མཁས་དབང་དོན་གྲུབ་རྒྱལ་ངོ་སྤྲོད་མདོར་བསྡུས།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-11-29 རྩོམ་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། ཀློག་གྲངས། 47

        མཁས་མཆོག་དོན་གྲུབ་རྒྱལ་ནི་རབ་བྱུང་བཅུ་དྲུག་པའི་ཆུ་མོ་སྦྲུལ་གྱི་ལོ་སྟེ་སྤྱི་ལོ་1953ལོར་(དེང་གི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང )མདོ་སྨད་དགུ་རོང་སྡེ་པའི་གྲོང་ཆུང་དུ་སྐུ་འཁྲུངས།དགུང་ལོ་བརྒྱད་ཀྱི་སྟེང་ནས་ས་ཆ་དེ་གའི་སློབ་ཆུང་དུ་ཞུགས་ཏེ་རིག་གནས་སྦྱངས་འགོ་བརྩམས།སྤྱི་ལོ་1964ལོར་རྨ་ལྷོ་དགེ་འོས་སློབ་གྲྭར་རྒྱུགས་འཕྲོད་ནས་ལོ་ལྔའི་རིང་ལ་དཀའ་སྤྱད་འབད་བརྩོན་ལྷོད་མེད་བྱས་ནས་འབྲས་བུ་གཡུར་དུ་ཟ་བ་ཐོབ་ནས་སློབ་མཐར་ཕྱིན།སྐབས་དེར་མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་སུ་བགོས་ཏེ་རྒྱང་བསྒྲགས་ཀྱི་བྱ་བ་བསྒྲུབས།སྤྱི་ལོ་དོན་གཅིག་ལོ་ནས་དོན་ལྔའི་བར་དུ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་མི་རིགས་སྐད་ཡིག་རྩོམ་རིག་ཚན་ཁག་ཏུ་རྒྱ་བོད་ཡིག་སྒྱུར་གྱི་ལས་ལ་སློབ་སྦྱངས་མཛད།སློབ་མཐར་ཕྱིན་རྗེས་རྒྱང་བསྒྲགས་ཁུངས་སུ་འབྱོར་ནས་ཡིག་སྒྱུར་དང་གསར་འགོད་པའི་ལས་དོན་བསྒྲུབས།སྤྱི་ལོ་དོན་བརྒྱད་ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་མི་རིགས་སྐད་ཡིག་རྩོམ་རིག་ཚན་ཁག་ཏུ་ཞིག་འཇུག་སློབ་མར་རྒྱུགས་འཕྲོད་ནས་ལོ་གསུམ་གྱི་རིང་ལ་དུང་དཀར་བློ་བཟང་འཕྲིན་ལས་སོགས་དགེ་བའི་བཤེས་གཉེན་རྣམས་ཀྱི་མདུན་ནས་བོད་ཀྱི་ལོ་རྒྱུས་དང་།རྩོམ་རིག་གཙོས་རིག་པའི་གནས་དུ་མར་ཐུགས་ཀྱི་བུམ་པར་གཏམས། 

        སྤྱི་ལོ1981ལོ་ནས་སློབ་གྲྭ་དེ་གར་དགེ་རྒན་མཛད་ནས་སློབ་དཔོན་ཆེན་པོའི་གོ་མིང་ཐོབ།སློབ་མ་བརྒྱ་ཕྲག་མང་པོ་ལ་བོད་རིག་པའི་དཔེ་ཁྲིད་གནང་ནས་ཡོན་ཏན་གྱི་བདུད་རྩིས་ཚིམས་པར་མཛད་ཅིང་། ཁོང་གི་གསུང་རྩོམ་སྐོར་ལ། བརྩམས་སྒྲུང་དང་། སྙན་རྩོམ། འབོལ་རྩོམ། དཔྱད་རྩོམ་སོགས་ཁྱོན་པོད་དྲུག་རྗེས་འཇུག་གདུལ་བྱའི་གསོས་སུ་བཞག་སྟེ། སྤྱི་ལོ1984ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭས་གདན་དྲངས་ནས་སློབ་གྲྭའི་དགེ་སློབ་ཡོངས་ལ་བོད་ཀྱི་ལོ་རྒྱུས་ལས་འཕྲོས་པའི་རིག་གཞུང་གི་སློབ་ཁྲིད་གནང་སྟེ་ཀུན་གྱི་བློ་སྒོ་ཡངས་པར་ཕྱེས།མཐར་དགུང་ལོ་སོ་གསུམ་པར་བོད་རབ་བྱུང་བཅུ་དྲུག་པ་ཤིང་མོ་གླང་གི་ལོ་སྟེ་སྤྱི་ལོ་1985ལོའི་ཟླ11པའི་ཚེས29ཉིན་མཚོ་ལྷོའི་ཆབ་ཆ་གྲོང་དུ་སྐུ་གཤེགས་སོ།།