དབུ་ཤོག >> མི་རིགས་ཆོས་ལུགས། >> ཡུལ་སྲོལ་གོམས་གཤིས།
རྒྱལ་ཐང་བག་སྟོན་གྱི་གཡང་གཞིའི་སྐོར་གྱི་བཤད་པ།
རྩོམ་པ་པོ། སྒྲོལ་མ། དུས་ཚོད། 2017-11-27 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 53

 བག་སྟོན་གྱི་སྨོན་ཚིག་འབུལ་བ་ནི་བདེ་ཆེན་རྒྱལ་ཐང་ས་ཁུལ་གྱི་བོད་རིགས་ཀྱི་བག་སྟོན་སྟེང་མེད་དུ་མི་རུང་བ་ཞིག་ཡིན། བག་སྟོན་མཛད་སྒོའི་ཐོག་ཏུ་བག་བསུ་དང་བག་སྐྱེལ་མཁན་ཕྱོགས་གཉིས་ཀྱིས་བག་གསར་དང་མག་གསར་གཉིས་བག་སྟོན་ཐོག་བསུས་རྗེས།གཉེན་བསུ་མཁན་ཕྱོགས་ཀྱི་སྐུ་ཚབ་ཞིག་སྟེ་བག་གསར་གྱི་ཞང་པོས་རྟེན་འབྲེལ་ཤིས་ཚིག་ཕུལ་སྲོལ་ཡོད་པ་རེད།རྒྱལ་ཐང་ཡུལ་སྐད་དུ་སྐད་ཆ་བཤད་ཅེས་བྱ་བ་རེད།   སྤྱིའི་ཆ་ནས་བཤད་ན་བག་སྟོན་ཤིས་ཚིག་ལ་བསྟོད་པ་དང་ཆོས་བཤད།མི་རབས་རྒྱུད་བཤད། བཀྲ་ཤིས་བརྗོད་པ་བཅས་ཚན་པ་བཞི་བགོ་ཆོག་ལ། བསྟོད་པ་ནི་གཉེན་བཤད་ཡོངས་ཀྱི་སྔོན་འགྲོ་ཙམ་ཡིན།དེའི་ནང་དུ་སྐབས་སུ་བབ་པའི་ཡོན་བདག་ཚང་གི་བག་སྟོན་འདིར་བསྟོད་པ་དང་།  ཡུལ་ལུང་དང་མི་སྣ་སྣ་ཚོགས་ལ་བསྟོད་པ།  ད་དུས་གཡང་གཞི་ལ་བསྟོད་པ།སྐབས་འདིར་ངས་རྒྱལ་ཐང་གི་བག་སྟོན་ཤིས་ཚིག་ཁྲོད་ཀྱི་གཡང་གཞིའི་བསྟོད་པ་སྐོར་ལ་ཅུང་ཟད་འཆད་པར་བྱ།

  གཡང་གཞིའི་བསྟོད་པ་བརྗོད་པའི་སྔོན་རོལ་དུ།གཉེན་བསུ་མཁན་ཕྱོགས་ཀྱིས་རང་གི་ཁྱིམ་ནང་ལ་གསོལ་སྟོན་གྲ་རྒྱས་ཤིག་བཤམས་པ།ཡུལ་གྱི་སྐད་དུ་འགྱེད་བཏང་ཞེས་བྱའོ།དེ་ནས་མོ་རྩིས་ལ་མཁས་པའི་དགེ་བསྙེན་ཞིག་གིས་གསོལ་སྟོན་གྱི་མདུན་གྲལ་དུ་གཡང་གཞི་བཤམས་ནས།ཞང་པོ་བློ་རིག་གསལ་ཞིང་ཁ་ལྕེ་བདེ་བ་ཞིག་གིས་གཡང་གཞི་ལ་བསྟོད་པ་བྱེད་དགོས། བསྟོད་ཚིག་ནི་གཤམ་གསལ་ལྟར།   གཡང་འགོ་ལ།སངས་རྒྱས་སྟོང་སྐུ་ལྔ་བརྒྱའི་སྐུ་དྲངས།གཞི་འགོ་ལ།རྒྱལ་བ་རིགས་ལྔའི་ཞལ་གསལ།གཞི་དཀྱིལ་ལ།འདོད་ཡོན་སྣ་ལྔ་གི་རྩི་ཚང་།  ལྕགས་རིགས་སྣ་ལྔའི་རྒྱན་འདིང་།  གཞི་ཟུར་ལ།སྟན་མོ་པད་མ་རི་མོ་གིས་རྒྱན་པ་འདིང་།དར་ཚོན་སྣ་ལྔའི་སྒོ་ཕུད།རིན་པོ་ཆེ་སྣ་ལྔ་གི་རྩི་ཚང་།གཞི་རྩ་ལ།གཡང་ཕོར་ཡོན་ཆབ་མདུན་དུ་བཤམས། 

