་དམར་དུ་ཆགས་ཟིན་པས།འདས་པོའི་གཉེན་ཉེ་ཚོས་ཞེ་སྡང་དུག་སྦྲུལ་གྱི་རེ་ཁ་ཕྱི་ལ་མངོན་ནས།ང་རྒྱལ་དོམ་ནག་གི་སྡེར་ཁ་ཆེས་ཆེར་བགྲད་དེ་རང་ཉིད་འཚོལ་གྱིན་ཡོད་པ་སྨོས་ཅི།ད་དུང་གོང་རིམ་དུ་ཞུ་གཏུགས་བྱས་ཏེ་གྱོན་པ་སྒྲོག་གུ་མང་པོ་ཅན་དང་ཞྭ་མོ་སྡེར་སྡེར་གཅིག་འདྲ་གྱོན་པའི་སྤྱི་བདེ་བ་ཚོས་རླངས་འཁོར་གློག་འཚུབ་ཅན་བསྐོར་ནས་བྲེལ་བྲེལ་འཚུབ་བཚུབ་ཀྱིས་རང་ཡུལ་ལ་སྐོར་རྒྱུག་དང་རང་ཁྱིམ་ལ་སྔོག་བཤེར་བྱེད་ཀྱིན་ཡོད་ངེས་པས།ད་ནི་འདི་ལྟར་ཉལ་ནས་སྡོད་ག་ལ་ཉན།ཁོས་འདི་ལྟར་སྙམ་གྱིན་གློ་བུར་དུ་མལ་ལས་ལངས་ཏེ་བྲེལ་བའི་ངང་གྱོན་པ་གོན་ནས་འགྲོན་ཁང་ཆུང་ཆུང་གི་སྒོར་བུད།དེ་རིང་ནི་གནམ་ངོ་ཁྱོན་ཡོངས་ནས་འཐིབས་འདུགཕ་ཡུལ་གྱི་ཁོ་བོ་འཚོལ་མཁན་ཚོའི་བཞིན་རིས་ཀྱང་འདི་ལྟར་གནག་གིན་ལོས་ཡོད་སྙམ་གྱིན་ཁོ་རང་ཁོང་འདར་ཞིག་བརྒྱབ།  

ཞོགས་ཟས་ཤིག་ཟ་བའི་ཡི་ག་མི་འདུག་པས་བྲེལ་བས་ངང་ནས་རླངས་འཁོར་འབབ་ཚུགས་སུ་སོང་།འགྲུལ་འཁོར་རེའི་ནང་དུ་མི་མགོ་ཅིབ་ཅིབ་ཀྱིས་གང་ནས་ཡོམ་ཡོམ་ངང་གང་ཞིག་ཏུ་ལམ་ལ་ཆས་ཀྱིན་འདུགའགྲུལ་འཁོར་རེ་རེའི་ནང་དུ་མི་མང་པོ་བུད་ཀྱིན་འདུགཁོ་རང་ཅིས་ཀྱང་འགྲོ་དགོས་མོད།ས་དེ་དང་དེར་འགྲོ་དགོས་ཞེས་པའི་མིང་ཞིག་ཀྱང་མི་ཤེས་པས།ཁོས་བོད་ཅིག་ལ་འགྲུལ་འཁོར་འདི་དག་གང་གང་ལ་འགྲོ་རྒྱུ་དང་།ཁོས་རང་གི་ཕ་ཡུལ་གྱི་རྫོང་མཁར་གྱི་མིང་བཤད་དེ་དེ་ལས་ཆེས་ཐག་རིང་ཤོས་ཀྱི་རྫོང་ངམ་ས་གང་ཞིག་ཡིན་པ་དང་།དེར་འགྲོ་བའི་འགྲུལ་འཁོར་ནི་གང་ཡིན་པ་སོགས་དྲིས།ད་ལྟ་ཁོ་ཕ་ཡུལ་ནས་ཐག་ཅི་ཙམ་རིང་ན་དེ་ཙམ་བཟང་བ་ལས་གཞན་གྱི་དམིགས་ཡུལ་གཏད་སོ་གང་ཡང་མེད་པས་ཁོས་དེ་ལྟར་འདྲི་བ་ལས་ཐབས་ཅི།  

ཁོ་རང་དེ་ལྟར་ཡང་བསྐྱར་ཐག་རིང་ཉིན་ལམ་ཞིག་ཏུ་འགྲོ་བའི་འགྲུལ་འཁོར་ཞིག་ཏུ་བསྡད།རླངས་འཁོར་གྱི་ལམ་གླ་སྦྱིན་རྗེས་སྒོར་ཁུག་གི་ནང་དུ་དངུལ་ལོར་མང་པོ་མི་འདུག་པས་རྔམ་པ་ཞིག་འཐེན།གང་ལྟར་འགྲུལ་འཁོར་འདིའི་ནང་གི་མི་ཕལ་མོ་ཆེ་བོད་ཡིན་མོད།ཞྭ་ལུགས་གྱོན་སྟབས་དང་།སྐད་ཆ་སོགས་གང་ལ་དཔག་ནའང་ཕ་ཡུལ་གྱི་མི་ཞིག་མེད་པར་སྣང་བས་ཁ་སང་ལྟར་ཁ་བཏུམས་མཆུ་བཏུམས་དང་གཉིད་ཁུལ་སོགས་མི་དགོས་པས།ལུས་པོ་ཅུང་ལྷོད་ལ་ཕབ་སྟེ་སྡོད་ཆོག་ཆོག་རེད།ཡིན་ནའང་སེམས་པ་ནི་མདུན་ནས་མདུན་དུ་བསྐྱོད་བཞིན་པའི་རླངས་འཁོར་གྱི་འཁོར་ལོ་ལྟར་སྐད་ཅིག་ཙམ་ཡང་སྡོད་མི་ཚུགས་པར་ཤོར་འགྲོ་བ་ལས་ལྷོད་ལ་འབབ་ཐབས་ཤིག་གང་ན་ཡོད།  

ས་བབས་མི་འདྲ་བའི་རི་ལུང་ཐང་གསུམ་མང་པོ་ཞིག་སྒེའུ་ཁུང་ལས་མཐོང་ཞིང་།མཐོང་བ་དེ་དག་ཡང་ཡང་རྗེས་སུ་བསྐྱུར།དེ་ལྟར་རྗེས་སུ་བསྐྱུར་ཚད་ནི་ཕ་ཡུལ་ཞེས་པའི་ལུས་སེམས་ཁེན་ས་དེ་རིང་དུ་བསྐྱུར་བ་རེད་ཨང་།དེ་དང་བསྟུན་ནས་མི་དང་འཁོར་རིགས་དཀྱོག་མཚམས་སོགས་ནས་དུང་བརྡ་རེ་སྒྲོག་པ་ནི་སེམས་པ་གཅོང་བའི་འབོད་པ་སྙིང་ན་བ་རེར་གྲུབ།    

