འོད་སྟོང་འཕྲོ་བའི་སྒྱུ་རྩལ་གྱི་ལམ་ཆེན།བོད་ཀྱི་འཁྲབ་སྟོན་པ་གྲགས་ཅན་སྟོབས་རྒྱལ་གྱི་སྐོར་བཀོད་པ།
རྩོམ་པ་པོ། རྣམ་གླིང་རིན་ཆེན། དུས་ཚོད། 2017-11-23 རྩོམ་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། ཀློག་གྲངས། 53

མི་སོ་སོར་རང་རང་གི་མི་ཚེའི་ལམ་བུ་དང་འབྲེལ་བའི་གཏམ་རྒྱུད་རེ་རེ་ཡོད།ཡང་གཅིག་བཤད་ན།མི་ཚེ་ནི་གར་སྟེགས་ཤིག་ཡིན་པའི་དབང་དུ་བཏང་ན།ང་ཚོ་སྐྱེ་བོ་རེ་རེ་ནི་གར་སྟེགས་དེའི་ཐོག་གི་གར་མཁན་རེ་རེ་ཡིན།བོད་ཀྱི་སྒྱུ་རྩལ་པ་གྲགས་ཅན་སྟོབས་རྒྱལ་ལ་ཆ་མཚོན་ནས་བཤད་ནའང་།མ་གཞི་ཁོང་ད་ལྟ་བོད་ཁུལ་ཙམ་མ་ཟད།རྒྱལ་ཕྱི་རྒྱལ་ནང་གི་ས་ཆ་མང་པོར་སྐད་གྲགས་ཆོད་ཅིང་།ཀུན་གྱིས་མཐེ་བོང་བསྒྲེངས་ནས་བསྟོད་པའི་མེ་ཏོག་གཏོར་ཡུལ་གྱི་འཁྲབ་སྟོན་པ་གྲགས་ཅན་ཞིག་ཏུ་གྱུར་ཡོད་མོད།སྒྱུ་རྩལ་གྱི་ལམ་དེར་ཁོང་གིས་དཀའ་སྤྱད་ཀྱི་རྔུལ་ཆུ་མང་དག་ཅིག་བཞུར་མྱོང་བ་དང་།དྲག་ཆར་རླུང་འཚུབ་ཀྱིས་ཁེངས་པའི་མི་ཚེའི་འཕྲང་ལམ་མང་དག་ཅིག་སྙིང་རུས་ཀྱིས་ཕ་མཐར་གཤོག་མྱོང་ཡོད་པའི་སྐོར་གོ་ཐོས་བྱུང་བས།ཉེ་དུས་གསར་འགོད་པས་ཆེད་དུ་ཁོང་ལ་བཅར་འདྲི་ཞུ་བར་བསྐྱོད་པ་ཡིན།

   སྟེས་དབང་གི་གོ་སྐབས་ཤིག་གིས་ཧྲང་ཧའེ་ཤེས་རིག་སློབ་གྲྭ་ཆེ་མོར་སློབ་གཉེར་བྱེད་སྐལ་ཐོབ་པ།

   འཁྲབ་སྟོན་པ་གྲགས་ཅན་སྟོབས་རྒྱལ་ཧྲང་ཧའེ་ཤེས་རིག་སློབ་གྲྭ་ཆེན་མོར་མ་ཞུགས་གོང་།ཁོང་ནི་རྣམ་གླིང་རྫོང་ཁུལ་གྱི་ལས་ཞོར་ཤང་གྲོང་སྐོར་སྐྱོད་འཁྲབ་སྟོན་རུ་ཁག་གི་འཁྲབ་སྟོན་པ་དང་།རྣམ་གླིང་རྫོང་གྲོང་དུ་གཞོན་ནུ་ཤེས་ཡོན་ཅན་དང་ལྷན་དུ་མའོ་ཙེ་ཏུང་དགོངས་པའི་དྲིལ་བསྒྲགས་རུ་ཁག་གི་ཟློས་གར་འཁྲབ་སྟོན་པ་རེད།1971ལོར།ལོ་བཅུ་དྲུག་ལ་སོན་པའི་ཁོང་སྤོ་བོ་དང་རྨོ་མོ་གཉིས་ཀྱིས་ལས་ཞོར་དྲིལ་བསྒྲགས་རུ་ཁག་ཏུ་བསྐྱལ་ཅིང་།སྐབས་དེ་དུས་ཁོང་གི་ལས་ཀ་གཙོ་བོ་ནི་ཉིན་ལྟར་ངལ་རྩོལ་གླུ་གཞས་ལེན་རྒྱུ་དེ་རེད།ཁོང་གར་སྟེགས་སུ་འཁྲབ་སྟོན་ཐེངས་དང་པོ་བྱེད་དུས《མའོ་ཀྲུའུ་ཞིའི་གསུང་བཏུས》སྒྲོག་སྦྱང་བྱེད་རྒྱུ་དེ་ཡིན་ཞིང་།ཁོང་གིས་ལས་ཞོར་དྲིལ་བསྒྲགས་རུ་ཁག་དེར་ལོ་གཉིས་བསྡད་རྗེས།སླར་ཁྱིམ་དུ་ལོག་སྟེ་ཞིང་ལས་བྱས།

