རོང་བཙན་ཁ་བ་དཀར་པོ་དང་འབྲེལ་བའི་ཡིག་ཚང་རྙིང་པ་སྐོར་གྱི་དཔྱད་གླེང་།
རྩོམ་པ་པོ། དགེ་འདུན་ཕུན་ཚོགས། དུས་ཚོད། 2017-11-22 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 83

ཡུལ་ལྷ་གཞི་བདག་དང་གནས་རིའི་དད་མོས་ནི་བོད་རིགས་གང་དུ་ཡོད་པའི་ས་ཕྱོགས་དེར་ཁྱབ་ཡོད་པདད་མོས་དེ་དང་འབྲེལ་ཡོད་ཀྱི་ཡིག་ཚང་ནི་བོད་རིགས་ཀྱི་རི་རྒྱལ་ལྷུན་པོའི་གཏོས་དང་མཉམ་པའི་ཡིག་ཚང་གི་ཁྲོད་ལས་ཧ་ཅང་འགངས་ཆེ་བ་རིགས་ཤིག་ཡིན་པ་ནི་བཤད་མ་དགོས་པ་ཞིག་རེད།རོང་བཙན་ཁ་བ་དཀར་པོ་ནི་ཡུན་ནན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱི་མཚམས་སུ་ཆགསཔའི་བོད་གངས་ཅན་གྱི་གནས་རི་གྲགས་ཅན་ཞིག་དང་ཡུལ་དེའི་གཞི་བདག་གམ་ཡུལ་ལྷ་གཙོ་བོ་ཞིག་ཀྱང་ཡིན།དུས་རབས་བཅུ་གསུམ་པ་ནས་བཟུང་།ཀརྨ་པཀྵི་དང་ཀརྨ་པ་རང་བྱུང་རྡོ་རྗེ།ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ།ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ་སོགས་གྲུབ་མཐའ་རིས་མེད་ཀྱི་སྐྱེས་ཆེན་དམ་པ་རིམ་བྱོན་གྱིས་ཡུལ་འདིར་ཞབས་ཀྱི་པདྨོ་བཀོད་ནས་སེར་སྐྱ་མང་ཚོགས་དག་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའམ་དབེན་པའི་གནས་སུ་འགྲེམས་ནས་ཆོས་ཀྱི་ཉམས་ལེན་མཛད་པའི་སྐབས་སུ།ཁ་བ་དཀར་པོའི་སྐོར་གྱི་གནས་ཡིག་དང་གནས་བསྟོད། བསང་མཆོད།གསོལ་ཁ་སོགས་རྨད་དུ་བྱུང་བའི་ཡིག་ཚང་སྣ་ཚོགས་བརྩམས་ཡོད་ལ།ཡིག་ཚང་དེ་དག་ནི་རིན་ཐང་གཞལ་དུ་མེད་པའི་གཅེས་ནོར་རེད། ཡིག་ཚང་དེ་དག་ལ་བརྟེན་ནས་ཁ་བ་དཀར་པོ་ཡང་སྤྱི་བཏང་གི་ཡུལ་ལྷའམ་གཞི་བདག་གི་གྲསས་གངས་རིའི་ར་བ་ཡོངས་སུ་སྙན་པའི་གྲགས་པ་ཁྱབ་པའི་གནས་རི་གྲགས་ཅན་ཞིག་ཏུ་གྱུར་ཡོད་པ་རེད།ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ།ཡིག་ཚང་དེ་དག་ལས་མང་པོ་ཞིག་ལ་བགེགས་རྐྱེན་སྣ་ཚོགས་བྱུང་བས་མི་མངོན་བའི་དབྱིངས་སུ་ཐིམ་སོང་མོད།ཡིན་ན་ཡང་ཡིག་ཚང་འགའ་ཞིག་ནི་དོན་གཉེར་ཅན་འགའི་བཀའ་དྲིན་ལ་བརྟེན་ནས་ད་རུང་མི་ཡུལ་དུ་ཉར་ཚགས་བྱས་ཐུབ་ཡོད་པ། སྐབས་འདིར་དུས་རབས་བཅུ་གསུམ་པ་ནས་དུས་རབས་བཅུ་དགུ་བར་དུ་བྱུང་བའི་རོང་བཙན་ཁ་བ་དཀར་པོའི་སྐོར་གྱི་ཡིག་ཚང་རྙིང་པ་དག་འཚོལ་སྡུད་དང་ཕྱོགས་བསྒྲིགས་བྱས་ནས་དཔྱད་པར་གཏོང་རྒྱུའི་ལས་ལ་འཇུག་པ་བྱ་བ་ཡིན་ལ།དེ་ནི་རིག་གཞུང་གི་རིན་ཐང་དང་དངོས་ཡོད་ལག་ལེན་གྱི་སྙིང་པོ་ཡང་མི་དམན་པ་ཞིག་ལྡན་པའི་རྣམ་དཀར་གྱི་ལས་ཞིག་ཡིན་པར་འདོད་དོ ། །

  དང་པོ།  རོང་བཙན་ཁ་བ་དཀར་པོའི་སྐོར་གྱི་ཡིག་ཚང་རྙིང་པའི་རྣམ་གཞག 

          ཡིག་ཚ་ཞེས་པ་ནི་ཤེས་བྱ་དང་བརྡ་འཕྲིན་འཁོད་པའི་ཐེག་བྱེད་ཡོད་དོ་ཅོལ་བྱ་བ་དང་།དེའི་རྣམ་པ་ནི་ཡི་གེ་དང་རི་མོ།མཚོན་རྟགས།སྒྲགཟུགས་ལ་སོགས་ཡོད་མོདད་ལྟར་འདིར་བརྗོད་པར་བྱ་བ་ནི་ལོ་རྒྱུས་ཐོག་ཏུ་སྐྱེས་ཆེན་དམ་པ་ཚོས་མཛད་པའི་གནས་ཆེན་ཁ་བ་དཀར་པོ་དང་འབྲེལ་ཡོད་ཀྱི་གནས་ཡིག་དང་གནས་བསྟོད།  བསང་མཆོད།གསོལ་ཁའི་ཡི་གེ   ཀ་བཤད་བཅས་ཡིན།ཡིག་ཚང་དེ་དག་ལས་འགའ་ཞིག་དགོན་སྡེ་དང་དཔེ་མཛོད་ཁང་།བཤམས་སྟོན་ཁང་དུ་ཉར་ཚགས་བྱས་ཡོད་པ་དང་།འགའ་ཞིག་དམངས་ཁྲོད་དུ་མི་སྒེར་གྱིས་ཉར་ཚགས་བྱས་ཡོད།ད་རུང་འགའ་ཞིག་ནི་ཡི་གེ་བོར་བརླགས་སོང་ཟིན་ན་ཡང་མི་རྒན་བགྲེས་སོང་འགའི་དྲན་འཛིན་དབང་པོ་བརྟེན་ནས་ངག་སྐྱོར་གྱི་ནང་དོན་ཡི་གེར་ཕབ་ནས་ཉར་ཚགས་བྱས་ཡོད་པ་རེད།ད་སྔར་ལག་ཏུ་སོན་པའི་རོང་བཙན་ཁ་བ་དཀར་པོའི་ཡིག་ཚང་རྙིང་པ་ཚང་མ་ཕྱོགས་གཅིག་ཏུ་བསྡུས་ནཁྱོན་བསྡོམས་བམ་པོབཅུ་དྲུག་ཡོད་དེ་གཤམ་དུ་རིགས་སོ་སོའི་རྣམ་གཞག་ཙམ་བསྟན་པར་བྱ་རྒྱུ་ཡིན། 