  ཐོག་མར་གཡང་གཞིའི་རྩེ་མོ་རེད།རྩེ་མོ་དེ་ན་སངས་རྒྱས་སྟོང་སྐུ་བཤམས་པ་དང་།ཕྱོགས་བཞིར་རྒྱལ་བ་རིགས་ལྔའི་ཞལ་གསལ་བོ་མཐོང་དགོས།དེའི་དོན་ནི་ཕྱོགས་བཞིར་རྒྱལ་བ་རིགས་ལྔའི་ཐང་ག་བཤམས་དགོས།  དེའི་འཕྲོར་གཡང་གཞིའི་སྐེད་རིམ་ན། ལྕགས་རིགས་སྣ་ལྔ་སྟེ་གསེར་དངུལ་ཟངས་ལྕགས་ཧ་ཡང་བཅས་ཚང་དགོས་ལ།ཁ་བཏགས་ཀྱིས་རྒྱན་སྤྲས་བྱེད་དགོས། གཡང་གཞིའི་མཐའ་སྐོར་དུ།ཤེ་མོ་དང་ཡིད་དུ་འོང་བའི་པར་རིས་ཀྱིས་བརྒྱན་པ་དང་།ཚོན་མདོག་སྣ་ལྔའི་དར་ཁྲ་ཡིས་བརྒྱན་དགོས་ལ། གཏེར་རྡོ་རིགས་སྣ་ལྔ་བསྒྲིགས་དགོས།གཡང་གཞིའི་འོག་རིམ་ནི། ཤེ་མོ་དང་གཡང་ཕི། མཆོད་ཆུ། མཆོད་མར་བཅས་ཀྱིས་སྐོར་དགོས།

 དོན་དངོས་སུ།བར་རིམ་གྱི་གྲུབ་ཆ་གཙོ་བོ་ནི་གཡང་ཕོར་དང་ཤེ་མོ་ཡིན་ལ།གཡང་གཞིར་གཡང་གཞི་ཞེས་བརྗོད་དོན་གཙོ་བོའང་གཡང་འགུག་དངོས་རྫས་འདི་གཉིས་ཡོད་པའི་རྐྱེན་གྱིས་རེད།ཤིས་ཚིག་ནང་དུ་དེ་གཉིས་ལ་འདི་ལྟར་བརྗོད་འདུག  གཡང་ཕོར་དང་གངས་རི་བསྡུར་བ་དང་།ཤེ་མོ་དང་རྒྱ་མཚོ་བསྡུར་ན་འགྲིག  གཡང་ཕོར་དང་གངས་རི་བསྡུར་ཚེ། གཡང་ཕོར་ནི་གངས་རི་ལས་ཀྱང་མཐོ།  ཤེ་མོ་དང་རྒྱ་མཚོ་བསྡུར་བའི་ཚེ།ཤེ་མོ་ནི་རྒྱ་མཚོ་ལས་ཀྱང་ཟབ། ཅེས་དེ་འདྲ་བརྗོད་པའི་ནང་དོན་ནི་དེ་དག་ལ་གངས་རིམ་ལས་མཐོ་བ་དང་།  རྒྱ་མཚོ་ལས་ཟབ་པའི་གཡང་འཁོར་ཡོད་ཅེས་པའི་དོན་རེད།རབ་བཏགས་ཀྱི་བརྗོད་སྟབས་དེ་བཀོལ་ནས་བག་སྟོན་གྱི་ཉིན་མོ་དེར་གཡང་གཞིའི་སྟེང་དུ་འཁོར་བའི་གཡང་མཚོན་ཡོད་པ་རེད།གོང་དུ་ར་སྤྲོད་བྱེད་པའི་བག་སྟོན་སྨོན་ཚིག་ནང་གི་གཡང་གཞི་ལ་བསྟོད་པ་ནི་རྒྱ་མཚོ་ནང་གི་ཆུ་ཐིགས་ཙམ་ཡིན།

 བག་སྟོན་སྨོན་ཚིག་ལ་བཤད་པ་དང་གླུ་གཞས་ཀྱི་རང་བཞིན་དང་ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་མ་ཟད་སངས་རྒྱས་ཆོས་ལུགས་དང་ཡུལ་སྲོལ་སོགས་དང་འབྲེལ་བ་དམ་པོ་ཡོད་པས།  དེའི་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པ་ཡོད།འོན་ཀྱང་ཉེ་བའི་ལོ་འགའི་རིང་།སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱལ་འགྲོ་བའི་དུས་མཚུངས་སུ།  དེང་རབས་རིག་གནས་ཀྱིས་སྲོལ་རྒྱུན་རིག་གནས་ལ་ཤན་ཤུགས་ཆེན་པོ་ཐེབས་ནས།  སྲོལ་རྒྱུན་གྱི་གནས་བབས་ཉམས་རྒུད་དུ་འགྲོ་བཞིན་ཡོད། གཉེན་སྒྲིག་སྨོན་ཚིག་ལ་སོགས་པའི་དམངས་ཁྲོད་རྩོམ་རིག་ལ་ཆ་མཚོན་ནས་བཤད་ན།   སྲོལ་རྒྱུན་གྱི་གཉེན་སྒྲིག་གི་རྟེན་འབྲེལ་གྱི་ཆོ་ག་ཡོངས་རྫོགས་རིམ་བཞིན་དུ་སྟབས་བདེ་དུ་འགྲོ་བཞིན་པས།གཉེན་སྒྲིག་སྨོན་ཚིག་གི་རྒྱུན་ཆད་རྒྱུའི་ཉེན་ཁ་དང་འཕྲད་དང་འཕྲད་མུས་ཡིན།  དེའི་ཕྱིར་རྗེས་རབས་རྣམས་ཀྱིས་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་སྲུང་སྐྱོང་བྱ་རྒྱུ་ནི་རང་རེའི་ཕྲག་ཐོག་ཏུ་བབས་པའི་འོས་འགན་ཡིན་པས།ཚང་མས་རང་ནུས་ཅི་ལྕོགས་ཀྱིས་དེའི་ཕྱོགས་སུ་འབད་པར་བྱ་རྒྱུ་ནི་ཧ་ཅང་གལ་ཆེའོ།།

 

 

རྩོམ་སྒྲིག་པ། (ཚེ་རིང་དོན་འགྲུབ།)