འགྲུལ་འཁོར་ཉིན་གང་བོར་ཁྱི་སྨྱོན་བཞིན་རྒྱུག་རྒྱུག་མཐར་རྫོང་མཁར་ཞིག་ཏུ་སླེབས།སྲང་ལམ་མང་པོ་གཡས་བརྒྱུད་གཡོན་བརྒྱུད་བྱས་མཐར་འབབ་ཚུགས་སུ་ཐོན།འགྲུལ་བ་ཚོ་འུར་འུར་ཟིང་ཟིང་གི་ངང་ནས་རང་རང་གི་ཅ་ལག་ཁྱེར་ཏེ་རླངས་འཁོར་ལས་བབས།ཚེ་དབང་ལ་ཅ་ལག་ཁྱེར་རྒྱུ་འཁུར་ཁུག་ཅིག་ཀྱང་མེད་པསཤར་ལུ་མི་རྐྱང་རྟ་རྐྱང་རེད།སྒ་ཡག་རྐྱང་བརྟད་དུས་ཚགས་ནི་རེདཅེས་པའི་དཔེ་དེ་དྲན་འོང་ལ།ད་ལྟ་ཁོ་ལ་རྟ་རྐྱང་དང་སྒ་རྐྱང་ཞིག་ཀྱང་གང་ན་ཡོད།ཐ་ན་ཁུག་རྐྱང་ཞིག་ཀྱང་མེད་པས་དབུལ་བོ་ཞེས་པ་རང་ཉིད་མིན་ན་སུ་ཡིན་སྙམ་པའི་སྐྱོ་བ་ཐོལ་ཐོལ་དུ་བྱུང་།  

འགྲུལ་འཁོར་ནང་གི་འགྲུལ་བ་དག་གིས་ནི་རང་རང་གི་ཅ་ལག་ཁྱེར་ནས་སོ་སོར་གྱེས་འགྲོ།ཚེ་དབང་འགྲུལ་བ་དག་གིས་ཅ་ལག་ཆེ་ཆུང་མང་པོ་ཁྱེར་ཞིང་རང་རང་གི་གནས་ཡུལ་ལམ་དམིགས་ཡུལ་སྙེག་གིན་པར་ཧད་ནས་འགྲུལ་བ་གཅིག་ཀྱང་མ་ལུས་པར་འགྲོ་ཚར་རག་བར་དེ་གར་ལུས།གློ་བུར་མིག་མདུན་དུ་རྒྱ་མོ་ཞིག་ཐོན་ཏེ་ཁོ་ལ་ཅིག་ཅིག་བཤད་སོང་།ཁོ་སྙིང་ལོག་ཅིག་བྱས་ནས་ཕར་གོམ་པ་འགའ་སྤོས་པ་ན་རྒྱ་མོས་རྗེས་དེད་ནས་ད་དུང་ཅིག་ཅིག་བཤད་ཀྱིན་འདུགཆ་མེད་རྒྱུས་མེད་ཀྱི་མི་འདིས་རང་ཉིད་མི་གཏོང་བར་ག་རེ་བྱེད་བསམ་པ་ཡིན།ང་ས་མཐའི་མི་ཞིག་ཡིན་པ་ཤེས་ནས་འགྲན་སློང་བ་ཡིན་ནམ སྙམ་གྱིན་སྙིང་ཤོར་བའི་སྒང་ལ།    ཕར་ཕྱོགས་ནས་བོད་ལྭ་ཕུ་ཐུང་སྟོད་ཐུང་ལྟར་ཐུང་བ་གྱོན་མཁན་གྱི་བུད་མེད་ཅིག་ཁོ་གཟས་ནས་སླེབས་བྱུང་ལ།ཟུར་དུ་ཐོན་ཚེ་བོད་སྐད་མཚར་བོ་མཚར་བོ་ཞིག་བཤད་སོང་།ཚེ་དབང་གིས་ཚིག་འབྲུ་དག་གསལ་བོ་ཞིག་མ་གོ་མོད།གང་ལྟར་བོད་སྐད་ཅིག་ཡིན་པསཨ།ག་རེ་ཟེར་བ་ཡིན།ངས་མ་གོ་ཐལཞེས་བཤད་པ་ན།ད་ཅིའི་རྒྱ་མོ་དེ་སྐེ་གཅུས་ནས་བུད་སོང་ལ།བོད་མོ་དེས་ཡང་བསྐྱར་ལག་བརྡ་དང་བཅས་བཤད་པ་ན།ཚེ་དབང་གིས་ད་གཟོད་ཁྱོད་འགྲོན་ཁང་དུ་སྡོད་རྒྱུ་ཡིན་ནམ།སང་ཉིན་གང་ལ་འགྲོ་དགོས་སོགས་འདྲི་བཞིན་པ་ཧ་གོད་ཅིའི་རྒྱ་མོའང་རང་ལ་འགྲན་སློང་མཁན་ཞིག་མ་ཡིན་པར།སོ་སོས་གཉེར་བའི་འགྲོན་ཁང་དུ་མི་འཚོལ་མཁན་ཞིག་ཡིན་པ་ར་སྤྲོད་བྱུང་།ཚེ་དབང་གིསརང་ལ་འགྲོན་ཁང་དགོས།སང་ཉིན་གར་འགྲོ་ད་དུང་མི་ཤེསཞེས་བཤད་པ་ན།བོད་མོ་དེས་ཀྱང་ཚེ་དབང་གི་སྐད་ཆ་ཡོངས་མ་གོ་བ་འདྲ།ཡང་བསྐྱར་ཐེངས་གཅིག་ཤོད་རོགས།ཡང་བསྐྱར་ཐེངས་གཅིག་ཤོད་རོགསཟེར་གྱིན་པ་གོ་ཙམ་བྱུང་།དེར་ཁོ་གཉིས་ཀྱིས་ཕར་བཤད་ཚུར་བཤད་མང་ཙམ་བྱས་རྗེས།ཚེ་དབང་གིས་བོད་མོའི་རྗེས་དེད་དེ་སྲང་ལམ་དུ་ཕྱིན།  