དང་པོབསང་ཡིག

དེ་ཡང་བསང་གི་མཚན་ཉིད་ལཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས།དག་བྱེད་དྲི་ཞིམ་གྱི་མཆོད་པའི་ཆོ་ག་གང་ཞིག །ཉེས་སྐྱོན་གྱི་སྒྲིབ་བྱེད་ཐམས་ཅད་བྱང་ཞིང་།།བདེ་ལེགས་སྟེར་བའི་ནུས་པ་ལྡན་པ་ཉིད་དོ། །ཞེས་པ་ལྟར། བསང་ནི་མཆོད་ཡུལ་བླ་མ་མཆོག་གསུམ། ཡུལ་ལྷ་གཞི་བདག་སོགས་རྟེན་དང་བཅས་ལ་མ་གུས་པ་དང་བག་མེད་པའི་དབང་གིས་མི་གཙང་བའི་རིགས་ཀྱི་གོས་པའམ། འགོམ་ཡུག་སོགས་དམ་ཚིག་ཉམས་ཆག་ཤོར་བ་དང་།དེའི་རྐྱེན་གྱིས་གྲིབ་རིགས་དང་རྨོངས་སྨྱོ་ལ་སོགས་པའི་ལུས་སེམས་ཀྱི་ནད་རིགས་གདོན་བགེགས་རྐྱེན་ངན་བར་ཆད་ཅི་འབྱུང་བ་ཐམས་ཅད་སེལ་ཞིང་།ལེགས་ཚོགས་ཐམས་ཅད་དར་ཞིང་རྒྱས་པའི་ཆེད་དུ།མི་གཙང་པའི་རིགས་སེལ་བྱེད་བསང་གསོལ་བྱེད་ཀྱིན་ཡོད་པར་གོ་དགོས་པ་སེམས།དེ་ཡང་བསང་མཆོད་མི་གཙང་བའི་རིགས་མཐའ་ད་སེལ་བྱེད་ཆོས་ལུགས་ཀྱི་ཆོ་ག་ཞིག་ཡིན་པ་དང་དེའི་ཕན་ཡོན་ཀྱང་ཀུན་མཁྱེན་མི་ཕམ་རིན་པོ་ཆེས“འདི་ཡིས་རླུང་རྟ་གུད་པ་གསོ།།དགེ་མཚན་རྟེན་འབྲེལ་ཕྱོགས་མེད་རྒྱས།།སྙན་གྲགས་རྒྱལ་མཚན་སྲིད་ན་མཐོ།།མཆོག་ཐུན་དངོས་གྲུབ་ཡིད་བཞིན་འགྲུབ།།” ཅེས་གསུངས་པ་ལྟར།བསང་གསོལ་བ་དར་ཁྱབ་ཀྱི་ཁོངས་གཏོགས་ཀྱི་ཆ་ནས་བཤད་ན།སྟོད་མངའ་རིས་ནས།བར་དབུས་གཙང་ལྷོ་བྱང་།སྨད་མདོ་ཁམས་བར་ལ་ཡོངས་སུ་ཁྱབ་པར་མ་ཟད།ཐ་ན་བོད་རིགས་གང་དུ་ཡོད་པའི་ས་ཕྱོགས་དེར་ལྷ་གསོལ་བསང་གཏོང་གི་ཡུལ་སྲོལ་གོམས་གཤིས་འདི་ཁྱབ་ཡོད་པརསྣང་།མདོར་བསྡུས་ནས་བཤད་ན།བསང་ཡིག་ནི་བསང་གསོལ་བའི་ཆོ་གའི་ཁྲོད་ཀྱི་འདོན་ཆ་ཞིག་ཡིན།

བསང་ཡིག་ལ་རིགས་སུ་དབྱེ་ན་རི་བསང་དང་ཀླུ་བསང་།ཐབ་བསང་སོགས་ཀྱི་འདོན་ཆ་འདྲ་མིན་སྣ་ཚོགས་ཡོད་པ་དང་དེ་དག་ནི་གྲུབ་པ་ཐོབ་པའི་བླ་སྤྲུལ་སྐྱེས་ཆེན་དམ་པ་རྣམས་ཀྱིས་བརྩམས་པས་སོ་སོ་སྐྱེ་བོས་རང་གི་དགོས་མཁོ་ལྟར་ངག་ན་སྐྱོར་པའམ་ཡི་གེ་ཇི་བཞིན་འདོན་པ་ཡིན།སྐབས་སུ་བབས་པའི་གླེང་བྱ་ནི་རོང་བཙན་ཁ་བ་དཀར་པོ་དང་འབྲེལ་ཡོད་ཀྱི་བསང་ཡིག་ཡིན།མིག་སྔར་མཐོང་བར་གྱུར་པའི་ཁ་བ་དཀར་པོ་དང་འབྲེལ་ཡོད་ཀྱི་བསང་ཡིག་གམ་བསང་མཆོད་ཀྱི་ཡི་གེ བདུནཡོད་དེསོ་སོ་ནིགནས་ཆེན་ཁ་བ་དཀར་པོའི་བསང་ཡིག་དངོས་གྲུབ་ཆར་འབེབས་བཞུགས་སོདང་གནས་ཆེན་ཁ་བ་དཀར་པོའི་བསང་མཆོད་མདོར་བསྡུས་བཞུགས་སོགནས་ཆེན་ཁ་བ་དཀར་པོའི་བསང་ཡིགབསང་གི་ཆོ་ག་དངོས་གྲུབ་ཀུན་འབྱུང་ཞེས་བྱ་བ་བཞུགས་སོགནས་ཆེན་ཁ་བ་དཀར་པོའི་བསང་ཡིག་ཆེན་པོ་བཞུགས་སོགནས་མཆོག་ཁ་བ་དཀར་པོའི་བསངས་མཆོད་བསྡུས་པ་གནས་ཆེན་ཁ་བ་དཀར་པོའི་གསོལ་མཆོདབསང་མཆོད་ཀུན་བཟང་མཆོད་སྤྲིནབཅས་ཡིན་ནོ།།