   1973ལོར་ཕོ་ལོ་བཅོ་བརྒྱད་ལ་སོན་པའི་ཁོང་སླར་ཡང་ཕ་ཡུལ་དང་ཞལ་གྱེས་ཏེ།གཞིས་རྩེའི་གདོང་དཀར་རྡོ་སོལ་ལས་ཁུངས་སུ་གནས་སྐབས་ལས་མི་ལོ་གསུམ་ལྷག་ཙམ་བྱས།1976གི་ལོ་མཇུག་ཏུ་བོད་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པས་རྡོ་སོལ་ལས་ཁུངས་ཀྱི་ལས་བཟོའི་ཁྲོད་ནས་བཟོ་ཞིང་དམག་སློབ་གྲྭར་ཆེས་མཐའ་མའི་སློབ་མ་བསྡུ་འགོ་ཚུགས་ཤིང་།ཁོང་བདེ་བླག་ངང་དེར་ཚུད་འདུགགསར་འགོད་པས་སྐབས་དེ་དུས་ཀྱི་ཁོང་གི་གནས་ཚུལ་ཅི་འདྲ་ཡིན་མིན་བཀའ་འདྲི་ཞུ་དུས།ཁོང་གིས་དྲན་གསོ་དང་བཅས།སྐབས་དེ་དུས་བཟོ་ཞིང་དམག་སློབ་གྲྭར་སློབ་མ་བསྡུ་བའི་ཆ་རྐྱེན་ཧ་ཅང་སྟབས་བདེ་པོ་ཡིན་ཏེ།བྱད་བཞིན་ལ་ལྟ་ཙམ་བྱས་ཏེ་གཞས་གཏོང་དུ་འཇུག་པ་དང་།བྲོ་འཁྲབ་ཏུ་འཇུག་པ།དེ་རྗེས་ཁོང་ཚོ་དང་མཉམ་དུ་མའོ་ཀྲུའུ་ཞིའི་སྙན་ཚིག་ཀློག་རྒྱུ་དེ་རེད་འདུགང་རང་ཆུང་དུས་ནས་གཞས་དང་ཞབས་བྲོར་དགའ་པོ་ཡོད་པ་མ་ཟད།སྒྲ་སྙན་ཡང་གཏོང་ཤེས་པས།མཐའ་མཇུག་ཁོང་ཚོས་རྡོ་སོལ་ལས་ཁུངས་ཀྱི་གཉེན་སྒྲིག་མ་བྱས་པའི་གཞོན་ནུ་500ལྷག་ཙམ་གྱི་ཁྲོད་ནས་མི་གཉིས་བདམས་ཤིང་།བསམ་ཡུལ་ལས་འདས་པ་ཞིག་ལ།ང་རང་བདེ་བླག་ངང་བཟོ་ཞིང་དམག་སློབ་གྲྭའི་སློབ་མའི་གྲས་སུ་ཚུད་འདུགབོད་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པར་སླེབས་རྗེས།ཁོང་ཚོའི་བཀོད་སྒྲིག་ལྟར་ང་ཚོ་རླངས་འཁོར་ལ་བསྡད་དེ་ཁྲོན་བོད་གཞུང་ལམ་དུ་ཉིན་15ལྷག་གི་འགྲུལ་བཞུད་བྱས་ནས་ཁྲེང་ཏུར་འབྱོར་ཞིང་།སླར་མེ་འཁོར་ལ་བསྡད་ནས་ཧྲང་ཧའེ་དུ་བསྐྱོད་པ་ཡིན་ཅེས་གསུངས་བྱུང་།

ཧྲང་ཧའེ་ཤེས་རིག་སློབ་གྲྭ་ཆེན་མོར་འབྱོར་བ་ནས་བཟུང་།ཞིང་ཁུལ་ནས་ཡོང་བའི་གཞོན་ནུ་དེའི་ལས་དབང་ལ་འགྱུར་ལྡོག་ཆེན་པོ་བྱུང་།དེའང་སློབ་གླིང་གི་དབུ་ཁྲིད་ཚོས་ཆེད་མངགས་བོད་རིགས་ཀྱི་འཛིན་གྲྭ་ཞིག་བཙུགས་ནས་ལོ་གཅིག་ལྷག་ཙམ་རིང་ཁོང་ཚོར་བོད་ཡིག་དང་རྒྱ་ཡིག་གི་ཆེས་རྨང་གཞིར་གྱུར་བའི་གསལ་བྱེད་ནས་འགོ་བརྩམས་ཏེ་རིག་གནས་སྐོར་གྱི་སློབ་ཁྲིད་གནང་བ་དང་།སྐབས་དེ་དུས་རིག་གསར་མཇུག་འགྲིལ་མ་ཐག་ཡིན་པས།ཁོང་ཚོའི་འཛིན་གྲྭར་སློབ་མ་ལས་དགེ་རྒན་མང་བའི་ཚད་དུ་སླེབས་ཤིང་།རྒན་ལགས་རྣམ་པས་སློབ་མ་དེ་དག་རང་གི་ཤ་ལས་མཆེད་པའི་བུ་ཕྲུག་ལ་བརྩིས་ཏེ་བྱམས་ཀྱིས་བསྐྱངས་པ་མ་ཟད།ལོ་གཉིས་པ་ནས་ཁོང་ཚོར་གྲགས་ཅན་གྱི་འཁྲབ་སྟོན་པ་དུ་མ་གདན་དྲངས་ཏེ་འཁྲབ་སྟོན་སྐོར་གྱི་སློབ་ཁྲིད་གནང་བ་དང་།ཕྱི་རྒྱལ་གྱི་ཞབས་བྲོ་དང་།ཀྲུང་གོའི་གྲངས་ཉུང་མི་རིཌ་ཀྱི་ཞབས་བྲོ་སོཌ་བསླབས་གནང་མཛད་པས།ཁོང་གིས་འཁྲབ་སྟོན་ཐད་ཀྱི་འབྲེལ་ཡོད་ཤེས་བྱ་མི་ཉུང་བ་ཞིག་ལ་གོ་བ་ལེན་ཐུབ་འདུག

