དབུ་ཤོག >> སྐབས་དོན་གསར་འགྱུར། >> བོད་ཁུལ་གསར་འགྱུར།
མཚོ་སྔོན་གྱིས་2018ལོར་ཞིང་ཆེན་ཡོངས་ལ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་ཁང་ཁྱབ་པར་བྱ་རྒྱུ་ཡིན་པ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-12-07 རྩོམ་ཁུངས། མི་དམངས་དྲ་བའི་འཕྲིན། ཀློག་གྲངས། 1316

    ཉིན་ཤས་གོང་།གསར་འགོད་པར་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར།མཚོ་སྔོན་གྱིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་ཁྲི་5128བཏང་ནས་ཆ་རྐྱེན་འཛོམས་པའི་ས་ཁུལ་དུ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་ཁང་400འཛུགས་རྒྱུའི་བཀོད་སྒྲིག་བྱས་པ་དེས་ཞིང་ཆེན་ཡོངས་ཀྱི་92%ལ་ཁྱབ་པ་དང་།2018ལོར་ཞིང་ཆེན་ཡོངས་ལ་ཁྱབ་རྒྱུ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན།2013ལོ་ནས་བཟུང་།ཀྲུང་དབྱང་ནོར་སྲིད་ཀྱིས་ཆེད་དོན་མ་དངུལ་བཀོད་སྒྲིག་བྱས་ནས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་ཁང་གི་ཞབས་ཞུའི་ནུས་པ་འཛུགས་སྐྲུན་བྱས་པ་དང་།ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་ཁང་འཛུགས་སྐྲུན་རྣམ་གྲངས་སྤེལ་དོན་ནི།ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་བརྒྱུད་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་བརྟག་དཔྱད་ཁང་དང་སྨན་བཅོས་ཁང་སོགས་ཚན་ཁག་མང་པོ་གཅིག་སྡུད་ཐོག་བཙུགས་ཏེ།ཁྱབ་ཚུལ་དང་བརྒྱུད་རིམ་དེ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་བླང་བྱ་དང་འཚམ་པར་བྱས་ནས།བལྟོས་བཅས་ཀྱིས་རང་རྐྱ་འཕེར་བའི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཁྱད་ཆོས་ལྡན་པའི་སྨན་བཅོས་ཁུལ་ཆགས་པར་བྱ་ཆེད་ཡིན་པ་རེད།སྨན་ཁང་གི་ཁང་པ་ཀྲུང་ལུགས་ལྟར་མཛེས་བཟོ་བྱས་པ་དང་།སྒོའི་གཡས་གཡོན་དུ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་རིག་གནས་མཚོན་པའི་ཆ་ཡིག་དང་།བར་ཁྱམས་དང་སྨན་བཅོས་ཁང་དུ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཤེས་བྱ་དྲིལ་བསྒྲགས་སྒྲོམ་གཞི་དང་དྲིལ་བསྒྲགས་པར་རིས་སོགས་སྦྱར་ནས།སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་དང་མི་ཆོས་ཐུགས་ཁུར་མཚོན་པར་བྱས་ནས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་རྣམ་པ་ཟབ་མོ་བཏོད་པ་རེད།

    དེ་དང་ཆབས་ཅིགགཞི་རྩའི་སྨན་བཅོས་དང་སྔོན་འགོག་བདེ་སྲུང་སོགས་ཀྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་བཅོས་ཞབས་ཞུ་གཅིག་སྡུད་ཐོག་སྤེལ་ནས།མང་ཚོགས་ལ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་བདེ་སྲུང་ཤེས་བྱ་དྲིལ་བསྒྲགས་བྱས་ཤིང་།གསེར་ཁབ་དང་།མེ་བཙའ།མེ་བུམ་སོགས་ཀྱི་ལག་རྩལ་ལ་གཙོ་གནད་ཐོག་ཤུགས་སྣོན་བརྒྱབ་པ་དང་།རྣམ་གྲངས་སྤེལ་བ་བརྒྱུད་གཞི་རིམ་གྱི་རྒྱུན་མཐོང་ནད་རིགས་དང་ཕོག་སླའི་ནད་རིགས་འགོག་བཅོས་བྱེད་སྐབས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ལག་རྩལ་ཁྱབ་གདལ་དང་བཀོལ་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས།གཞི་རིམ་གྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཞབས་ཞུའི་ནུས་པ་སྔར་བས་ཆེ་རུ་བཏང་སྟེ།ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཁྱད་ཆོས་དང་ལེགས་ཆ་འདོན་སྤེལ་ལ་སྐུལ་འདེད་བཏང་བ་རེད།

    མིག་སྔའི་བར་ཏུ།མཚོ་སྔོན་ཞིང་ཆེན་ཡོངས་སུ་རིམ་རྩིས་བརྒྱབ་ན་རྣམ་གྲངས་མ་དངུལ་སྒོར་ཁྲི་5128བཏང་ནས་ཆ་རྐྱེན་འཛོམས་པའི་ས་ཁུལ་དུ་ཀྲུང་ལུགས་དང་བོད་ལུགས་སྨན་ཁང་400འཛུགས་རྒྱུའི་བཀོད་སྒྲིག་བྱས་པ་དེས་ཞིང་ཆེན་ཡོངས་ཀྱི་92%ལ་ཁྱབ་ཡོད་པ་དང་།དེ་དག་ལས་ཀྲུང་ལུགས་དང་བོད་ལུགས་སྨན་ཁང་232(ཟི་ལིང་གྲོང་ཁྱེར་དུ་41མཚོ་ཤར་གྲོང་ཁྱེར་དུ་57མཚོ་ནུབ་ཀྲོའུ་རུ་22མཚོ་བྱང་ཀྲོའུ་རུ་20 མཚོ་ལྷོ་ཀྲོའུ་རུ་25 རྨ་ལྷོ་ཀྲོའུ་རུ་22 ཡུལ་ཤུལ་ཀྲོའུ་རུ་23 མགོ་ལོག་ཀྲོའུ་རུ་22)བསྐྲུན་ཟིན་པ་དང་།ཀྲུང་ལུགས་དང་བོད་ལུགས་སྨན་ཁང་168(ཟི་ལིང་གྲོང་ཁྱེར་དུ་39མཚོ་ཤར་གྲོང་ཁྱེར་དུ་46མཚོ་ནུབ་གྲོང་ཁྱེར་དུ་16མཚོ་བྱང་གྲོང་ཁྱེར་དུ་16མཚོ་ལྷོ་ཀྲོའུ་རུ་8རྨ་ལྷོ་ཀྲོའུ་རུ་13ཡུལ་ཤུལ་ཀྲོའུ་རུ་11 མགོ་ལོག་ཀྲོའུ་རུ་19)སྐྲུན་བཞིན་པའི་སྒང་ཡིན་པ་རེད།

 

རྩོམ་སྒྲིག་པ། (སྒྲོལ་མ་གཡང་མཚོ།)