མདོ་ཁམས་ཆུ་བཞི་སྒང་དྲུག
རྩོམ་པ་པོ། མི་གསལ། དུས་ཚོད། 2017-12-11 རྩོམ་ཁུངས། གངས་ལྗོངས་ཉི་གཞོན། ཀློག་གྲངས། 684

        ལོ་རྒྱུས་ཐོག་བོད་ཀྱི་ས་ཁམས་ཆགས་ཚུལ་གྱི་སྒོ་ནས་སྟོད་མངའ་རིས་བསྐོར་གསུམ།བར་དབུས་གཙང་རུ་བཞི། ལྷོ་མོན་ཁ་བཞི། སྨད་མདོ་ཁམས་སྒང་དྲུག་ཅེས་འབོད་སྲོལ་ཡོད་པ་རེད། སྐབས་འདིར་མདོ་ཁམས་ཆུ་བཞི་སྒང་དྲུག་ཅེས་པ་དེ་ངོ་སྤྲོད་ཞུ་རྒྱུ་ཡིན།   ཆུ་བཞི་སྒང་དྲུག་ཅེས་པ་དེ་བོད་ཀྱི་ས་གཤིས་ཆགས་ཚུལ་གྱི་སྒོ་ནས་དབྱེ་བ་ཞིག་རེད།     ཆུ་བཞི་ནི། ཚ་བ་རྒྱལ་མོ་རྔུལ་ཆུ།(怒江) ཆབ་མདོ་ཟླ་ཆུ། (རྫ་ཆུ澜沧江) འབྲི་ཆུ། (金沙江) རྨ་ཆུ་(黄河) དང་བཞི་ལ་ཟེར། །
        1. སྟག་ཚང་དཔལ་འབྱོར་བཟང་པོས་མཛད་པའི་རྒྱ་བོད་ཡིག་ཚང་ལས། སྒང་གསུམ་ཞེས་གསུངས།འདིར་ཆུ་བཞིའི་བར་ན་སྒང་གསུམ་ཡོད་པ་ལ་སྨད་མདོ་ཁམས་སྒང་གསུམ་ཟེར།འོན་ཀྱང་མདོ་ཁམས་སྒང་གསུམ་གྱི་སོ་སོའི་མིང་གང་ཡིན་གསལ་པོར་བྲིས་པ་ད་བར་མ་རྙེད། སྒང་གསུམ་ནི །རྒྱལ་མོ་རྔུལ་ཆུ་དང་ཟླ་ཆུའི་བར་སྒང་གཅིག ཟླ་ཆུ་དང་འབྲི་ཆུའི་བར་སྒང་གཅིགའབྲི་ཆུ་དང་རྨ་ཆུའི་བར་སྒང་གཅིག་ཡིན་པ་ནི་སྨོས་མ་དགོས། 
        2.གཞི་བདག་དཀར་གཏོར་ལས། སྒང་ལྔ་ཞེས་གསུངས་པ་ནི།   གོང་གི་སྒང་གསུམ་གྱི་ཐོག་རྒྱལ་མོ་རྔུལ་ཆུའི་ནུབ་བརྒྱུད་ཕར་རིའི་སྒང་དང་། རྨ་ཆུའི་ཤར་བརྒྱུད་ཀྱི་ཡུལ་སྒང་ཡིན་ངེས་ཀྱང་དེ་དག་གསལ་པོ་ངོས་འཛིན་བྱས་པའི་མིང་ད་བར་མ་མཐོང་། 
        3. དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས། སྒང་དྲུག་ནི། ①ཚ་བ་སྒང་། ཡར་ཀླུང་གཙང་པོའི་ཤར་བརྒྱུད་དང་། རྒྱལ་མོ་རྔུལ་ཆུའི་ནུབ་བརྒྱུད་ཀྱི་ཡུལ་གྲུ་འདི་དག་ལ་ཟེར། དེང་སང་དཔལ་ཤོད་རྫོང་དང་། སྤུ་མི་རྫོང་དང་། རྫ་ཡུལ། ལྷོ་རོང་། དཔལ་འབར་ལ་སོགས་པའི་ཡུལ་གྲུ་འདི་དག་གོ།  ② སྤོ་འབོར་སྒང་། རྒྱལ་མོ་རྔུལ་ཆུ་དང་ཆབ་མདོ་ཟླ་ཆུ་གཉིས་ཀྱི་བར་སྒང་འདི་ལ་ཟེར། དཔེར་ན། དེང་སང་མཛོ་སྒང་རྫོང་ལ་སོགས་པའི་ཡུལ་གྲུ་འདི་དག་རེད།  ③ སྨར་ཁམས་སྒང་། ཆབ་མདོ་ཟླ་ཆུ་དང་འབྲི་ཆུའི་བར་གྱི་ཡུལ་གྲུ་འདི་དག་ལ་ཟེར། བསངས་ཡིག་མང་པོ་ཞིག་ན་འདིའི་སྟོད་ཕྱོགས་ལྷོ་སྡེ་ཕྱི་འབྲོག་ཁག་ལྔའི་ཡུལ་ལ་ཀེ་རེ་སྒང་དང་། སྨད་ཕྱོགས་ལ་སྨར་ཁམས་སྒང་ཞེས་བྲིས་པའང་འདུག    སྨར་ཁམས་ཀེ་རེ་སྒང་ཞེས་མཉམ་དུ་འབོད་སྲོལ་ཡང་བྱུང་འདུག     གང་ལྟར་ཡང་ཡུལ་འདི་ལ་སྒང་གཅིག་མ་གཏོགས་བརྩི་སྲོལ་བྱུང་མི་འདུག ④ འབྲི་ཟླ་ཟླ་མོ་སྒང་། འདི་ནི་ཆུ་བོ་རྨ་འབྲི་གཉིས་ཀྱི་བར་ན་བྱང་སྡེ་ཟླ་ཆུ་ཁ་ནས་མར་འབབ་པའི་ཟླ་ཆུ་ཡར་བསྣན་ནས་འབྲི་ཆུ་དང་། ཟླ་ཆུའི་བར་སྒང་ལ་འབྲི་ཟླ་ཟལ་མོ་སྒང་ཞེས་འབོད་སྲོལ་ཆགས་འདུག ཆུ་བོ་འདིའི་མིང་ལ་སྟོད་ན་ཟླ་ཆུ་དང་། སྨད་ན་ཉག་ཆུ་ཟེར། རྒྱ་སྐད་དུ། ཡ་ཀློང་ཅང་ཟེར། (雅砻江) དེང་དུས་རྫ་ཆུ་ཞེས་འབྲི་སྲོལ་ཡོད་འདུག་ཀྱང་།    འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེས་མཛད་པའི་བསངས་ཡིག་དང་། ལོ་རྒྱུས་ཐམས་ཅད་ནང་དུ། འབྲི་ཟླ་ཟལ་མོ་སྒང་དང་། ཟླ་ཀླུང་དང་། ཟླ་ཁོག་ཅེས་བྲིས་འདུག 【 ཟླ། 】 འདི་སྒྲ་གཉིས་ལྡན་ཅན་གྱི་ཡི་གེ་ཡིན་སྟབས། Da,   Za, གཉིས་ཀ་གང་བདེ་བཀླག་ཆོག ང་ཚོའི་ཕ་མ་དང་མེས་པོ་རྣམས་ཀྱིས་ཟླ་བ་ལ་རྫ་བ་ཞེས་པའི་སྒྲ་གདངས་ཁོ་ན་བཀླགས་སྲོལ་ཡོད།འདི་ནི་དཔེར་ན། གླིང་ཚང་། འདན་ཁོག སྡེ་དགེ དཔལ་ཡུལ་ལ་སོགས་པའི་ཡུལ་འདི་དག་གོ།  
  ⑤ མི་ཉག་རབ་སྒང་། ཉག་ཆུ་དང་། རྨ་གཉིས་ཀྱི་བར་སྒང་དུ་ཆགས་པའི་ཡུལ་གྲུ་འདི་དག་ལ་ཟེར། འདི་ནི་མི་ཉག་ཁ་ལ་གྲུ་བཞི། རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད། རྨ་ཆུའི་ལྷོ་བརྒྱུད་དུ་ཆགས་པའི་ཨ་མདོའི་ཡུལ་སྡེ་འདི་དག་ལ་ཟེར། དེང་སང་སི་ཁྲོན་དང་། མཚོ་སྔོན། ཀན་སུའུ་སྟེ་ཞིང་ཆེན་གསུམ་གྱི་ཁོངས་སུ་ཁྱབ་ཡོད་པ་ཞིག་རེད།      ⑥ རྨ་ཟླ་སྒང་། རྨ་རྫ་སྒང་ཡང་བྲིས་པ་སྣང་།    འདི་ནི་ཉག་ཆུའི་སྟོད་ཕྱོགས་ཟླ་ཆུ་དང་། རྨ་ཆུ་གཉིས་ཀྱི་བར་ན་ཆགས་པའི་ཡུལ་སྡེ་རྣམས་ཏེ། གཙོ་བོ་མགོ་ལོག་དང་། གསེར་རྟ་སོགས་ཀྱི་འབྲོག་སྡེ་འདི་དག་ལ་ཟེར། 
        རྗེས་སུ་ས་གནས་དཔོན་པོའི་དབང་སྒྱུར་གྱི་མངའ་ཁོངས་ལ་འགྱུར་ལྡོག་བྱུང་རྐྱེན་གྱིས་སྒང་དྲུག་གི་དབྱེ་བ་དེའང་སྲིད་དབང་གི་མངའ་ཁོངས་དང་འབྲེལ་ནས་བྲིས་པ་དཔེར་ན། འབྲི་ཆུའི་ཕར་ཚུར་རུ་གཉིས་ཀ་ལ་སྡེ་དགེ་རྒྱལ་པོས་དབང་སྒྱུར་བྱས་སྟབས། སྐབས་འགར་འཇོ་མདའ་ལའང་ཟལ་མོ་སྒང་ཞེས་བྲིས་པ་དང་།   ཡང་། འབའ་དང་། ལི་ཐང་སོགས་ལའང་སྤོ་འབོར་སྒང་ཞེས་བྲིས་པ་འདུག་ཀྱང་། འདི་དག་ནི་ཆུ་བཞི་སྒང་དྲུག་གི་དབྱེ་ཚུལ་གྱི་རྩ་བའི་གཞུང་ལུགས་ཀྱི་བསམ་བློ་ཧ་མ་གོ་པར། སྐབས་དེ་དང་དེའི་དབང་སྒྱུར་གྱི་དཔོན་རིགས་ཀྱི་མངའ་ཐང་དང་འབྲེལ་ནས་ནོར་འཁྲུལ་ཅན་གྱི་བསམ་བློ་འདི་བྱུང་བ་རེད། 

        གསལ་བཤད་ཞུ་རྒྱུ། ཁོ་བོས་བོད་ཡིག་ཚིག་གཏེར་རྒྱ་མཚོའི་ནང་དུ། པར་གཞི་སྒྲིག་སྐབས་ཚ་བ་སྒང་དང་སྤོ་འབོར་སྒང་གཉིས་ཕན་ཚུན་འཁྲུགས་འདུག་པས་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་ཐུགས་འཁྱིལ་ཡོད་པ་ཞུ།  

རྩོམ་སྒྲིག་པ། (པད་མ་མཚོ།)