   ཧྲང་ཧའེ་ཤེས་རིག་སློབ་གྲྭ་ཆེ་མོར་ལོ་བཞི་ལྷག་ཙམ་གྱི་འཁྲབ་སྟོན་སྦྱོང་བརྡར་བྱས་པ་བརྒྱུད།ཁོང་གིས་སློབ་ཐོན་འཁྲབ་ཚན་《ལོ་མི་ཨའོ་དང་ཀྲུ་ལི་ཡ》ཞེས་པའི་ནང་ལོ་མི་ཨའོ་འཁྲབ།1981ལོར་སློབ་གྲྭ་དེ་གའི་འཁྲབ་སྟོན་སྡེ་ཁག་ནས་བདེ་བླག་ངང་སློབ་མཐར་ཕྱིན།《ལོ་མི་ཨའོ་དང་ཀྲུ་ལི་ཡ》ཞེས་པའི་འཁྲབ་ཚན་དེ་འཁྲབ་སྟོན་བྱས་རྗེས།ཧྲང་ཧའེ་ཙམ་མ་ཟད་པེ་ཅིང་དུའང་སྐད་གྲགས་ཆོད་ཅིང་།ད་དུང་དབྱིན་ཇིའི་ཧྲ་ཧྲི་སྦི་ཡ་ཞིབ་འཇུག་ཚོགས་པའི་དབུ་ཁྲིད་ཀྱིས་བསྔགས་བརྗོད་དང་གདེང་འཇོག་བཟང་པོ་ཐོབ་ཡོད་པ་རེད།

   དཀའ་ཚེགས་ཀྱིས་ཁེངས་པའི་སྒྱུ་རྩལ་འཁྲབ་སྟོན་གྱི་ལམ་བུ།

   ཧྲང་ཧའེ་ཤེས་རིག་སློབ་གྲྭ་ཆེན་མོ་ནས་སློབ་གྲྭ་ཐོན་རྗེས།1982ལོར་པེ་ཅིང་དུ་ཁོང《སྲོང་བཙན་སྒམ་པོ》ཞེས་པའི་གཏམ་བརྗོད་ཟློས་གར་ཆེ་གྲས་ཀྱི་འཁྲབ་སྟོན་ནང་ཞུགས་ཤིང་།དེ་ནི་ཁོང་སློབ་མཐར་ཕྱིན་ནས་ལས་ཀར་ཞུགས་རྗེས་ཀྱི་འཁྲབ་སྟོན་ཐོག་མ་དེ་ཡིན་པ་རེད།དེ་ནས་ཁོང་གིས《ཡིད་འོང་མ》(གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད)དང་།《སི་ཆི་སྦི་ཆི》 《ཡར་ཀླུང་ལ་བཅངས་པའི་བརྩེ་སེམས》ཀྱིས་གཙོས་པའི་གཏམ་བརྗོད་ཟློས་གར་ཆེ་གྲས་མང་པོ་འཁྲབ་སྟོན་གནང་འགོ་ཚུགས།རིམ་བཞིན་ཁོང་གིས《ཨ་ཆེན་གངས་རྒྱབ》ཞེས་པའི་གློག་བརྙན་འཁྲབ་འགོ་ཚུགས་ཤིང་།གློག་བརྙན་དེའི་ནང་ཁོང་གིས་སྐྱོ་གདུང་གིས་ནོན་པའི་དཔའ་བོ་ཞིག་གི་མི་སྣའི་བརྟུལ་ཞུགས་འཛིན་ནས།བློ་རྩ་བརྟན་པོ་དང་དཔའ་ངར་ཞུམ་མེད་ཀྱིས་ཨ་ཆེན་གངས་རྒྱབ་ཏུ་བག་ཕེབས་ངང་རྩྭ་ཆུར་རོལ་བཞིན་ཡོད་པའི་སྲོག་ཆགས་གཙོད་ཀྱི་ཚེ་སྲོག་ལ་གནོད་འཚེ་བཟོ་མཁན་གྱི་ལྐོག་རྔོན་པ་དང་རང་སྲོག་བློས་གཏོང་གིས་འཐབ་རྩོད་དྲག་པོ་བྱས་ཏེ།གནས་དེའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རང་བྱུང་ཁོར་ཡུག་སྲུང་སྐྱོང་སླད་རང་ལུས་སྐྱེས་སུ་འབུལ་བཞིན་པའི་དྲང་ཕྱོགས་མི་སྣའི་སྣང་བརྙན་འཁྲབ་སྟོན་གནང་ཡོད།གློག་བརྙན་དེ་གཟིགས་མོ་བ་ཚོའི་སྤྱན་ལམ་དུ་བསྟར་བ་ནས་བཟུང་།རྒྱ་ཆེའི་གཟིགས་མོ་བ་མང་པོས་ཁོང་ལ་དོ་སྣང་བྱེད་འགོ་ཚུགས།