གཉིས་པགནས་བསྟོད།

    གནས་བསྟོད་ཅེས་པའི་གནས་ནི་ཆོས་ལུགས་ཀྱི་སྐུ་གསུང་ཐུགས་རྟེན་བཞུགས་སའི་དགོན་པ་སོགས་ལྟ་བུ་གནས་འགངས་ཅན་དང་ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོ་ལྡན་པའམ་ནུས་པ་ཆེན་པོ་ཐོན་མྱོང་བའི་སར་ཞེས་པ་དང་།གནས་བསྟོད་ཅེས་པ་ནི་གནས་ཁྱད་པར་ཅན་ལ་སྐྱེས་ཆེན་དམ་པ་རྣམས་ཀྱིས་བསྟོད་བསྔགས་ཀྱི་ཚུལ་དུ་བརྗོད་པའི་ཚིག་སྦྱོར་ལ་ཟེར།སྐབས་སུ་བབས་པའི་གནས་ནི་གནས་ཆེན་ཁ་བ་དཀར་པོ་དང་དེའི་སྐོར་གྱི་བསྟོད་ཚིག་གི་ཡིག་ཚ་ནི་ཀརྨ་པ་སྐུ་ཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོས་མཛད་པའི་གནས་ཆེན་ཁ་བ་དཀར་པོའི་གནས་བསྟོད་བཞུགས་སོདང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་མཛད་པའིཁ་བ་དཀར་པོའི་གནས་བདག་རྩ་གསུམ་ཞིང་སྐྱོང་གི་མཆོད་སྤྲིན་འདོད་འཇོ་བ་མོཞེས་བྱ་བགཉིས་འདུག  

གསུམ་པགནས་ཡིག

གནས་དེའི་དབྱིབས་རྣམ་གཙོ་བོར་བརྗོད་པར་གནས་ཡིག་དང་།བོད་རྒྱ་ཚིག་མཛོད་ཆེན་མོལས་གནས་ཡིག་ལ“ལྷ་ཁང་དང་གནས་ཀྱི་ལོ་རྒྱུས་ཀྱི་ཡི་གེ” ཞེས་བྱ་བ།སྐབས་འགར་གནས་ཡིག་དང་ལམ་ཡིག་ནི་དོན་གཅིག་ཏུ་སྣང་ལ། གནས་ཤིག་གི་གནས་སྒོ་ཕྱེས་རྗེས། གནས་སྒོ་ཕྱེས་པ་པོས་གནས་སྒོ་ཕྱེ་བའི་སྐབས་སུ་འགྲོ་མྱོང་སའི་ལམ་དེ་མི་ནོར་བའི་ཆེད་དུ་ས་མིང་དུ་བཅས་པ་བཀོད་དེ་སུག་བྲིས་སུ་བགྱིས་པའི་ཡི་གེའི་རིགས་ཤིག་སྟེ།རྗེས་མའི་གནས་སྐོར་བ་རྣམས་ཀྱིས་ཡི་གེ་འདི་གཞིར་བཟུང་ནས་རིམ་པ་ལྟར་བགྲོད་ཆོག་པས་གནས་ཇལ་གྱི་ལམ་སྟོན་བྱེད་ཀྱི་ཕྱོགས་སྟོན་འཁོར་ལོ་ལྟ་བུ་ཞིག་ཡིན། དུས་རབས་བཅུ་གསུམ་ནས་བཅུ་དགུའི་བར་དུ་བྱུང་བའི་ཁ་བ་དཀར་པོའི་སྐོར་གྱི་གནས་ཡིག་གམ་ལམ་ཡིགབམ་པོ་གཉིསཡོད་དེ། སོ་སོ་ནི་གནས་མཆོག་ཁ་བ་དཀར་པོའི་རྒྱབ་གནས་གནས་ཡིག་ཆེན་པོ་བཞུགས་སོ།དང་།གླེགས་བམ་གནས་ཡིག་བྱ་བ་བཞུགས་སོབཅས་སོ།

བཞི་པགསོལ་ཁའི་ཡི་གེ།

ལྷ་དང་སྲུང་མའི་ཐུགས་དགྱེས་པར་བྱེད་ཅིང་།ཉམས་ཆག་གི་ཉེས་པ་གསོ་བར་བྱེད་པའི་ཆོ་གའི་སྐབས་སུ་འདོན་ཆ་ཞིག་ལ་ཟེར་ཞིང་གནས་རིའི་གསོལ་ཁའི་ཡི་གེ་ནི་གནས་སྐོར་གྱི་ལམ་ཁའི་ལྷ་ཁང་སོགས་སུ་བསང་དང་བཅས་པའི་མཆོད་པ་འབུལ་བའི་ཆོ་གའི་སྐབས་ཀྱི་འདོན་ཆ་ཞིག་རེད།གསོལ་ཁའི་ཡི་གེའི་ནང་དུ་ལྷ་དང་སྲུང་མ་སོ་སོར་དགའ་བའི་བསྐང་རྫས་སོགས་ཀྱང་བྲིས་ཡོད་པས།གསོལ་ཁའི་ཡི་གེ་ནི་ཀུན་སྒྲོག་མི་བྱེད་ལ་ས་གནས་སོ་སོས་ཅུང་གསང་བའི་ཚུལ་དུ་ཉར་ཡོད།གནས་ཆེན་ཁ་བ་དཀར་པོའི་དུས་རབས་བཅུ་གསུམ་ནས་བཅུ་དགུའི་བར་དུ་བྱུང་བའི་གསོལ་ཁའི་ཡི་གེ་ནིགནས་ཆེན་ཁ་བ་དཀར་པོའི་གསོལ་ཁ་ཚད་མེད་དངོས་གྲུབ་དཔག་བསམ་ལྗོན་པའི་དགའ་ཚལ་ཞེས་བྱ་བ་བཞུགས་སོ།དང་གནས་ཆེན་ཁ་བ་དཀར་པོའི་གསོལ་ཁ་དངོས་གྲུབ་ཆར་འབེབས་ཞེས་བྱ་བ་བཞུགས་སོཁ་བ་དཀར་པའི་གསོལ་མཆོད་བསྡུས་པ།བཅས་གསུམ་ཡོད། 

ལྔ་པགཞན་དག 

དེ་མིན་སི་ཏུ་ཆོས་ཀྱི་རྒྱ་མཚོས་མཛད་པའི་གནས་སྐོར་གྱི་ཕན་ཡོན་རབ་འབྲིང་མཐའ་གསུམ་བརྗོད་པའི་ཡིག་ཚང་སྟེགནས་སྐོར་རབ་འབྲིང་མཐའ་གསུམ་གྱི་རྣམ་དབྱེ་བཞུགས་སོདང་ རྦ་ལྕོག་[1]བླ་མ་སྐུ་ཕྲེང་དྲུག་པ་བློ་བཟང་ཐབས་མཁས་བསྟན་པའི་དབང་ཕྱུག་དཔལ་བཟང་པོས་བརྩམས་པའི་ཀ་བཤད་[2]གཅིག་བཅས་ཡོད་དོ།།