རྫོང་མཁར་འདི་ནི་ཁོའི་ཕ་ཡུལ་གྱི་རྫོང་མཁར་དང་ཡེ་མི་འདྲ་སྟེ།ཁང་བ་བརྩེགས་རིམ་མཐོན་པོ་ཅན་རྩེ་ལ་བལྟ་དགོས་ཚེ་མགོ་ཐོག་གི་ཞྭའང་ལྷུང་ལ་ཁད་ཅན་གྱིས་གང་ཞིང་།སྲང་ལམ་དུ་བགྲོད་པའི་རླངས་འཁོར་ནི་ཕ་ཡུལ་གྱི་ནོར་ལྟར་མང་བ།སྲང་ལམ་འགྲམ་ཟུར་གཉིས་སུ་བསྐྱོད་པའི་མི་དག་གི་ནང་དུ་བོད་ལྭ་མཚར་བོ་གྱོན་མཁན་རེ་ཟུང་ལས་མཐོང་རྒྱུ་མེད་ཁར།རྒྱ་མོ་མང་པོ་ཞིག་གིས་ཁོག་སྟོད་དུ་སྟོད་ལྭ་ཕུ་མེད་དང་ཁོག་སྨད་དུ་བླ་དོར་ཐུང་ཐུང་ཞིག་ལས་གྱོན་མེད་པར་གཅེར་བུ་ལྟ་བུར་འགྲོ་བཞིན་འདུག་པ་སོགས་ཕ་ཡུལ་དང་ཡེ་མི་མཚུངས་པའི་ཁོར་ཡུག་ངོ་མཚར་བ་ཞིག་རེད།    ཡང་ན་ཕ་ཡུལ་རྒྱང་རིང་དུ་བསྐྱུར་བའི་ཁོ་ལ་མཚོན་ན་སྣོད་བཅུད་གཉིས་ཀ་ཆེས་མི་སྡུག་པའམ་རང་ཉིད་དང་བར་ཐག་རིང་བ་དག་དག་ཡིན་པའི་སྣང་བ་བྱིན།  

མཚན་མོ་དེར་ཁོས་ཐེངས་དང་པོར་འགྲོན་ཁང་གི་གོང་གཏམ།བརྒྱ་ནས་དགུ་བཅུ།བརྒྱད་ཅུ།བདུན་ཅུ་་་་་་་མཐར་སྒོར་ལྔ་བཅུ་བྱིན་ནས་ཞག་མལ་བྱས།ཟ་ཁང་ཤིན་ཏུ་མང་མོད།ཁོ་ལ་འཚམ་པ་ཞིག་མ་རྙེད་པར་ཆུ་ཚོད་གཅིག་ལྷག་འགོར།ཡར་ཉུལ་མར་ཉུལ་བྱས་བྱས་མཐར་ཕྱེ་ཐུག་འཐུང་ས་ཞིག་རྙེད་མོད།དེ་ནི་ཕ་ཡུལ་རྫོང་མཁར་གྱི་ཞིམ་མངར་ཅན་གྱི་ཐུག་པ་དང་རྩད་ནས་མི་འདྲ་བར་ཁ་ཚ་ནས་ལྕེ་ལེ་སྦྲིད་པ།ཤ་ཉུང་བས་ཤིག་འཚོལ་འཚོལ་དགོས་པ་ཞིག་སྟེ།ལྟོགས་མགོ་གནོན་སྤྱད་ཙམ་ལས་ཞིམ་པོ་ཡེ་མ་བྱུང་།ཟ་ཁང་ལས་སྒོར་བུད་ཚེ་ས་རུབ་ཟིན་ལ།དཀར་དམར་གློག་འོད་ཀྱིས་མིག་འཕྲུལ་བར་བྱེད།ད་ཅི་ཟ་ཁང་མ་རྙེད་པ་ལྟར་ཁོ་སྡོད་སའི་འགྲོན་ཁང་མ་རྙེད་པར་ཡར་ཉུལ་མར་ཉུལ་བྱས་ནས་ཡང་ཆུ་ཚོད་ཁ་ཤས་འགོར་བས་ཐང་ཆད།    

མཚན་མོ་དེར་ཚེ་དབང་གིས་བསམ་བློ་མང་པོ་བཏང་།ད་ནི་མྱུར་བར་ཁ་གསོ་ཐབས་ཀྱི་ལས་ལ་མ་འབད་ན་སྒོར་ཁུག་སྟོང་བར་གྱུར་ལ་ཉེ་བས།སྲང་ལམ་ནས་མཐེ་བོང་བསྟན་དེ་སློང་མོ་བྱེད་པར་ཐག་མི་རིང་།ཡིན་ནའང་ལས་ཀ་ཅི་ཞིག་འཚོལ།རང་ཉིད་ལ་ནོར་རྫི་བྱེད་པ་ལས་ཤེས་རྒྱུ་གཞན་གང་ཡང་མེད།ལྷག་པར་དུ་རྫོང་མཁར་འདི་འདྲ་ཞིག་ནས་རང་ཉིད་བླུན་པོ་ལུག་ལྟ་བུ་ཞིག་སྟེ།སྒོར་མོ་ཕར་སྦྱིན་སའི་ཟ་ཁང་དང་འགྲོན་ཁང་ཞིག་ཀྱང་རྙེད་དཀའ་ན།སྒོར་མོ་ཚུར་ལེན་སའི་ལས་ཀ་ཞིག་ནི་རྙེད་རྒྱུ་རྨི་ལམ་རང་ཡིན།དེ་བས་སང་ཉིན་འབྲོག་པ་ཞིག་བཙལ་ཏེ་ཕྱུགས་རྫིའི་གཡོག་པོ་ཞིག་བྱེད་ས་འཚོལ་རྒྱུ་ལས་ཐབས་གཞན་ཞིག་ཡོད་མི་སྲིད།མཚན་མོ་དེར་ཁོས་དེ་ལྟར་རང་གི་སང་ཉིན་ལ་འདང་ཡང་ཡང་བརྒྱབ།འདང་རྒྱག་གིན་རྒྱག་གིན་མཚན་གང་བོར་གཉིད་ཐར་ཐོར་འཁྲུལ་བ་ཅན་ཞིག་ལས་མ་ཡོང་བར་ནམ་སྐྱ་སིལ་ལེར་བཏང་།    