   དེ་ནས་མུ་མཐུད་དེ་ཁོང་གིས་བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན《བོད་ཀྱི་གསང་སྒྲུང》 《དགེ་རྟག་སྤྲུལ་སྐུ》 《ནམ་མཁའ་གཡའ་དག ས་གཞི་རྡུལ་དག》 《ལྷ་སའི་སྔོན་བྱུང་གཏམ་རྒྱུད》 《ཇ་རྟའི་གནའ་ལམ》 《འུན་ཤིང་ཀོང་ཇོ》 《སྟག་མ་ལའི་དམ་བཅའ》ལ་སོགས་དང་།གློག་བརྙན《ཧི་མ་ལ་ཡའི་རྒྱལ་སྲས》 《ཨ་ཆེན་གངས་རྒྱབ》 《རོང་ས་དམར་པོ》《གཡང་མདའ》 《མི་མེད་ལུང་སྟོང》 《རྒྱལ་པོའི་གསོལ་སྟོན》 《སྐྱེ་རྒུ་མདོ་རུ་མེ་ཏོག་བཞད་པ》ལ་སོགས་པའི་གློག་བརྙན་མང་དག་ཅིག་གི་ནང་དུ་འཁྲབ་སྟོན་པ་གཙོ་བོ་དང་གཞོགས་འདེགས་འཁྲབ་སྟོན་པ་གནང་མྱོང་ལ།དེ་མིན་གཏམ་བརྗོད་ཟློས་གར་ཆེ་གྲས་དང་།གཞས་མ་གཏམ།དགོད་བྲོའི་གཏམ་གླེང་སོགས་མི་ཉུང་བ་ཞིག་འཁྲབ་གནང་སྟེ།ངེད་བོད་ཁུལ་ཙམ་མ་ཟད་རྒྱལ་ཕྱི་རྒྱལ་ནང་གི་གཟིགས་མོ་བ་ཚོའི་ཁྲོད་དུ་བག་ཆགས་གཏིང་ཟབ་འཇོག་གནང་མཛད་ཡོད།

ཁོང་གིས་འཁྲབ་གཞུང་གི་དགོས་མཁོར་གཞིགས་ཏེ།དམག་དཔོན་དང་།ཇག་པ། སྐུ་དྲག སྤྲུལ་སྐུ། བློན་ཆེན། ཉེན་རྟོག་པ། ནག་ཚོང་ཉེས་ཅན་པ། ཚོ་པའི་མགོ་དཔོན་ལ་སོགས་པའི་མི་སྣ་མང་དག་ཅིག་འཁྲབ་མྱོང་ཡོད་པ་གང་ཞིགདྲང་ཕྱོགས་མི་སྣ་དང་ལྡོག་ཕྱོགས་མི་སྣ་ཅི་ཞིག་འཁྲབ་རུང་མི་སྣ་གང་དེའི་ཕྱིའི་རྣམ་པ་དང་།སྐད་ཆ།རྣམ་འགྱུར།བྱ་བྱེད།ཉམས་འགྱུར་སོགས་བྱང་ཆ་ལྡན་པའི་སྒོ་ནས་ཇི་མ་ཇི་བཞིན་འཁྲབ་ཀྱི་ཡོད་པས།དེ་ལས་གཅིག་ནས་ཁོང་གི་འཁྲབ་རྩལ་མཐོ་པོར་སླེབས་པ་ཤེས་ཐུབ་ལ།དེ་མིན་ཁོང་གིས་ནམ་རྒྱུན་སྤྱི་ཚོགས་འཚོ་བའི་ཁྲོད་མི་སྣ་དེ་དག་གི་ཟ་ལུགས་འགྲོ་ལུགས་དང་།སྐད་ཆ་ཤོད་ལུགས།ཕྱིའི་རྣམ་པ་ལ་སོགས་པར་ཉམས་ཞིབ་དང་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་པ་ངང་ངམ་ཤུགས་ཀྱིས་ཤེས་ཐུབ།

