དབུ་ཤོག >> སྐྱེ་ཁམས་ཡུལ་སྐོར། >> སྐྱེ་ཁམས་སྲུང་སྐྱོང་།
ཁོར་ཡུག་སྲུང་སྐྱོང་པུས་ཇོ་མོ་གླང་མ་སྲུང་སྐྱོང་ཁུལ་གྱི་ཁྱབ་ཁོངས་ལེགས་སྒྲིག་གནས་ཚུལ་
རྩོམ་པ་པོ། མི་གསལ། དུས་ཚོད། 2017-12-05 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས། 26

        ཉེ་སྔོན། ཁོར་ཡུག་སྲུང་སྐྱོང་པུས་བོད་ལྗོངས་ཇོ་མོ་གླང་མའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་། ཡུན་ནན་པད་མ་གངས་རིའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལེགས་སྒྲིག་གནས་ཚུལ་ཡོངས་བསྒྲགས་བྱས་པ་སྟེ། ཇོ་མོ་གླང་མའི་སྲུང་སྐྱོང་ཁུལ་ནས་རྒྱ་ཁྱོན་སྨི་ངོས་གྲུ་1134.57འཐེན་པ་དང་། རྒྱ་ཁྱོན་སྨི་ངོས་གྲུ་1134.57སྲུང་སྐྱོང་ཁུལ་ནང་བཅུག་ཡོད་པ་རེད། སྲུང་སྐྱོང་ཁུལ་ལེགས་སྒྲིག་བྱས་རྗེས་སྤྱིའི་རྒྱ་ཁྱོན་ལ་འགྱུར་ལྡོག་ཕྱིན་མེད་པར་སྔར་བཞིན་སྨི་ངོས་གྲུ་33819ཡོད་པ་རེད། པད་མ་གངས་རིའི་སྲུང་སྐྱོང་ཁུལ་ནས་རྒྱ་ཁྱོན་སྨི་ངོས་གྲུ་103.0529འཐེན་པ་དང་། རྒྱ་ཁྱོན་སྨི་ངོས་གྲུ་107.7129སྲུང་སྐྱོང་ཁུལ་ནང་བཅུག་པས་སྤྱིའི་རྒྱ་ཁྱོན་ཅུང་ཆེ་རུ་ཕྱིན་ཡོད་པ་རེད།


        ཇོ་མོ་གླང་མའི་རང་བྱུང་སྲུང་སྐྱོང་ཁུལ་ལེགས་སྒྲིག་བྱེད་དོན་ནི་སྲུང་སྐྱོང་ཁུལ་གྱི་ཁྱབ་ཁོངས་ལེགས་སུ་བཏང་ནས་རྩ་ཆེའི་སྲོག་ཆགས་སྲུང་སྐྱོང་གི་དགོས་མཁོར་ཤུགས་སྣོན་རྒྱག་ཆེད་ཡིན་པ་རེད། སྲུང་སྐྱོང་ཁུལ་འཛུགས་རྒྱུའི་ཆོག་མཆན་མ་ཐོབ་གོང་སྲུང་སྐྱོང་ཁུལ་ནང་གཏིང་སྐྱེས་དང་། གཉའ་ནང་། སྐྱིད་གྲོང་། དིང་རི་བཅས་རྫོང་གྲོང་4དང་དེ་བཞིན་སྒྲིག་གཞི་ཚང་བའི་ཤང་གྲོང་ཁག་གཅིག་ཡོད་པ་རེད། ཀྲུང་གོ་དང་ནེ་པ་ལའི་འབྲེལ་མཚམས་སུ་གནས་པའི་སྐྱིད་གྲོང་འགག་སྒོ་ནི་རྒྱལ་ཁབ་ཀྱི་རིགས་དང་པོའི་སྐམ་ལམ་གྱི་འགག་སྒོ་ཞིག་དང་། རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་ལས་གྲྭ་ཆེ་གྲས་ཤིག་ཡིན་པས། དམངས་འཚོ་ལེགས་བཅོས་ལ་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད། ཞིབ་ཕྲའི་ལེགས་སྒྲིག་བྱས་པ་གཤམ་གསལ་ཏེ། སྲུང་སྐྱོང་ཁུལ་གྱི་ཤར་ཕྱོགས་ཀྱི་གཡས་རུ་གཙང་པོའི་ཆུ་འགོའི་འདམ་ར་དང་། མདོ་ཁྲ་མཚེའུ་དང་དེ་བཞིན་དེའི་ཉེ་འཁོར་ཁུལ་གྱི་སྨི་ངོས་གྲུ་1134.57སྲུང་སྐྱོང་ཁུལ་ནང་བཅུག་པ་དང་། སྲུང་སྐྱོང་ཁུལ་ནང་གི་རྫོང་སྲིད་གཞུང་4དང་ཤང་གྲོང་རྡལ་སྲིད་གཞུང་26གནས་ཡུལ་སྲུང་སྐྱོང་ཁུལ་ནས་འཐེན་པ་དང་། འཐེན་པའི་རྒྱ་ཁྱོན་སྨི་ངོས་གྲུ་621ཟིན་ཡོད་པ་རེད། སྐྱིད་གྲོང་རྫོང་གི་ལྷོ་རྒྱུད་སྐྱིད་གྲོང་འགག་སྒོ་སྲུང་སྐྱོང་ཁུལ་ནས་འཐེན་པ་དང་། འཐེན་པའི་རྒྱ་ཁྱོན་སྨི་ངོས་གྲུ་47.80ཟིན་ཡོད་པ་རེད། སྲུང་སྐྱོང་ཁུལ་ནང་གི་དེ་སྔའི་གཞུང་ལམ་དེ་དག་སྲུང་སྐྱོང་ཁུལ་ནས་འཐེན་པ་དང་། འཐེན་པའི་རྒྱ་ཁྱོན་སྨི་ངོས་གྲུ་465.77ཟིན་ཡོད་པ་རེད།