ཞོགས་པར་ཁོསནང་སྔ་ལངས་ཚང་ལ་གྲོག་ཅིགནུབ་ཉལ་འཕྱི་ཚང་ལ་གྱོད་ཅིགཅེས་པའི་གཏམ་དཔེ་དེ་ཡིད་ལ་ཤར་ནས་མགྱོགས་པར་མལ་ལས་ལངས།ཕ་ཡུལ་དང་མི་འདྲ་བར་མཁའ་དབུགས་དྲོན་པོ་ཞིག་གིས་ཡོངས་སུ་བཟུང་འདུག་ཡོད་པས།སྤྱིར་ཡིན་ན་སྟོད་ཐུང་དང་རྐང་རྣམ་ལས་གྱོན་དགོས་མི་འདུག་མོད།ད་ནི་སློག་པ་མི་གྱོན་པར་འཇོག་ས་ཞིག་མེད་པས་སླར་ཡང་སློག་པ་གྱོན་ནས་འགྲོན་ཁང་གི་སྒོར་བུད།ཞོགས་པའི་སྲང་བར་ནི་ཕ་ཡུལ་གྱི་རྫོང་མཁར་དང་མི་འདྲ་བར་མི་དང་འཁོར་རིགས་ལས་ཁྱི་ལྡོམ་གཅིག་ཀྱང་མཐོང་རྒྱུ་མི་འདུགཚེ་དབང་གིས་སློག་པ་གྱོན་ཞིང་འཕྲུལ་རྟ་བཞོན་པའི་ཕ་ཡུལ་གྱི་འབྲོག་པ་ལྟ་བུ་ཞིག་མིག་ལ་ཨེ་ཐོགས་ཀྱིས་སྲང་ལམ་དག་ཉུལ།མདང་དགོང་ལྟར་ཁོག་སྟོད་དུ་སྟོད་ལྭ་ཕུ་མེད་དང་ཁོག་སྨད་དུ་བླ་དོར་ཐུང་ཐུང་ཞིག་ལས་གྱོན་མེད་པར་གཅེར་བུ་ལྟ་བུར་འགྲོ་བཞིན་པའི་རྒྱ་མོ་དག་ཡང་བསྐྱར་ཇེ་མང་ནས་ཇེ་མང་རེད།ལྭ་སྲབ་མོ་ཅན་གྱི་མི་ཚོགས་མཐོང་བས་ཚེ་དབང་གིས་རང་གི་རྒྱབ་ཀྱི་སློག་པ་ཇེ་གདོས་ཀྱི་སྣང་བ་བྱུང་།  

ད་ནི་ནགས་ཚལ་གྱི་སྟོད་གོས་གྱོན་པའི་རི་མཐོན་པོ་དེའི་རྩེ་ནས་ཉི་མ་ཤར་བྱུང་།ཅང་མ་འགོར་བར་ཁང་བརྩེགས་མཐོན་པོ་དག་གི་སྒེའུ་ཁུང་ལས་ལྡོག་འོད་མིག་ལ་གཟན་པ་རེ་འཕྲོ་བར་བྱེད།ཕ་ཡུལ་ཡིན་ན་ད་ཚོད་ཉི་མ་རི་རྩེ་ལས་ཐག་ཚད་གཅིག་གཉིས་ཤིག་ཏུ་སླེབས་ཡོད་ཚོད་ཡིན།ཚེ་དབང་ཉི་འོད་ལ་སྤྲོ་སྣང་མི་འདུག་སྟེ།མཁའ་དབུགས་དྲོན་པོས་ལུས་ཡོངས་སྔར་ནས་རྔུལ་ཆུས་བརླན་པར་བྱས་ཟིན།ཁོའི་གྲོད་པ་ལྟོགས།གཏེར་ཆུ་གཅིག་དང་སྐྱ་གོར་ཆུང་བ་གཉིས་ཉོས་ཏེ་གྲིབ་མ་གུག་པའི་ཁང་བརྩེགས་ཤིག་གི་གྲུ་ཟུར་གྱི་རྡོ་གཅལ་དུ་བསྡད་དེ་ཡར་འགྲོ་མར་འགྲོའི་མཚམས་ཆད་དུ་མེད་པའི་མི་ཚོགས་ལ་ལྟ་བཞིན་ཞོགས་ཟས་ཟོས།གྱོན་པ་སྲབ་ཅིང་ཉི་གདུགས་ཕུབ་པའི་མི་ཚོགས་ལས་ཁོའི་མདུན་བརྒྱུད་མཁན་ཚོས་ཁོ་ལ་བལྟ་ཙམ་བལྟ་ཙམ་གྱིས་གཟུར་ནས་བུད་འགྲོ།ཕལ་ཆེར་ཁོ་ཚོའི་སེམས་སུ་འདི་ནི་སྤྲང་བོ་ཞིག་གམ་སྨྱོན་པ་ཞིག་རེད་འདོད་ཀྱིན་པ་འདྲ།      

སྲང་ལམ་གྱི་གྲུ་ཟུར་ཁ་ཤས་ནས་ཚིག་འབྲུ་གཅིག་ཀྱང་མི་གོ་བའི་རྒྱ་གླུ་སྣ་ཚོགས་གྲགས་ཀྱིན་འདུགདེ་ནི་ཚེ་དབང་ལ་མཚོན་ན་ཧ་ཅང་སུན་པོ་བཟོ་བྱེད་ཅིག་ལས་ཅི།ཕ་ཡུལ་གྱི་རྫོང་མཁར་ན་གངས་ལྗོངས་ཁུ་བྱུག་སྔོན་མོ་གླུ་བ་གདུ་བྷེ་སོགས་ཀྱི་རྡུང་ལེན་ཡག་པོ་ཁོ་ན་གྲགས་ཀྱིན་ཡོད་པས།ཅ་ལག་ཙག་ཙིག་རེ་ཉོ་བཞིན་སྲང་བར་ཉུལ་བ་ནི་སྣང་བ་སྐྱིད་ལ་སྐུལ་བྱེད་ཅིག་ཡིན།འོན་ཏེ་གནས་འདིར་བོད་གླུ་ཐོས་རྒྱུ་མེད་ལ།བོད་ལྭ་ཅན་གྱི་མི་མཐོང་དཀོན་པོ་རེད་པས་ཁོ་རང་ད་ལྟ་སའི་གོ་ལའི་མཐའ་མཚམས་ཤིག་ཏུ་གྱར་བའི་སྣང་བ་བྱུང་།