   མ་གཞི།ཁོང་གིས་འཁྲབ་པའི་བརྙན་འཕྲིན་ཟློས་གར་དང་།གློག་བརྙན།དེ་བཞིན་གཏམ་བརྗོད་ཟློས་གར་མང་པོར་རྒྱ་ཆེའི་གཟིགས་མོ་བ་ཚོའི་ཁས་ལེན་དང་གདེང་འཇོག་མང་དག་ཅིག་ཐོབ་ཡོད་ལ།ཁོ་རང་མི་སྒེར་ལའང་སྒྱུ་རྩལ་འཁྲབ་སྟོན་གྱི་ལམ་བུར་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་མོད།གདེང་འཇོག་དང་གྲུབ་འབྲས་རེ་རེའི་ཕར་རྒྱབ་ཏུ་ཁོང་གིས་བཟོད་བསྲན་བྱ་དཀའ་བའི་ན་ཟུག་མང་དག་ཅིག་ཁོག་ཏུ་མིད་པ་དང་།དཀའ་ཚེགས་ཀྱི་ལམ་བུ་མང་དག་ཅིག་སྙིང་རུས་ཀྱིས་ཕ་མཐར་བཤགས་ཡོད་པ་སུ་ཡིས་རྟོགས་ནུས།དཔེར་ན།2008ལོར་ཁོང་གིས་བརྙན་འཕྲིན་ཟློས་གར《ཀོན་ཏུང་བརྒལ་བ》ཞེས་པ་པར་ལེན་བྱེད་དུས།པུས་མོ་རྨས་ཀྱང་སྔར་བཞིན་ན་ཟུག་ལ་བཟོད་བསྲན་བྱས་ནས་འཁྲབ་སྟོན་གྱི་རྒྱུན་བསྐྱངས་གནང་བ་དང་།ཉེ་དུས་གཏམ་བརྗོད་ཟློས་གར་ཆེ་གྲས《ཐུན་མོང་གི་ཁྱིམ་གཞིས》ཞེས་པ་འཁྲབ་སྟོན་གནང་སྐབས་སྟབས་མི་ལེགས་པར་མཁའ་ཐོག་ནས་ལྷུང་སྟེ་སྨན་ཁང་དུ་ལུས་ཀྱང་།སྔར་བཞིན་སྡུག་རུས་གནང་སྟེ་འཁྲབ་ཚན་གྱི་མཇུག་བསྐྱངས་ཡོད་པ་མ་ཡིན་ནམ།དེ་བས་བློ་ཕམ་སྐྱེ་དགོས་པ་ཞིག་ལ།བར་སྐབས་ཤིག་ལ་ཁོང་ནས་ཧྲ་ཧྲི་སྦི་ཡ་ཡི་ཟློས་གར་འཁྲབ་སྦྱོང་གནང་སྐབས།རྒྱུ་ཤིང་ལས་བཟོས་པའི་འཁྲབ་ཚོན་གྲི་ཡི་རྩེ་མོ་སྤྱན་ལ་ཕོག་སྟེ་དུས་ད་ལྟའང་དྲག་སྐྱེས་ལེགས་པོ་བྱུང་མེད།དེ་མིན།ཁོང་གིས་ནམ་ནམ་ཞར་ཞར་དུ་འཁྲབ་གཞུང་མང་དག་ཅིག་བློ་ལ་འཛིན་དགོས་པ་དང་།འཁྲབ་གཞུང་གི་མི་སྣའི་སྣང་བརྙན་ལ་གཞིགས་ཏེ་འཁྲབ་རྩལ་སྦྱོང་བརྡར་བྱེད་པ།དུས་ཡུན་རིང་པོ་འཁྲབ་སྟོན་རུ་ཁག་དང་ལྷན་དུ་སྡོད་དགོས་པས།ཁྱིམ་དུ་ཆུང་མ་བུ་ཕྲུག་དང་མཉམ་འཛོམས་བྱེད་པའི་དུས་ཚོད་ཉུང་བ་སོགས་ཀྱི་དཀའ་ཁག་མང་པོར་གདོང་པ་གཏད་ཡོད་པ་རེད་ཨང་།