གཉིས་པ།རོང་བཙན་ཁ་བ་དཀར་པོའི་སྐོར་གྱི་ཡིག་ཚང་རྙིང་པ་འགའི་མཛད་པ་པོ་དང་དུས་ཚིགས་ཀྱི་དོགས་དཔྱོད།

རོང་བཙན་ཁ་བ་དཀར་པོའི་ཡིག་ཚང་རྙིང་པའི་ཁྲོད་དུ།མང་ཆེ་བའི་མཛད་པ་པོ་དང་དུས་གང་དུ་བྱུང་བའི་ཚུལ་ནི་ཧ་ཅང་གསལ་པོ་བཀོད་ལ།ཡིན་ནའང་ཡིག་ཚང་རྙིང་པ་འགའ་ཞིག་གི་མཛད་པ་པོ་དང་དུས་གང་དུ་བྱུང་བའི་སྐོར་ལ་དོགས་གཞི་མི་ཉུང་བ་ཞིག་ཡོད་པས།སྐབས་འདིར་ཡིད་རྟོན་དུ་འཕེར་པའི་དཔང་པོ་བཙལ་ཅི་ཐུབ་ཀྱིས་དོགས་གཞི་བསལ་པའི་ངལ་བ་བགྱིས་སོ།།

གནས་ཆེན་ཁ་བ་དཀར་པོའི་བསང་ཡིག་དངོས་གྲུབ་ཆར་འབེབས་བཞུགས་སོཞེས་པའི་བསང་ཡིག་དེ་ནི་རྒྱལ་ཐང་ཤེས་རབ་རྒྱལ་མཚན་གྱིས“ཡུན་ནན་བོད་ཁུལ་དུ་རྙེད་པའི་བོད་ཡིག་གི་ཡིག་ཚང་སྔ་ཤོས་ཡིན་པ་དང་།དེར་བྲིས་མ་སྣ་ཁ་དུ་མ་ཡོད་མོད།པར་མ་ནི་སྡེ་དགེ་དཔལ་སྤུངས་པར་མ་མ་གཏོགས་མེད” ཅེས་པ་ལྟར། ཡིག་ཚང་འདི་ཡུན་ནན་བོད་ཁུལ་དུ་རྙེད་པའི་བོད་ཡིག་གི་ཡིག་ཚང་སྔ་ཤོས་ཡིན་མིན་གྱི་སྐོར་ནི་ད་རུང་དཔྱད་པ་གཏོང་དགོས་སྙམ་མོད།ཡིན་ནའང་དེ་ནི་ཁ་བ་དཀར་པོའི་སྐོར་གྱི་ཡིག་ཚང་ཧ་ཅང་འགངས་ཆེ་ཞིག་ཡིན་པ་ནི་ཁ་ཚོན་བཅད་དེ་བཤད་ཆོག་པ་རེད།ཡིག་ཚང་དེའི་མཇུག་གི་ཡིག་ཆུང་དུ“གནས་ཆེན་ཁ་བ་དཀར་པོ་བཅོམ་ལྡན་བདེ་མཆོག་ཕོ་བྲང་གི་བསང་མཆོད་དེ།རྗེ་རང་འབྱུང་རྡོ་རྗེས་མཛད་པའོ། །” ཞེས་བཀོད་ཡོད་ལ་།ཡང་ཆོས་འབྱུང་མཁས་པའི་དགའ་སྟོནདུ་ཀརྨ་པ་སྐུ་ཕྲེང་གསུམ་པ་རབ་བྱུང་རྡོ་རྗེའི་རྣམ་ཐར་ཁྲོད་དུ“རོང་བཙན་ཁ་བ་དཀར་པོ་དང་ཀམ་པོ་རྡོ་རྗེ་དཔལ་བརྩེགས་སོགས་ཀྱིས་སྤྱན་དྲངས་ཏེ་ཡུལ་གྲུ་དེ་དག་ཏུ་ཕན་བདེ་མཛད” ཅེས་པ །གོང་གི་ཡིག་ཚང་ཚད་ལྡན་དག་གཞིར་བཟུང་ན།  ཀརྨ་པ་རབ་བྱུང་རྡོ་རྗེ་ནི་དངོས་སུ་ཁ་བ་དཀར་པོའི་ཕྱོག་སུ་ཕེབས་ཡོད་ཡིག་ཚང་རྙིང་པ་དེའི་མཛད་པ་པོ་ནི་ཀརྨ་པ་རབ་བྱུང་རྡོ་རྗེ་བསྙོད་མེད་ཡིན།