ཚེ་དབང་གིས་ཉིན་གང་བོར་བོད་ལྭ་ཅན་བཙལ།བོད་ལྭ་ཅན་ཞིག་མཐོང་ཚེ་བེའུས་འབྲི་མོ་མཐོང་བ་ལྟར་རྒྱུག་ནས་སྐད་ཆ་བཤད།འབྲི་མོས་རང་གི་བུ་མིན་ཚེ་བདག་མི་བྱེད་པའི་མི་ཚད་རྐང་འཕྲ་ཡིས་རྒྱག་པ་དང་རྡུང་ཡང་སྲིད་པ་ལྟར།ཁོ་གཡོག་འདུག་བྱེད་ས་རྙེད་པ་ལྟ་ཞོག་མཚམས་རེར་ཁ་ལོག་ཚིག་ལོག་དང་འཕྱ་སྨོད་ཀྱང་རགདོན་དག་ཆུང་ཆུང་དེའི་ཆེད་དུ་གྲོགས་པོའི་སྲོག་ལ་རྒོལ་བར་འགྱོད་པ་དྲག་པོ་སྐྱེས།དེ་ལྟ་མིན་ན་ད་ཚོད་རང་ཉིད་གཞན་ལ་གཡོག་འདུག་གི་ལས་ཤིག་གང་ནས་འཚོལ་དགོས།ཟས་གང་ཞིམ་དང་གོས་གང་ཡག་གྱོན།མཛའ་མོ་དང་བུ་ཕྲུག་གི་དགོད་སྒྲའི་ཁྲོད་ནས་མགོ་འཕང་མཐོན་པོས་གནས་ཆོག་ཨང་།དགོང་མོར་མུན་པས་སླེབས་བརྡ་སྟོན་པའི་དུས་སུ་བྱ་བྱེའུ་ཞིག་ཡིན་ཡང་རང་རང་གི་ཚང་མལ་ལ་ལོག་ཆོག་མོད།ཁོ་ལ་རང་གི་ཁྱིམ་ཞེས་པའི་བདེ་སྐྱིད་ཀྱི་གནས་མལ་དེར་ལོག་པའི་གོ་སྐབས་ཀྱང་མེད་ཕྱིར་སེམས་པ་ཁོ་ཐག་ཆད།བཟའ་ཚང་ཆ་དང་ཆ་བྱས་ནས་སོ་སོའི་བུ་ཕྲུག་ཁྲིད་དེ་རྩེ་རྩེ་དགོད་དགོད་ཀྱིས་སྲང་བར་དུ་འགྲོ་བཞིན་པ་དག་གིས་ལྷག་ཏུ་ཁོ་ལ་འགྲན་བཙོ་བ་ལྟར་མིག་མདུན་ནས་ཡར་འགྲོ་མར་འགྲོ་བྱེད།ཁོས་སྙིང་དང་འདྲ་བའི་བུ་ཕྲུག་གཉིས་དྲན།ཨ་ཕ།ང་ཁྱོད་ལ་དགའ།ང་ཨ་ཕར་དགའཞེས་པའི་གཅེས་ལངས་ཀྱི་སྐད་གདངས་ཕྲ་མོ་དང་པང་དུ་བུད་ནས་སྐེ་ལ་འབྱར་བའི་རྣམ་པ་དྲན།ཁོ་རང་དེ་ལྟར་མིག་མདུན་གྱི་མངོན་སུམ་དང་སྣང་བའི་ཁྲོད་ཀྱི་རྟོག་འགྱུ་གཉིས་ཀྱི་བར་ནས་རེ་ཞིག་ཧད་དེ་ལུས།གློ་བུར་དུ་ཕར་ཕྱོགས་ནས་སྤྱི་བདེའི་རླངས་འཁོར་གྱི་ཉེན་བརྡ་རྣ་བར་གཟན་པ་ཞིག་གྲགས་འོང་།སྙིང་ལ་ཙག་ཤད་ཅིག་རྒྱུག་ཏེ་ཡར་ལངས་ནས་འབྲོ་བར་བརྩམས།དེ་དུས་ཀླད་པའི་ནང་དུརྐུན་མའི་མགོ་ན་བལ་ཞིགཅེས་པའི་གཏམ་དཔེ་དྲན་ནསརང་ཉིད་ཇི་འདྲའི་གླེན་པ་ལ།ས་ཐག་རིང་འདི་འདྲ་ཞིག་ལ་སླེབས་ཟིན་པས་རང་ཉིད་མི་གསོད་ཀྱི་ལག་དམར་ཞིག་ཡིན་པ་སུས་ཤེས།བྲོས་ན་རང་ཉིད་ནག་ཉེས་ཅན་གཏེ་བོ་ཞིག་ཡིན་པ་གཞན་ལ་གསལ་བཤད་བྱས་པ་ལྟ་བུ་མིན་ནམསྙམ་ནས་ལུས་པོ་སྲ་སྲ་བྱས་ནས་བསྡད།ཡིན་ནའང་ཁོའི་སྙིང་ཆུང་ལྟིག་ལྟིག་ཏུ་འཕར།ཉེ་འཁོར་གྱི་མི་ཚོས་རང་ཤུགས་ཀྱིས་ཉེན་བརྡ་གྲགས་པའི་ཕྱོགས་སུ་མིག་རིག་རིག་གིས་བལྟས།ས་རུབ་མཚམས་ཀྱི་ཉེན་རྟོག་རླངས་འཁོར་གྱི་སྟེང་གི་གློག་གི་དཀར་འཚུབ་དམར་འཚུབ་དེ་སྔར་བས་ཀྱང་གསལ།ཁོའི་ཐད་ཕྱོགས་བརྒྱུད་སྐབས་ཅུང་མིན་ན་ཟུར་གྱི་ཚོང་ཁང་ནང་དུ་བྲོས།ཉེན་བརྡ་དེ་ནི་ཇི་འདྲའི་སྙིང་ལ་ཟུག་པ་ཞིགགློག་འཚུབ་དེ་ནི་ཇི་འདྲའི་མིག་ལ་གཙེ་བ་ཞིག