   ཁོང་དང་བོད་ཀྱི་སྤྱི་ཚོགས་འཚོ་བ་བརྗོད་བྱར་བྱས་པའི་སྒྱུ་རྩལ་འཁྲབ་སྟོན།

   བོད་ཀྱི་གྲགས་ཅན་འཁྲབ་སྟོན་པ་ཞིག་གི་ངོས་ནས།སྒྱུ་རྩལ་འཁྲབ་སྟོན་པ་སྟོབས་རྒྱལ་གྱིས་བོད་ཀྱི་སྤྱི་ཚོགས་འཚོ་བ་བརྗོད་བྱར་བྱས་པའི་བརྙན་འཕྲིན་ཟློས་གར་དང་གློག་བརྙན།གཏམ་བརྗོད་ཟློས་གར།དགོད་བྲོའི་གཏམ་གླེང་ལ་སོགས་པའི་འཁྲབ་སྟོན་ལ་ཧུར་ཐག་ཞུགས་ཏེ།སྔ་ཕྱིར་བོད་ཀྱི་དབྱིན་འགོག་དམག་འཁྲུག་གི་ལོ་རྒྱུས་མཚོན་པའི་གློག་བརྙན《རོང་ས་དམར་པོ》ཞེས་པ་དང་།བོད་ཀྱི་སྤྱི་ཚོགས་རྙིང་པའི་སྐུ་དྲག་དབར་དབང་ཆ་འཕྲོག་རྩོད་བྱེད་པའི་སྤྱི་ཚོགས་ཀྱི་འགལ་བ་མཚོན་པའི་བརྙན་འཕྲིན《བོད་ཀྱི་གསང་སྒྲུང》ཞེས་པ།དེ་མིན《དགེ་རྟག་སྤྲུལ་སྐུ》ཞེས་པ་དང་།《ལྷ་སའི་སྔོན་བྱུང་གཏམ་རྒྱུད》ཞེས་པ།གཏམ་བརྗོད་ཟློས་གར་ཆེ་གྲས《སྲོང་བཙན་སྒམ་པོ》དང་།《ཡིད་འོང་མ》སོགས་ཀྱིས་གཙོས་པའི་སྒྱུ་རྩལ་བརྩམས་ཆོས་མང་པོ་ཞིག་རྒྱ་ཆེའི་གཟིགས་མོ་བའི་སྤྱན་ལམ་དུ་བསྟར་ཡོད་པར།གཟིགས་མོ་བ་མང་པོར་བག་ཆགས་གཏིང་ཟབ་འཇོག་གནང་མཛད་ཡོད།

ཁོང་གིས་འཁྲབ་སྟོན་གནང་བའི་བོད་ཀྱི་སྤྱི་ཚོགས་འཚོ་བ་དང་།སྔར་སོང་གི་ལོ་རྒྱུས་བརྗོད་བྱར་བྱས་པའི་གློག་བརྙན་དང་བརྙན་འཕྲིན་ལ་སོགས་པའི་འཁྲབ་ཚན་དག་གཅིག་ནས་བོད་མིའི་རྒྱུན་གཏན་གྱི་འཚོ་བ་དངོས་དང་ཉེ་བཅར་དང་།མར་དྲི་རྩམ་དྲི་བྲོ་བའི་བོད་ཀྱི་འཚོ་བའི་རང་མདངས་རྣལ་མ་དེ་ཇི་མ་ཇི་བཞིན་དུ་གསལ་པོ་མཚོན་གྱི་ཡོད་པས།སྒྱུ་རྩལ་གྱི་བདེན་པའི་རང་བཞིན་དེ་བོར་མེད་པ་དང་།གཉིས་ནས་ཁོང་ནས་དྲང་ཕྱོགས་ཀྱི་མི་སྣ་དང་ལྡོག་ཕྱོགས་ཀྱི་མི་སྣ།བར་གནས་ཀྱི་མི་སྣ་ཅི་ཞིག་འཁྲབ་ཀྱང་།འཁྲབ་བྱའི་མི་སྣ་གང་དེའི་བསམ་བློའི་འཁྱེར་སོ་དང་།ལུས་ཀྱི་ཉམས་འགྱུར།སྐད་ཆའི་སྒྱུ་རྩལ།བྱ་བྱེད་ལ་སོགས་མི་སྣ་དེའི་ཐོབ་ཐང་དང་གནས་བབ་ལ་སོགས་པར་གཞིགས་ནས་འཁྲབ་སྟོན་བྱེད་ཐུབ་ཀྱི་ཡོད་སྟབས།མི་སྣའི་སྣང་བརྙན་གསོན་ཉམས་དོད་ཅིང་།འཚོ་བའི་བདེན་པ་དང་སྒྱུ་རྩལ་གྱི་བདེན་པ་གཉིས་གཅིག་སྡུད་ཀྱིས་མཚོན་ནུས་པའི་ཁྱད་ཆོས་ཟབ་མོ་ལྡན་ཡོད།

གསར་འགོད་པས་ཁོང་ལ་བོད་ཀྱི་སྤྱི་ཚོགས་འཚོ་བ་བརྗོད་བྱར་བྱས་པའི་སྒྱུ་རྩལ་འཁྲབ་སྟོན་ཐད་ཀྱི་གནས་ཚུལ་བཅར་འདྲི་ཞུ་དུས།ཁོང་གིས།ང་རང་བོད་ཀྱི་སྤྱི་ཚོགས་འཚོ་བ་བརྗོད་བྱར་བྱས་པའི་བརྙན་འཕྲིན་དང་གློག་བརྙན་འཁྲབ་སྟོན་བྱ་རྒྱུར་ཤིན་ཏུ་ནས་དགའ་པོ་ཡོད།གལ་ཏེ་འཁྲབ་སྟོན་རུ་ཁག་གིས་ང་ལ་བོད་ཀྱི་སྤྱི་ཚོགས་འཚོ་བ་དང་འབྲེལ་བའི་འཁྲབ་སྟོན་བྱེད་པར་བོས་ཚེ།ངས་རང་མི་རིགས་ཀྱི་རིག་གནས་གོང་འཕེལ་ལ་བསམས་ནས་ཁོང་ཚོར་ཁས་མི་ལེན་པ་གཏན་ནས་བྱེད་ཀྱི་མེད་ཅེས་གསུངས་བྱུང་།