གནས་ཆེན་ཁ་བ་དཀར་པོའི་བསང་མཆོད་མདོར་བསྡུས་བཞུགས་སོཞེས་པའི་མཛད་པོའི་སྐོར་ལ་བཞེད་ཚུལ་དུ་མ་མཐོང་ལ།རིན་ཆེན་རྡོ་རྗེ་དང་ཚེ་རིང་ཆོས་འཕེལ་གྱིས་ཕྱོགས་བསྒྲིགས་བྱས་ནས་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའིགནས་ཆེན་ཁ་བ་དཀར་པའི་བསང་ཡིག་དང་གནས་ཡིགཅེས་པའི་ཁྲོད་དུབསང་མཆོད་དེའི་མཚན་བྱང་གི་རྗེས་སུ་ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ་ཡིན་ཞེས་བྲིས་འདུག་པ་དང་།ཡང་ཐུབ་བསྟན་བཤད་སྒྲུབ་འོད་ཟེར་གྱིས་བརྩམས་བསྒྲིགས་བྱས་པའིཁམས་ཀྱི་གནས་ཆེན་ཁ་བ་དཀར་པོའི་གནས་ཡིག་དྲང་སྲོང་ལུང་གི་ཉིན་བྱེད་ཅེས་བྱ་བ་བཞུགས་སོ༡༩༨༥ཡི་དེབ་ངོས༩༧ནས༩༩བར་དུ་གོང་གི་བསང་ཡིག་དེ་བཀོད་ཡོད་པ་དང་།ནང་དོན་གྱི་ཐད་དུ་ཁྱད་པར་གང་ཡང་མི་འདུག ཡིན་ནའང་བརྩམས་དེའི་མཇུག་བྱང་ཡིག་ཆུང་དུ“ཅེས་གནས་མཆོག་ཁ་བ་དཀར་པའི་བསངས་མཆོད་བསྡུས་པ་འདི་ཉིད་དོན་གཉེར་ཅན་འགའ་ཞིག་གིས་སྐུལ་ཕྱིར་སི་ཏུ་མིང་ཅན་གྱིས་གནས་ཆེན་དེ་ཉིད་དུ་བྲིས་པའོ”ཞེས་པ་དང་ཡང་སི་ཏུ་ཆོས་ཀྱི་རྒྱ་མཚོའི་རྣམ་ཐར་དུདེ་ལྟར་ཐོས་བསམ་སྒོམ་པའི་རྩལ་ཆེན་ཡོངས་སུ་རྫོགས་ནས་ཕྱོགས་མེད་ཀྱི་གདུལ་བྱ་འདུལ་ཞིང་དཀར་པོའི་འཕྲིན་ལས་སྒྲུབ་པའི་ཚུལ་ལ་ཡང་རྒྱལ་རོང་དང་།འགུ་ལོག  ཉག་རོང་།གོ་བྲག  འཇང་ཡུལ།རྒྱ་ནག་རི་བོ་བྱ་རྐང་།ཁ་བ་དཀར་པོ་ཡན་ཆོད་ཀྱི་གནས་ཆེན་རྣམས་སུ་བྱོན་ནས་གནས་འབྲེལ་གསོལ་སྨོན་དང་།བསྟན་དགོན་རྣམས་ལ་སྲི་ཞུ་དང་ཆོས་འབྲེལ།……མཛད། ཅེས་པས། སི་ཏུ་ཆོས་ཀྱི་རྒྱ་མཚོ་ནི་ཁ་བ་དཀར་པོའི་ཕྱོགས་སུ་དངོས་སུ་འབྱོན་ཡོད་པ་མ་ཟད།བསང་མཆོད་དེའི་མཇུག་བྱང་གི་ཡིག་ཆུང་དག་གཞིར་བཟུང་ན།མཛད་པ་པོ་ནི་སི་ཏུ་ཆོས་ཀྱི་རྒྱ་མཚོ་ཡིན་པ་ཡང་བསྙོན་མེད་ཡིན

བསང་ཡིག་ཆོ་ག་དངོས་གྲུབ་ཀུན་འབྱུང་ཞེས་བྱ་བ་བཞུགས་སོཞེས་པ་ནི་བསང་གི་ཆོ་གའི་ཡི་གེ་རྒྱས་པ་ཞིག་དང་། དེའི་མ་ཡིག་ནི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་ལུང་གླིང་ཤང་གཞིས་རྩེ་སྨད་ནང་པའི་བགྲེས་སོང་ཀརྨ་ཡིས་ཉར་ཚགས་བྱས་པའི་བྲིས་མ་ཞིག་རེད། བསང་ཡིག་དེའི་མཛད་པ་པོ་ནི་པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མ་ཡིན་པའི་བཞེད་སྲོལ་ཡོད་མོད།ཡིན་ནའང་པཎ་ཆེན་སྐུ་ཕྲེང་བདུན་པའི་གསུང་འབུམ་ནང་དུ་བསང་ཡིག་ཆོ་ག་དེ་མཇལ་རྒྱུ་མ་བྱུང་བ་མ་ཟད།སྐུ་ཉིད་ཀྱི་རྣམ་ཐར་དུ་ཡང་ཁ་བ་དཀར་པོའི་ཕྱོགས་སུ་ཕེབས་མྱངས་ཡོད་པ་དང་དེའི་སྐོར་གྱི་བསང་ཡིག་ཆོ་ག་སོགས་མཛད་ཚུལ་གང་ཡང་མཇལ་རྒྱུ་མ་བྱུང་བ། བསང་ཡིག་དེའི་ཁྲོད་དུརང་སྣང་བཀོད་པའི་བདེ་མཆོག་གནས། །ལྷ་བཙན་ཆེན་པོ་ཁ་བ་དཀར་པོ་དང་།།སྨན་བཙུན་འཁོར་བཅས་བསང་དང་མཆོད་པ་འབུལ། །རྣ་སྦྱོར་བཅོལ་བའི་འཕྲིན་ལས་ཐམས་ཅད་ནི། །ཐོགས་པ་མེད་པར་ཡིད་བཞིན་འགྲུབ་པར་མཛོད། །ཁྱད་པར་བདེ་ཆེན་ཡུལ་དང་བོད་ཁམས་ཀུན། །བདེ་སྐྱིད་བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག།ཅེས་པ། དེའི་ཁྲོད་ཀྱི་བདེ་ཆེན་ཡུལ་ཞེས་པ་དེ་ལ་གོ་བ་ལོན་ཚུལ་གཉིས་ཡོད་དེ།གཅིག་ནི་དེང་དུས་ཀྱི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ལ་གོ་བ་དང།དེ་ནི1957ལོར་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས་པའི་རྗེས་སུ་གསར་དུ་འདོགས་པའི་མིང་ཞིག་ཡིན་ལགཞན་ཞིག་ནི་སྔོན་བཀའ་བརྒྱུད་པའི་དགོན་པ་འཇོལ་དགོན་པ་དེ་སྤྱི་ལོ༡༦༧༧ལ་དགེ་ལུགས་པའི་དགོན་པར་བསྒྱུར་བ་དང།རྒྱལ་དབང་ལྔ་བ་ཆེན་པོས་དགའ་ལྡན་བདེ་ཆེན་གླིང་ཞེས་པའི་དགོན་མིང་གནང་བས།ཁ་བ་དཀར་པོའི་ཕྱོགས་གྱི་ཡུལ་སྡེ་མང་པོ་ཞིག་དགོན་པའི་ལྷ་སྡེ་དང་ཆོས་སྡེར་བསྐོས་པ་དང་ཡུལ་ཤོག་དེར་་བདེ་ཆེན་ཡུལ་ཞེས་པའི་མིང་འཐོབ་ཡོད་པ་རེད།དེས་ན་པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མ་ནི་སྤྱི་ལོ༡༧༨༢༡༨༥༤བར་གྱི་སྐྱེས་ཆེན་དམ་པ་ཞིག་ཡིན་པས།བསང་ཡིག་འདིའི་ཁྲོད་ཀྱི་བདེ་ཆེན་ཡུལ་ནི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་མིང་ལ་གོ་ན།མཛད་པ་པོ་ནི་པཎ་ཆེན་སྐུ་ཕྲེང་བདུན་པ་གཏན་ནས་ཡིན་མི་སྲིད།གལ་སྲིད་དེའི་ཁྲོད་ཀྱི་བདེ་ཆེན་ཞེས་པ་ནི་བདེ་ཆེན་གླིང་གི་ལྷ་སྡེ་དང་ཆོས་སྡེ་ཙམ་ལ་གོ་བ་ཡིན་ན་དེའི་མཛད་པ་པོ་ནི་པཎ་ཆེན་སྐུ་ཕྲེང་བདུན་པ་མིན་པའི་ངེས་པ་ཡང་མེད།དེའི་སྐོར་ལ་གཟུར་གནས་ཀྱི་མཁས་པ་རྣམས་ཀྱིས་ད་རུང་མུ་མཐུད་དུ་དཔྱད་པར་འཚལ།