ཉེན་བརྡ་དེ་གང་ཞིག་ཏུ་འཇགས་རྗེས་ཚེ་དབང་གིས་ད་གཟོད་རང་ཉིད་མཚན་མོ་ཞེས་པའི་སྲོག་ཆགས་ཡོད་ཚད་རང་མལ་སྙེག་ཅིང་ཉལ་བའི་དུས་ཚོད་དུ་ཐོན་ཟིན་པའི་ཚོར་བ་བྱུང་།ད་ནི་ཡང་བསྐྱར་འགྲོན་ཁང་འཚོལ་དགོས།འགྲོན་ཁང་གོང་སླ་བོ་ཅན་ཞིག་མིན་ན་སྒོར་གྱིས་མི་འདང་།མདང་ནུབ་ཀྱི་འགྲོན་ཁང་ལྟ་བུ་ཞིག་རག་ཀྱང་གོང་མ་ཆེ་ན་མི་ཆུང་།ཁོས་ཡང་བསྐྱར་གློག་འོད་ཆེམ་ཆེམ་ཁྲོད་ནས་འགྲོན་ཁང་བཙལ།འགྲོན་ཁང་གི་བདག་དམ་མཁན་མང་པོ་ཞིག་གིས་རང་ཉིད་ལ་ལྟ་ཡང་མི་ལྟ།མང་པོ་ཞིག་གི་སྐད་མི་གོགོ་ཙམ་བྱུང་ཡང་གོང་ཆེན་ཤ་སྟག་ལས་མི་འདུགམདང་ནུབ་ཀྱི་འགྲོན་ཁང་ཡང་གང་ཞིག་ཏུ་གནས་སྤར་སོང་བ་ལྟར་མི་རྙེད།ད་ནི་སྤྲང་བོའམ་སྨྱོན་པ་ཞིག་ལྟར་ཁང་བའི་ཕྱིའི་གྲུ་ཟུར་ཞིག་ནས་ཉལ་རྒྱུ་ལས་འོས་མེད་པར་སྙམ།ས་འདིར་ཁོས་བཀའ་དྲིན་ཞུ་དགོས་སའམ་ཡང་ན་ཁོར་ཡིད་དུ་འཐད་པ་གཅིག་ཡོད་པ་ནི་གནམ་གཤིས་ཤིན་ཏུ་དྲོ་ཞིང་འཇམ་པ་དེ་རེད།མཚན་མོ་དེར་ཐོག་ཁང་མཐོན་པོ་ཞིག་གི་སྒོ་ཆེན་གྱི་ཁྱམས་འོག་ནས་སློག་པས་མགོ་བོ་བཏུམས་སྟེ་ཉལ་མོད་འཁྱག་ཚོར་ཆེར་མ་བྱུང་བར་ཞོགས་པར་སྲང་ལམ་ཕྱགས་མཁན་གྱིསཤགཤགགི་སྒྲས་གཉིད་ལས་བསླངས་རག་བར་ཐེངས་གཅིག་ཀྱང་མ་སད།དེ་ནི་ཁ་སང་ལུས་སེམས་གཉིས་ཀ་ཐང་ཧ་ཅང་ཆད་པས་ཡིན་ངེས།

ཚེ་དབང་གིས་ཉིན་གསུམ་གྱི་བར་དེ་ལྟར་གཡོག་འདུག་བྱེད་ས་བཙལ།ད་ནི་ལས་ཀ་ཞིག་མ་རྙེད་ཚེ་དངོས་གནས་མཐེ་བོང་བསྟན་དེ་སློང་མོ་བྱེད་རྒྱུ་ལས་འོས་མེད་དེ།སྒོར་ཁུག་ཏུ་སྒོར་གཉིས་དང་ཟུར་གསུམ་ལས་མ་ལྷགཁོར་འཚུབ་ཆ་ལངས།འཚུབ་ཆ་ལངས་པས་བླ་མ་དཀོན་མཆོག་དང་ཡུལ་ལྷ་གཞི་བདག་ལ་གསོལ་བ་བཏབས།སྔོན་ཆད་དཀོན་མཆོག་དང་ཡུལ་ལྷ་གཞི་བདག་ལ་གསོལ་བ་བཏབས་པ་ནི་ཁ་ཙམ་ལས་མེད་ཅིང་།ད་ཐེངས་སྐྱབས་དང་དཔུང་གཉེན་མཛོད་ཅིག་སྙམ་པའི་འདུ་ཤེས་སེམས་གཏིང་ནས་བྱུང་།དད་འདུན་དེ་འདྲ་ནི་གནད་འགག་ལ་མ་ཐུག་གི་བར་དུ་འོང་མ་མྱོང་བ་ད་གཟོད་རྟོགས་པས་རང་གིས་རང་ལ་ཁྲེལ་དགོས་པའི་ཚད་དུའང་ཐོན།ཡང་མཚམས་རེར་རང་ཉིད་ནི་རྒྱུ་འབྲས་སྣོག་མཁན་ནམ་ལས་ནག་པོ་བསགས་པའི་མི་ཞིག་ཡིན་པས་ན་ལྷ་ཡིས་སྙིང་རྗེ་སྒོམ་མིན་ལ་དོགས་པའང་ཟ་དགོས་བྱུང་།  

ཁོ་ཐོག་ཁང་ཆེན་མོའི་སྒོ་ཆེན་གྱི་ཁྱམས་འོག་ནས་དེ་ལྟར་ཞག་གསུམ་ལ་ཉལ་དགོས་ཐུགཟས་གོས་གནས་མལ་གྱིས་སྟོངས་པའི་སྤྲང་སློང་བཞིན་དུ།ལུས་སེམས་རང་དབང་ན་མེད་པའི་སྨྱོན་པ་ལྡོམ་པོ་བཞིན་དུ།  

ཉིན་བཞི་བའི་ཕྱི་དྲོར་ད་གཟོད་བོད་ལྭ་གྱོན་མེད་པའི་སྐྱེས་པ་ལོ་ན་བཞི་བཅུ་ཡས་མས་ཅན་ཞིག་གིས་ཁོ་ལ་ལས་ཀར་གཡོག་འདུག་བྱེད་མཁན་ཡིན་མིན་དྲིས་བྱུང་།    དེ་ནི་ཁོ་ལ་མཚོན་ནརྨ་བྱས་དབྱར་རྔའི་སྒྲ་ཐོས་པལྟ་བུའི་དགའ་བ་དཔག་མེད་སྐྱེས།ཁོ་གཉིས་ཀྱིས་ཕན་ཚུན་ཁ་བརྡ་ལབ་པའི་ཕྱེད་ཀ་ཞིག་ལས་གོ་བརྡ་མི་འཕྲོད་མོད།མཐར་སྐྱེས་པ་ཆ་མེད་དེ་བ་ཚང་གིས་རེ་ཞིག་གཡོག་ཏུ་ཉར་རྒྱུ་བྱས་སོང་།ཁོ་རང་འཕྲད་ས་དེ་ནི་ཕ་ཡུལ་ལྟར་འབྲོག་པ་འཕྲུལ་རྟ་ཅན་ཞིག་མ་ཡིན་པར་རླངས་འཁོར་འཕོངས་སྒམ་ཆུང་ཆུང་ཅན་སྐོར་མཁན་ཞིག་རེད།སྐྱེས་པའི་ཟུར་དུ་བུད་མེད་ལོ་ན་སུམ་ཅུ་ཡས་མས་ཅན་ཞིག་བསྡད།ཚེ་དབང་རྒྱབ་ཏུ་བསྡད་དེ་ཉི་མ་ནུབ་ཕྱོགས་སུ་ལམ་ལ་ཆས།ཚེ་དབང་དཀའ་ཁག་ལ་འཕྲད་སའི་རྫོང་མཁར་དེ་དང་གྱེས་པས་སེམས་སུ་དགེ་བ་ཞིག་ཐོབ།སྐྱེས་པ་དེས་རླངས་འཁོར་བསྐོར་ཞོར་དུ་ལག་གཡས་པས་ཟུར་གྱི་བུད་མེད་དེའི་བླ་དང་བྲང་སོགས་ལ་རེག་རེག་མང་པོ་བྱེད་ཅིང་།ཕན་ཚུན་རྩེ་རྩེ་དགོད་དགོད་སྣ་ཚོགས་བྱེད།ཚེ་དབང་གིས་རང་གི་ཆུང་མ་དྲན་ནས་ལུས་ལ་ཟ་ཕྲུག་ལངས།    