ཁོང་གིས་གསུངས་པ་ལྟར་ན།ད་ལྟ་བོད་ཁུལ་དུ་གློག་བརྙན་འཁྲབ་སྟོན་པ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད།ཁོང་ཚོའི་འཁྲབ་རྩལ་བྱང་ཆུབ་ལ།བོད་ཀྱི་རིག་གནས་ལ་རྒྱུས་མངའ་ཆེན་པོ་ལྡན་པ་མ་ཟད།རིག་གནས་ཀྱི་ཆུ་ཚད་ཀྱང་ཅུང་མཐོ་བས།ཁོང་རྣམ་པས་མུ་མཐུད་དེ་རང་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་དང་དུས་རབས་ཀྱི་ཁྱད་ཆོས་མཚོན་པའི་སྒྱུ་རྩལ་བརྩམས་ཆོས་མང་པོ་གསར་རྩོམ་བྱ་རྒྱུར་ང་ལ་ཡིད་ཆེས་ཆེན་པོ་ཡོད།ཕྱིས་འབྱུང་བོད་ཀྱི་འཁྲབ་སྟོན་སྒྱུ་རྩལ་གྱི་བྱ་གཞག་ཉིན་རེ་ལས་མ་བསྡད་པར་གོང་འཕེལ་དུ་གཏོང་རྒྱུ་ནི་ང་ཚོའི་འོས་འགན་ཉག་གཅིག་ཡིན་པས།རང་ཉིད་ཀྱིས་ཀྱང་དེ་བས་ལེགས་པ་དང་།དེ་བས་ལྟ་འདོད་པའི་བརྙན་འཕྲིན་དང་གཏམ་བརྗོད་ཟློས་གར།གློག་བརྙན་མང་པོ་རྒྱ་ཆེའི་གཟིགས་མོ་བ་ཚོའི་སྤྱན་ལམ་དུ་འབུལ་ཐུབ་པ་བྱ་རྒྱུ་ཡིན་ཅེས་ཡིད་ཆེས་ཆེན་པོས་གསུངས་བྱུང་།

སྒྱུ་རྩལ་འཁྲབ་སྟོན་ལམ་བུར་ཐོབ་པའི་གྲུབ་འབྲས།

   ཁོང་གིས་སྒྱུ་རྩལ་འཁྲབ་སྟོན་ལ་བཅངས་པའི་དད་ཞེན་དང་།རེ་སྙེགདེ་མིན་སྒྱུ་རྩལ་འཁྲབ་སྟོན་གྱི་སླད་དུ་དཀའ་བ་མང་དག་ཅིག་ཁྱད་དུ་བསད་པའི་དབང་གིས།ཀུན་ལ་ངོམས་སུ་ཆོག་པའི་སྒྱུ་རྩལ་འཁྲབ་སྟོན་གྱི་བྱ་དགའ་དང་།གཡུར་ཟའི་གྲུབ་འབྲས་མང་དག་ཅིག་ཐོབ་མྱོང་བ་དཔེར་ན།1995ལོར་བརྙན་འཕྲིན《གངས་རྡིབ》ཅེས་པའི་ནང་བོད་ཀྱི་མགོ་དཔོན་མགོན་པོ་ཞེས་པའི་མི་སྣ་ལེགས་པར་འཁྲབ་སྟོན་གནང་ཡོད་པར།ཐེངས་བཅོ་ལྔ་པའི་རྒྱལ་ཡོངས་བརྙན་འཕྲིན་གྱི་མཁའ་སྐྱོད་བྱ་དགའ་སྤྲོད་སྐབས་སྐྱེས་པའི་གཞོགས་འདེགས་འཁྲབ་སྟོན་པ་གྲགས་ཅན་གྱི་བྱ་དགའ་ཐོབ་པ་དང་།1997ལོར་འཁྲབ་གནང་བའི《རོང་ས་དམར་པོ》ཞེས་པར་སྐབས་བཅུ་བདུན་པའི་ཀྲུང་གོའི་གློག་བརྙན་གྱི་གསེར་བྱའི་བྱ་དགའ་སྤྲོད་སྐབས་སྐྱེས་པའི་འཁྲབ་སྟོན་པ་གྲགས་ཅན་གྱི་མཚན་སྙན་ཐོབ་པ།2002ལོར་བརྙན་འཕྲིན་ཟློས་གར《འདབ་མ་བརྒྱད་ལྡན་གྱི་སྐལ་བཟང་མེ་ཏོག》ཅེས་པའི་ནང་རྒྱལ་ནང་དུ་ཕྱིར་ལོག་བྱས་པའི་བོད་རིགས་སྤུན་ཟླ་བློ་བཟང་བསྟན་འཛིན་གྱི་མི་སྣའི་སྣང་བརྙན་འཁྲབ་སྟོན་གནང་བར།རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་གློག་བརྙན་དང་བརྙན་འཕྲིན་འཁྲབ་ཚན་གྱི་འཁྲབ་སྟོན་པ་གྲགས་ཅན་གྱི་རྟ་མཆོག་བྱ་དགའ་ཐོབ་པ།དེ་མིན་བོད་ཀྱི་ཇོ་མོའི་གླང་མའི་སྒྱུ་རྩལ་བྱ་དགའ་དང་།ཀྲུང་གོའི་གསེར་གྱི་སེང་གེ་རྟགས་མའི་གཏམ་བརྗོད་ཟློས་གར་གྱི་བྱ་དགའ་སོགས་རྒྱལ་ཡོངས་དང་ལྗོངས་རིམ་པའི་བྱ་དགའ་མི་ཉུང་བ་ཞིག་ཐོབ་མྱོང་ཡོད་པའོ།།