        པད་མ་གངས་རིའི་སྲུང་སྐྱོང་ཁུལ་ལེགས་སྒྲིག་བྱས་པའི་ནང་སྲུང་སྐྱོང་ཁུལ་གྱི་ལྷོ་ནུབ་རྒྱུད་ཀྱི་འབའ་ལུང་རྫོང་གི་ཡེ་ཀྲེ་ཤང་དང་བྲག་སྟེང་ཤང་སོགས་ཤང་གྲོང་5རུ་མི་འབོར་ཁྲི་4ལྷག་ཙམ་(བོད་རིགས་85%ཟིན་པ)ཡོད་པས། དེ་ནི་སྲོལ་རྒྱུན་གྱི་ཐོན་སྐྱེད་དང་འཚོ་བའི་ཁུལ་ཡིན་པ་ལས། ཡུན་ནན་སྤྲེལ་ཁྲ་འཚོ་གནས་ཁུལ་གྱི་སྲུང་སྐྱོང་བྱེད་ཁོངས་གཙོ་བོར་མ་གཏོགས་པས་སྲུང་སྐྱོང་ཁུལ་ནས་འཐེན་པ་དང་། སྲུང་སྐྱོང་ཁུལ་གྱི་ནུབ་བྱང་རྒྱུད་ཀྱི་དགྲ་ལྷ་བཅུ་གཉིས་རི་བོའི་ལྷོ་ནུབ་འདབས་སུ་རྒྱ་ཁྱོན་ཆེ་བའི་གཞུང་ཁོངས་གདོད་མའི་ནགས་ཚལ་ཡོད་པ་དེ་འབྲི་ཆུ་དང་རྫ་ཆུའི་ཆུ་འགོའི་ཆུ་གསོག་ཁུལ་གལ་ཆེན་གྱི་ཁོངས་སུ་གཏོགས་པས་སྲུང་སྐྱོང་ཁུལ་ནང་བཅུག་ནས་སྲུང་སྐྱོང་བྱེད་རྒྱུ་ཡིན་ཞིང་། སྲུང་སྐྱོང་རིན་ཐང་གལ་ཆེན་ལྡན་པའི་བར་ཁུལ་དང་ཚོད་ལྟའི་ཁུལ་གཉིས་ལྟེ་བའི་ཁུལ་དུ་ལེགས་སྒྲིག་བྱས་ཡོད་པ་དང་། སྲུང་སྐྱོང་རིན་ཐང་ཅུང་ཆུང་བའི་ལྟེ་བའི་ཁུལ་དང་བར་ཁུལ་གཉིས་ཚོད་ལྟའི་ཁུལ་དུ་ལེགས་སྒྲིག་བྱས་ཡོད་པ་རེད།

 

རྩོམ་སྒྲིག་པ། (པདྨ་མཚོ། )