གནས་ཆེན་ཁ་བ་དཀར་པོའི་གནས་བསྟོད་བཞུགས་སོཞེས་པའི་མཛད་པ་པོ་ནི་སུ་ཡིན་ཞེ་ན།གནས་བསྟོད་ཡི་གེ་དེའི་ཐོག་མཐའ་བར་གསུམ་དུ་གང་ཡང་བསྟན་མི་འདུག ཐ་ན་གནས་བསྟོད་དེའི་རྩོམ་མཇུག་གི་ཡིག་ཆུང་དུ་ཡང་“ཞེས་པ་འདི་ཡང་རང་གྲོལ་པདྨ་སྙིང་པོའི་ཤེལ་ཟམ་འོག་ཏུ་སྤྲོས་བྱའོ། །རོང་བཙན་ཁ་བ་དཀར་པོའི་གནས་བསྟོད་རྫོགས་སོ།།ཚར་བཅུ་གསུམ་རེ་ལ་སྐོར་བ་རེའི་ཕན་ཡོན་ཡོད་དོ”།།ཞེས་པ་ཙམ་ལསམཛད་པ་པོ་ནི་སུ་ཡིན་པ་གང་ཡང་བཤད་མི་འདུག་མོད།  ཡིན་ནའང་ཆོས་འབྱུང་མཁས་པའི་དགའ་སྟོནལསཆོས་གྲགས་རྒྱ་མཚོ་ནི “འབྲུག་ལོ་ཟླ་བ་དགུ་པའི་ཚེས་བདུན་ནས་སྒར་བཏེག ཨ་བཟང་ནང་སོ། འབུའི་མི་སྡེ། གཏོར་མ་སྟོད་སྨད། རྒྱ་ལྡང་བ། ལ་ཡུ་བ། ཁ་་དཀར་པོ། ཨེ་ཝཾ་ནང་སོ།འདུར་ནང་སོ། རྟོགས་ལྡན་ཆོས་བཟང་སོགས་ལྷ་སྡེ་མི་སྡེ་རྣམས་ཀྱིས་གུས་པས་མཆོད། ཁ་བ་དཀར་པོ་སྒྲུབ་གྲྭ་མཛད། ” ཅེས་པ་ལྟར། ཆོས་གྲགས་རྒྱ་མཚོ་ནི་ཁ་བ་དཀར་པོའི་ཕྱོགས་སུ་སྐུ་ངོ་མ་བྱོན་ཡོད་པ་མ་ཟད་སྒོམ་སྒྲུབ་མཛད་པའི་ཚུལ་ཡང་གསལ་པོར་བསྟན་ཡོད།ཡངཆོས་གྲགས་རྒྱ་མཚོ“སློབ་དཔོན་པདྨའི་སྒྲུབ་གནས་རྡོ་རྗེ་གྲོ་ལོད་དུ་ཕེབས།དྲི་བཟང་གི་ཡུལ་གང་།སྒོ་སྟོད།འབོམ་མཚོ་ཁ། ཁྲ་ཙོང་དགོན། འབོས་དེ་རྣམས་སུ་བྱོན། འཁྲུག་རྩོད་རྣམས་ཞི་བར་མཛད། རྫལ་རྫསྒང་ཀོ་ལེ་རྒྱལ་མོའི་ཞོལ་དུ་ཕེབས། ཁ་བ་དཀར་པོའི་གནས་བསྟོད་མཛད། ” ཅེས་པ་ལས། ཀརྨ་ཆོས་གྲགས་རྒྱ་མཚོས་ཁ་བ་དཀར་པོའི་གནས་བསྟོད་མཛད་པ་གསལ་པོར་གསུང་ཡོད་པས། གནས་ཆེན་ཁ་བ་དཀར་པོའི་གནས་བསྟོད་བཞུགས་སོཞེས་པའི་མཛད་པ་པོ་ནི་ཀརྨ་ཆོས་གྲགས་རྒྱ་མཚོ་ཡིན་པར་དོགས་གཞི་གང་ཡང་མེད་པར་གྱུར།

གནས་མཆོག་ཁ་བ་དཀར་པོའི་རྒྱབ་གནས་གནས་ཡིག་ཆེན་པོ་བཞུགས་སོ།ཞེས་པ་ནི་མཇུག་བྱང་གི་ཡིག་ཆུང་དུ“་སློབ་དཔོན་པདྨ་འབྱུང་གནས་ཀྱི་ངག་སྣང་བཀའ་བབ་མཁའ་འགྲོའི་ལུང་བསྟན་ཐོབ་པའི་དཔའ་བོ་ཁྲག་འཐུང་ལས་རབ་རྡོ་རྗེ་ཡིས་བྲིས་པ་དགེའོ། །ཞེས་པ་ལས་མཛད་པ་པོ་ནི་དཔའ་བོ་ཁྲག་འཐུང་ལས་རབ་རྡོ་རྗེ་ཡིན་པ་གསལ་པོར་བསྟན་ཡོད་ལ། མི་འགའ་ཞིག་གིས་དཔའ་བོ་ཁྲག་འཐུང་ལས་རབ་རྡོ་རྗེ་ནི་ཀརྨ་པ་རབ་བྱུང་རྡོ་རྗེའི་གསང་མཚན་ཡིན་ཞེས་པའི་བཞེད་སྲོལ་ཀྱང་འདུག    ཡིན་ནའང་དེ་ནི་དམངས་ཁྲོད་ཀྱི་བཤད་སྲོལ་ཙམ་ལས་ཡིད་རྟོན་འཕེར་པའི་དཔང་པོ་གང་ཡང་མེད།གནས་ཡིག་དེའི་ནང་དོན་གཞིར་བཟུན་ན།དེའི་མཛད་པ་པོ་ནི་ཀརྨ་པ་རབ་བྱུང་རྡོ་རྗེ་མིན་པ་གོ་གསལ་པོར་གོ་ཐུབ་སྟེ།།གནས་ཡིག་དེ་ཉིད་ཀྱི་ནང་དུ་ཤིང་ཁང་ལ་ཁ་ལ་ཀརྨ་པ་ཡི་སྒྲུབ་ཆུ་ཡོད་པ་དང་ཆོས་སྐྱོང་ཕག་གི་མགོ་ཅན་ཡོད་ ཅེས་པ་དང།ཡངསྡོང་མདའ་རོང་བྲག་སྒོ་ཡི་སྣེ་ལ་རྒྱལ་བ་ཡབ་སྲས་གསུམ་གྱི་ཞབས་རྗེས་ཡོད།ཀརྨ་པ་རང་བྱོན་དང་རྡོ་རྗེའི་རྟ་རྗེས་ཡོདཅེས་པ་ལས་ཀརྨ་པ་རང་བྱོན་དང་རྡོ་རྗེའི་རྟ་རྗེས་ཡོད་ཅེས་པའི་བརྗོད་པ་དེ་ནིཀརྨ་པ་རང་བྱུང་རྡོ་རྗེའི་རྟ་རྗེས་ཡོད་ཅེས་ཡིན་པར་སྙམ།ཁ་བ་དཀར་པོ་རྒྱབ་སྐོར་དུ་ཕྱིན་པའི་སྐབས་སུ།སྡོང་མདའ་རོང་བྲག་སྒོ་ཡི་སྣེ་རུ་རྟ་རྗེས་ཤིག་དངོས་སུ་མཇལ་རྒྱུ་ཡོད།དེ་ནི་ཀརྨ་པ་རང་བྱུང་རྡོ་རྗེའི་ཆབས་རྟའི་རྗེས་ཡིན་པ་ཀུན་གྱིས་བཤད།དེའི་ཕྱིར།དཔའ་བོ་ཁྲག་འཐུང་ལས་རབ་རྡོ་རྗེ་ནི་ཀརྨ་པ་རང་བྱུང་རྡོ་རྗེའི་གསང་མཚན་མིན་པ་ནི་གཏན་འཁེལ་ཡིན་པས།དཔའ་བོ་ཁྲག་འཐུང་ལས་རབ་རྡོ་རྗེ་ནི་མི་སུ་ཡིན་ཞེ་ན།ཁོང་ནི་དུས་རབས་བཅུ་དགུ་པའི་སྐབས་སུ་བྱུང་བའི་ཀཿ་ཐོག་གི་ཆོས་རྒྱུད་འཛིན་པའི་གཏེར་སྟོན་གྲགས་ཅན་ཞིག་ཡིན་པ་མཁས་པ་མང་པོས་སྨྲས་པ། 