ཉི་མ་ནུབ་ཕྱོགས་སུ་ཆུ་ཚོད་གཅིག་ཙམ་བསྐྱོད་རྗེས་རི་གཟར་མོ་དང་བར་དོག་པོ་དག་རིམ་བཞིན་ཇེ་དམའ་དང་ཇེ་ཡངས་སུ་གྱུར་ནས་མཐར་རོང་མ་འབྲོག་གི་ས་ཆ་ཞིག་མིག་ལམ་དུ་ཤར་འོང་།རླངས་འཁོར་གྱི་སྒེའུ་ཁུང་ལས་རྟ་ནོར་འགའ་རེ་དང་བོང་བུ།ར་མ་སོགས་སྒོ་ཕྱུགས་རེ་ཟུང་མཐོང་བས་ཚེ་དབང་ལ་དགའ་སྐྱོ་ཟུང་དེ་སྨྲ་མི་ཤེས་པའི་ཚོར་བ་ཞིག་ཐོན་ནས་མིག་ཟུང་ལས་ཅུང་མིན་ན་མཆི་མ་འཐོར་སོང་།གལ་ཏེ་མཆི་མ་འཐོར་ནའང་མདུན་གྱི་ཁ་ལོ་བ་དང་ཟུར་གྱི་བུད་མེད་དེ་གཉིས་ཀྱིས་རྒྱབ་ན་མི་ཞིག་ཡོད་པ་གཏིང་བརྗེད་དུ་སོང་བ་ལྟར་དགའ་རྩེད་ཀྱི་སྒོ་མོ་ཡོངས་སུ་ཕྱེས་པས་མཉམ་འཇོག་བྱེད་མི་སྲིད།

ས་འདིའི་འབྲོག་པ་ཚོའང་ཚེ་དབང་གི་ཕ་ཡུལ་གྱི་ཉེ་བའི་ལོ་ཁ་ཤས་རིང་གི་འབྲོག་པ་ཚོ་ལྟར་སྦྲ་ནག་ཅན་ཞིག་ཕལ་ཆེར་མཐོང་རྒྱུ་མེད་པ་འདྲ།རྒྱ་གུར་དང་བོད་གུར་གང་ཡིན་ཐག་མི་ཆོད་པ་མང་པོ་མཐོང་རྒྱུ་འདུགམཚམས་ཤིག་ཏུ་ཁ་ལོ་བ་དང་བུད་མེད་གཉིས་ཀྱིས་རླངས་འཁོར་གྱི་སྒེའུ་ཁུང་ལས་ཕར་ཕྱོགས་སུ་ཡང་ཡང་ལྟ་བཞིན་འདུག་ལ།མདུན་བསྐྱོད་ཀྱི་མགྱོགས་ཚད་ཀྱང་ཇེ་དལ་ཇེ་དལ་དུ་གྱུར།བུད་མེད་དང་སྐྱེས་པ་གཉིས་ཁ་འབྲལ་འདོད་ལ་མི་འདོད་པ་ལྟར་བྱས་རྗེས་བུད་མེད་དེ་ས་དེ་རུ་བབས་སོང་།མོ་ཕར་ཕྱོགས་ཀྱི་གུར་དཀར་པོ་ནོར་ཁ་ཤས་མཐའ་ན་འཁོར་ཡོད་ས་དེའི་ཕྱོགས་སུ་འགྲོ་གིན་འདུག་ལ།ཁ་ལོ་བས་རླངས་འཁོར་ཁ་དཀྱུ་ཉིས་ལག་གིས་དཀྱུ་ཞོར་ཕྱིར་བལྟས་ཡང་ཡང་བྱས།སྐར་མ་བཅུ་ཁ་ཞིག་ཏུ་ཁོ་གཉིས་ལ་སྨྲ་བ་ཅི་ཡང་མེད་པར་མདུན་དུ་བསྐྱོད།མཐར་ཁ་ལོ་བས་སྐེ་གཡས་ལ་གཅུ་ཙམ་བྱས་ནས་ད་གཟོད་ཚེ་དབང་ལ་སྐད་ཆ་རེ་ལབ་སོང་།དེ་རིང་ངས་རླངས་འཁོར་དུ་བུད་མེད་ཅིག་བསྡད་པ་ངའི་ཆུང་མ་ལ་བཤད་མི་ཉན་ཨཨ་ག་རེ་ཟེར་བ་ཡིན་གོ་མ་སོང་ཧུ་ཧུདེ་རིང་ངས་རླངས་འཁོར་དུ་བུད་མེད་ཅིག་བསྡད་པ་ངའི་ཆུང་མ་ལ་བཤད་མི་ཉན་ཨ  “ཨོ་ཡ་ཡད་ངེད་གཉིས་ཡུལ་དུ་ཐོན་པར་ཅང་མི་འདུག  “འོ་ཡ ཚེ་དབང་ལ་ཕྱོགས་གཅིག་ནས་རང་ཡུལ་དངོས་ལ་ཐོན་པ་ལྟ་བུའི་དགའ་ཚོར་སྐྱེས་པ་དང་།ཕྱོགས་གཅིག་ནས་ཁྱིམ་དེ་ནས་རང་ཉིད་ཀྱིས་ས་མཐའི་འཚོ་བ་ཇི་འདྲ་ཞིག་རོལ་ཐུབ་མིན།གལ་ཏེ་ཉིན་ཁ་ཤས་ཀྱིས་སྒོ་རུ་བདས་ན་ཡང་བསྐྱར་ཉིན་འདི་འགའི་རིང་ལྟར་གཡོག་འདུག་བྱེད་ས་མི་རྙེད་པར་སྤྲང་བོ་དང་སྨྱོན་པའི་འཚོ་བ་ལྟ་བུ་རོལ་དགོས་མིན་སོགས་ཐེ་ཚོམ་གྱི་རྒྱ་རུ་ཚུད།  