   མིག་སྔར།ཁོང་ཉིད་བོད་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་འཁྲབ་སྟོན་པ་དང་།ཀྲུང་གོའི་ཟློས་གར་ཚོགས་པའི་ཚོགས་མི།ཀྲུང་གོའི་གློག་རྙན་བརྙན་འཕྲིན་སྒྱུ་རྩལ་ཚོགས་པའི་ཚོགས་མི་བཅས་ཡིན་ལ།རྒྱལ་ཁབ་རིམ་པ་དང་པོའི་འཁྲབ་སྟོན་པའི་གོ་མིང་ཐོབ་ཡོད་ཅིང་།མཚན་སྙན་དེ་དང་འདི་ལྟ་བུ་དང་།རྒྱལ་ཁབ་རིམ་པའི་འཁྲབ་སྟོན་པ་ཞིག་གི་གོ་མིང་ཐོབ་པ་དེ་ནི་ཞིང་པའི་བུ་ཕྲུག་ཁོང་གི་བློ་ཡུལ་ལས་འདས་པ་ཞིག་ཏུ་གྱུར་ཡོད།

   འཁྲབ་སྟོན་སྣ་ཚོགས་གནང་རིང་གི་བགྲང་བྱ་བཞི་བཅུ་ལྷག་ཙམ་གྱི་བགྲོད་ཤུལ་ནི་འོད་སྟོང་འབར་བའི་སྒྱུ་རྩལ་གྱི་ལམ་བུ་འབའ་ཞིག་ཡིན་གཤིས།ཁོང་གིས་བཞུད་ཟིན་པའི་མི་ཚེའི་བགྲོད་ལམ་ལ་ཕྱི་མིག་ལྟ་བཞིན་དུ་མི་ཚེ་གང་པོ་ཆུད་ཟོས་སུ་མ་སོང་བར་སེམས་ལ་སྤྲོ་བས་བརྟས་འདུག2017ལོར་ཁོང་རྒན་ཡོལ་ངལ་གསོ་ཞུས་ཀྱང་།སྔར་རྒྱུན་བཞིན་སྒྱུ་རྩལ་འཁྲབ་སྟོན་གྱི་བྱ་གཞག་དེ་རང་གི་མི་ཚེའི་གྲུབ་ཆ་གལ་ཆེན་ཞིག་ཏུ་བརྩིས་གནང་སྟེ།མུ་མཐུད་བརྩོན་བརྒྱ་འབད་སྟོང་བྱས་དང་བྱེད་མུས་ཡིན།དེ་བས།ཁོང་གིས་རང་གི་ཕ་ཡུལ་ཤངས་གཞུང་རྣམ་གླིང་ཁུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་ཏུ་གྱུར་བའི་ལྷ་མོ་ཚོགས་པ་ལ་སོགས་པར་མ་དངུལ་སྐྱེས་སུ་ཕུལ་ཏེ་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་གོང་འཕེལ་གྱི་སླད་དུ་རང་གི་ནུས་པས་སྲི་ཞུ་སྒྲུབ་བཞིན་ཡོད་པས།དེ་ནི་གྲགས་ཅན་སྒྱུ་རྩལ་པ་བགྲེས་སོང་རྣམས་ལ་གར་སྟེགས་ལས་བབས་རྗེས་གང་ཞིག་བྱེད་དགོས་མིན་ཐད་ཀྱི་མིག་ལྟོས་བཟང་པོ་ཞིག་བཞག་ཡོད་པའོ།།


བོད་ཀྱི་སྐུ་དྲག་གི་ལོ་རྒྱུས་མཚོན་པའི་བརྙན་འཕྲིན《བོད་ཀྱི་གསང་སྒྲུང》ཞེས་པའི་ནང་གི་འཁྲབ་སྟོན་པ་གཙོ་བོ་སྟོབས་རྒྱལ།


རྩོམ་སྒྲིག་པ། (སྒྲོལ་མ་གཡང་མཚོ།)