གླེགས་བམ་གནས་ཡིག་བྱ་བ་བཞུགས་སོཞེས་པ་ནི་རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་བོར་བརླགས་སོང་མོད། འོནཀྱང་གླེགས་བམ་ཡུལ་གྱི་དགུང་ལོ་བདུན་ཅུ་༢༠༠༥ལོརལོན་པའི་བགྲེས་སོང་བློ་བཟང་བསྟན་འཛིན་གྱིས་ཆུང་དུས་སུ་གནས་ཡིག་དེ་ངག་སྐྱོར་བྱས་མྱངས་པས།༢༠༠༥ལོའི་ཟླ་བ་བདུན་པར་ཁོང་གིས་ངག་སྐྱོར་དྲན་གསོ་གནང་བར་ལྟར་རིན་ཆེན་རྡོ་རྗེས་ཡི་གེར་ཕབ་པ་མ་ཟད་རིན་ཆེན་རྡོ་རྗེས་ཡུལ་དངོས་སུ་ཉམས་ཞིབ་ཐེངས་མང་དུ་ཕྱིན་མཐར་གནས་ཡིག་དེ་ལེགས་བསྒྲིགས་གནང་བ་དང་།གནས་ཡིག་དེའི་མཛད་པ་པོ་ནི་ཀརྨ་པ་རང་བྱུང་རྡོ་རྗེ་ཡིན་པར་གྲགས་ཀྱང་།གནས་ཡིག་དེའི་འགོ་བརྗོད་དུ“སྟོན་པ་གཉིས་པ་རྒྱལ་པ་ཙོང་ཁ་པ།།མདོ་སྔགས་སྙན་པོ་ཡུལ་གྲུ་ཀུན་ཏུ་ཁྱབ།།བཙུན་པ་ཕོ་མོ་འདུལ་ཁྲིམས་སྐེད་རགས་བཅིངས།།རྒྱལ་བ་ཡབ་སྲས་གསུམ་ལ་ཕྱག་འཚལ་ལོ།།”ཞེས་པ་ལས་དགེ་ལུགས་པའི་བླ་མ་རྗེ་ཡབ་སྲས་གསུམ་ལ་གསོལ་འདེབས་བྱས་ཡོད་པས།མ་ཕྱིའི་ཁྲོད་དུ་དེ་ལྟར་བྲིས་ཡོད་ན་དེའི་མཛད་པ་པོ་ནི་རང་བྱུང་རྡོ་རྗེ་ཡིན་མི་སྲིད།གང་ཡིན་ཞེ་ན། ཀརྨ་པ་རང་བྱུང་རྡོ་རྗེ་སྤྱི་ལོ༡༢༨༤—༡༣༣༩ནི་དུས་རབས་བཅུ་གསུམ་པའི་སྐྱེས་ཆེན་དམ་པ་ཞིག་དང་།རྗེ་ཙོང་ཁ་པ་སྤྱིལོ༡༣༥༩—༡༤༡༩ནི་དུས་རབས་བཅུ་བཞི་པའི་སྐབས་ཀྱི་སྐྱེས་ཆེན་དམ་ཞིག་ཡིན་པས།ཀརྨ་པ་རང་བྱུང་རྡོ་རྗེ་དང་རྗེ་ཙོང་ཁ་པའི་བར་དུ་དུས་རབས་གཅིག་ལྷག་ཙམ་གྱི་སྔ་ཕྱི་ཡོད་པ།ཡིན་ནའང་གནས་ཡིག་དེ་ནི་བགྲེས་སོང་ཞིག་གི་དྲན་འཕྲུལ་ཙམ་ལ་བརྟེན་ནས་ཡི་གེར་ཕབ་པ་ཡིན་པས།མ་ཕྱིའི་མཛད་པ་པོ་ནི་རང་བྱུང་རྡོ་རྗེ་ཡིན་ཡང་ངག་སྐྱོར་གཏོང་མཁན་དང་ཡི་གེ་བའི་གྲུབ་མཐའི་ཞེན་པ་སོགས་ཀྱི་རྐྱེན་པས་གསོལ་འདེབས་ཀྱི་ནང་དོན་འཕྲི་སྣོན་ཅུང་ཟད་བྱས་ཡོད་ནའང་ཐང་ངོ།