རྒྱང་མིག་ཆད་དེ་ས་རུབ་འགྲོ་བའི་སྐབས་སུ་ཁོ་གཉིས་ཁོ་ཚང་ཡིན་ལ་མ་ཡིན་པ་དེར་ཐོན།ལོ་བདུན་བརྒྱད་དང་བརྒྱད་དགུ་ཅན་གྱི་བྱིས་པ་གཉིས་རླངས་འཁོར་སྔོན་དུ་ཨ་ཕ་བསུ་བར་རྒྱུག་འོང་།བདག་པོ་ཚང་གི་བཟའ་ཟླ་ཡིན་ངེས་སྙམ་པའི་བུད་མེད་ཅིག་གིས་ཁོ་གཉིས་ཀྱི་ཕྱོགས་སུ་ཡང་ཡང་བལྟ་བཞིན་ནོར་འདོག་གིན་འདུགནོར་ནི་མང་པོ་མི་འདུག་སྟེ། ཚེ་དབང་གི་ཕ་ཡུལ་གྱི་དབུལ་བོའི་གྲས་ཀྱི་ཁྱིམ་ཚང་ཞིག་གི་ནོར་གྱི་ཁ་གྲངས་ལྟར་ཉུང་རིག་རིག་བྱེད།ཚེ་དབང་གི་སེམས་སུ་གལ་ཏེ་རང་ཉིད་སང་ཉིན་ནས་ཁོ་ཚང་གི་ནོར་རྫིར་ཉར་ན་དཀའ་ལས་ཆེན་པོ་གང་ཡང་མྱོང་མི་དགོས་སྙམ།སྒོ་ཁྱི་ནག་པོ་ཞིག་གིས་ཕར་ཕྱོགས་ནས་ཟུག་ཙམ་རེ་བྱེད་པ་ལས་ཁོའི་ཕ་ཡུལ་གྱི་ཁྱིམ་ཚང་ཚོ་ལྟར་འཐེན་པ་དང་ངར་ངར་གང་ཡང་མི་བྱེད།ཚེ་དབང་གི་སེམས་ནས་འདི་བ་ཚང་གི་མི་འདི་བ་ཚང་གི་སྒོ་ཁྱི་ལྟར་གཡུང་མོ་དང་འཇམ་པོ་ཞིག་ཡིན་ན་ཅི་མ་རུང་སྙམ།

མཚན་མོ་དེར་ཚེ་དབང་གིས་རིན་མི་དགོས་པའི་ཟ་མ་རྒྱག་ཚད་ཅིག་ཟ་ཐུབ་པ་བྱུང་ཞིང་།རིན་མི་དགོས་པའི་མལ་ས་ཞིག་རྙེད་སོང་བས་སྔ་ན་མེད་པའི་བདེ་སྐྱིད་ཀྱི་སྣང་བ་བྱུང་།མཚན་མོ་དེར་ཉིན་མང་པོར་མ་རག་པའི་མལ་ས་བདེ་དྲོན་ཅན་ཞིག་རྙེད་པས།རང་གི་སྔོན་གྱི་བྱས་ཉེས་དང་མ་འོང་པའི་མདུན་ལམ་སོགས་ལའང་བསམ་བློ་འཁོར་ལོངས་མ་བྱུང་བར་གཉིད་ལ་ཤོར།ཡིན་ནའང་གཉིད་རྗེས་རྨི་ལམ་རིང་མོ་ཞིག་བཏང་།ས་མཐའ་ནས་ཁོས་ཕ་ཡུལ་དྲན་ནས་ཉི་མ་རེ་རེར་ཤ་ཤོར་དེ་རུས་པར་ཐུགརུས་པ་པགས་པས་བཏུམས་པ་དེའང་རུས་མགོ་དག་ནས་ལྭ་ཧྲལ་པོ་བཞིན་རལ།ཉེན་རྟོག་པ་མང་པོས་རུབ་རུབ་ཀྱིས་རུས་སྒྲོམ་ལ་སྦོམ་ཞིང་འོད་འཁྱུག་པའི་རྐང་ལྕགས་དང་ལག་ལྕགས་བརྒྱབརྡོ་སོལ་བུས་པའི་ལྕགས་ཐབ་དམར་སྒོང་ངེ་བ་ཞིག་ལ་བསྲོས་ནས་རུས་པར་ཚ་ངར་རྒྱས་ཏེ་རུས་སྒྲོམ་འཐོར་ནས་ལྕགས་དང་རུས་པ་འཐོར་ཏེ་ཁྲོག་སྒྲ་དང་བཅས་སར་ལྷུང་།མགོ་བོ་གནམ་བཏགས་བྱས་པ་གཅིག་པུས་ད་དུང་ལྕགས་ཐབ་ཀྱི་ཚ་བ་ཆེན་པོ་མྱོང་།ཐོག་མར་མིག་གཉིས་ཞུ་ཞིང་ཆུ་ཐིགས་སིར་སྒྲ་དང་བཅས་ལྕགས་ཐབ་ཀྱི་སྟེང་དུ་འཐོར།སྐྲ་དག་གཞོབ་ནས་ཧྲག་ཧྲག་གི་སྒྲ་གྲགས།སྒྲ་དེ་ནི་དབྱར་གྱི་འབྲུག་སྒྲ་ལྟར་ཇེ་ཆེར་གྱུར་བས་མགོ་བོ་ལག་པས་འགེབ་སྙམ་གྱིས་ཤུགས་ཀྱིས་ལག་པ་ཡར་བཀྱགས་པ་ན་ལག་པ་སྔ་མོ་ནས་ཐང་དུ་ལྷུང་ཟིན་པས་འཇིགས་སྐྲག་གིས་འོ་དོད་ཅིག་བོས་པ་ན་གཉིད་ལས་སད།བདག་པོ་བཟའ་ཟླ་གཉིས་ཀྱིས་མ་ཁྱིམ་ཕུགས་ཀྱི་མལ་ས་ལས་མགོ་བོ་བཀྱགས་ཏེཚེ་་་་་་ཚེ་་་་་་ཨ་རོགས་ཁྱོད་ལ་ཅི་བྱུང་བ་རེདཅེས་མིང་མ་དྲན་པར་ས་འབོད་རྡོ་འབོད་བྱེད་ཀྱིན་འདུག


རྩོམ་སྒྲིག་པ། (སྒྲོལ་མ་གཡང་མཚོ།)