         གསུམ་པ། མཇུག་གཏམ། 

       དུས་རབས་བཅུ་གསུམ་པ་ནས་དུས་རབས་བཅུ་དགུ་པའི་བར་དུ།རོང་བཙན་ཁ་བ་དཀར་པོའི་ཆོ་གའི་ཡིག་ཚརྙིང་པ་བམ་པོ་བཅུ་དྲུག་བྱུང་ཡོད་།རིགས་སུ་དབྱེ་ན་གནས་ཡིག་དངགནས་བསྟོད།བསང་ཡིག གསོལ་འི་ཡི་གེ གནས་སྐོར་ཕན་ཡོན།ཁ་བ་དཀར་པོ་ལ་བསྟོད་པའི་ཀ་བཤད་བཅས་ཁྱོན་བསྡོམས་རིགས་་དྲུག་ཡོད།ཡིག་ཚང་དེ་དག་གི་མཛད་པ་པོའི་ཆ་ནས་བཤད་ན།མི་གསལ་བ་གཉིས་དང་།གཏན་འཁེལ་བྱ་མི་ཐུབ་པ་གཉིས་ཕུད་ཁར།གཞན་དག་བཅུ་གཉིས་ཀྱི་མཛད་པ་པོ་ནི་གསལ་པོ་གོ་ཐུབ།ཡིག་ཚང་གི་མཛད་པ་པོའི་གྲུབ་མཐའི་ཆ་ནས་བཤད་ན།བཀའ་བརྒྱུད་པའི་སྐྱེས་ཆེན་དམ་པས་མཛད་པ་གསུམ་དང་རྙིང་མ་བས་གསུམ།དགེ་ལུགས་པས་གཅིག དུས་ཀྱི་ཆ་ནས་བཤད་ན།མཛད་པ་པོ་གཏན་འཁེལ་བྱས་ཐུབ་པའི་ཡིག་ཚང་བམ་པོ་བཅུ་གཉིས་ལས་ལོ་རྒྱུས་ཆེས་རིང་བ་ནི་དུས་རབས་བཅུ་གསུམ་པར་ཀརྨ་པ་རབ་བྱུང་རྡོ་རྗེས་མཛད་པ་དེ་ཡིན་པ་དང་།ཡིག་ཚང་མང་ཆེ་བ་ནི་དུས་རབས་བཅུ་དགུའི་སྐབས་སུ་བྱུང་ཡོད་ལ།སི་ཏུ་ཆོས་ཀྱི་རྒྱ་མཚོ་ཁོ་ནས་ཡིག་ཚང་བམ་པོ་ལྔ་བརྩམས་ཡོད།ཡིག་ཚང་རྙིང་པ་དེ་དག་གི་མ་ཕྱི་ཉར་ཚགས་བྱས་ཚུལ་གྱི་ཆ་ནས་བཤད་ན།དགོན་སྡེ་ཁག་ཏུ་སྐྱེས་ཆེན་དམ་པའི་གསུང་འབུམ་གྱི་ཁྲོད་དུ་བམ་པོ་གསུམ་ཉར་ཡོད་ལ། དམངས་ཁྲོད་དུ་ཁ་འཐོར་ནས་ཁྱབ་པ་བཅུ་གཉིས་ཡོད།ངག་ཐོག་ཏུ་ཡོད་པ་ཡི་གེར་ཕབ་པ་གསུམ།དེ་མིན་པར་མའི་ཆ་ནས་བཤད་ན།ཤིང་པར་མ་གསུམ་དང་བྲིས་མ་བཅུ་བཞི།འགའ་ཞིག་ལ་བྲིས་མ་དང་པར་མ་གཉིས་ཀ་ཡོད་པ།ངག་ཐོག་ནས་ཡི་གེར་ཕབ་པའི་བྲིས་མ་གཉིས།མདོར་བསྡུས་ན།ཁ་བ་དཀར་པོའི་ཡིག་ཚང་རྙིང་པའི་རྣམ་གྲངས་མང་ལ་རིགས་ཀྱི་དབྱེ་བ་ཕུན་སུམ་ཚོགས་པ་དང་ལོ་རྒྱུས་ཡུན་རིང་ལྡན་པ་ཞིག་ཡིན་པ་མ་ཚད།མ་ཕྱི་ཉར་ཚགས་བྱས་ཚུལ་འདྲ་མིན་སྣ་ཚོགས་ཡིན་པ་དང་།ཡིག་ཚང་མཛད་པ་པོའི་རྒྱབ་ལྗོངས་ཀྱང་སྣ་མང་སྣེ་འཛོམས་ཡིན་པས།ཡིག་ཚང་དེ་དག་ནི་ཁྱད་ཆོས་འབུར་དུ་ཐོན་ཞིང་རིན་ཐང་ཆེན་པོ་ལྡན་པའི་ཡིག་ཚང་རྙིང་པ་ཡིན་པ་གསལ་པོར་རྟོགས་ཐུབ་བོ།།



[1] རྦ་ལྕོག་བྱེ་མའི་ལྷ་ཁང་གི་བསྡུས་མིང་སྟེ།རོང་བཙན་ཁ་བ་དཀར་པོའི་མདུན་ཟླ་ཆུའི་འགྲམ་དུ་ཆགས་པའི་རྡོ་རྗེ་ཕག་མོའི་གནསཀྱི་ལྷ་ཁང་ཞིག་ཡིན།

[2]  ཀ་བཤད་དེའི་ནང་དོན་ནི་ཁ་བ་དཀར་པོ་ལ་བསྟོད་པའི་སྙན་ཚིག་ཅིག་ཡིན་པ་དང་།དེ་ནི་རྣ་བར་སྙན་ཞིང་འཇེབས་པ་མ་ཚད་གོ་བདེ་ཞིང་དོན་གསལ་བས།དམངས་ཁྲོད་དུ་ངག་ཏུ་བཀུགས་ནས་གླུ་རུ་ལེན་པའམ་གཞས་སུ་འཁྲབ་ཡོད། ཀ་བཤད་གླུ་གཞས་དེ་ནི་དེང་དུས་ཀྱང་ཁ་བ་དཀར་པའི་ཕྱོགས་སུ་དར་ཁྱབ་ཧ་ཅང་ཆེ། ༢༠༡༢ལོར་ཁོ་བོ་ཁ་བ་དཀར་པོའི་ཕྱོགས་སུ་ཕྱིན་པའི་གོ་སྐབས་དང་བསྟུན་ནས་སྙན་ཚིག་གླུ་གཞས་དེ་སྒྲ་ཕབ་ཅིང་ཡི་གེར་བཀོད་པ་ཡིན།ཀ་བཤད་སྙན་ཚིག་དེའི་རྩོམ་པ་པོ་ནི་རྦ་ལྕོག་བླ་མ་སྐུ་ཕྲེང་དྲུག་པ་བློ་བཟང་ཐབས་མཁས་བསྟན་པའི་དབང་ཕྱུག་དཔལ་བཟང་པོ་ཡིན་པ་རླུང་ལྟར་གྲགས་པ་དང་།ཁོང་ནི་རབ་བྱུང་བཅུ་དགུ་པའི་ལྕགས་རྟ་ལོར(༡༨༡༠ལོར)

 

 

རྩོམ་སྒྲིག་པ། (ཚེ་རིང་དོན་འགྲུབ།)