དབུ་ཤོག >> བོད་ཀྱི་རིག་གནས། >> གསོ་རིག >> བདེ་ཐང་མཛུབ་སྟོན།
ཐུམ་འབུ་ནད་དང་དེའི་སྔོན་འགོག
རྩོམ་པ་པོ། རིན་ཆེན་ཚེ་རིང་། དུས་ཚོད། 2017-12-13 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 185

  ཐུམ་འབུ་ནད་ནི་འཛམ་གླིང་གི་ཕྱོགས་སོ་སོ་ན་ཡོད་པའི་འགོས་ནད་ཞིག་ཡིན་པ་དང་།   ལྷག་པར་དུ་འབྲོག་ས་དང་ཕྱུགས་རིགས་མང་བའི་ས་ཁུལ་ཏེ་མདོ་དབུས་མཐོ་སྒང་ལྟ་བུའི་ས་ཆར་འགོ་སླ་ཞིང་རྒྱུན་མཐོང་ཡིན་པའི་ནད་རིགས་ཤིག་ཡིན་པ་རེད། དེ་ནི་ཐོག་མར་ཁྱི་གཙོ་བྱས་པའི་ཤ་གཟན་སྲོག་ཆགས་ཀྱི་རྒྱུ་མའི་ངོས་ནས་འཕེལ་བ་དང་། རིམ་བཞིན་སྲོག་ཆགས་དེ་རིགས་ཀྱི་རྙིང་ཚབ་གསར་བརྗེ་བྱས་པའི་རྟུག་པ་དང་གཅིན་སོགས་ཀྱིས་མཐའ་འཁོར་གྱི་མི་དང་ཕྱུགས་ཀྱི་འཐུང་ཆུ་དང་རྩྭ་རྩི་ཤིང་ལ་སོགས་པར་འབུ་ཕྲའི་རྣམ་པས་བཙོག་བསྒྱུར་བྱས་པ་བརྒྱུད་ནས་འགོས་པ་ཞིག་ཡིན། ཐུམ་འབུའི་རིང་ཚད་ནི་ཧའོ་སྨི་༢ནས་༡༡བར་ཡིན་ལ། མང་ཆེ་བའི་རིང་ཚད་ནི་ཧའོ་སྨི་༥ཡན་ཡིན་པ་རེད།  དེ་ཡང་ཐུམ་འབུའི་ལུས་པོའི་གྲུབ་སྟངས་ལ་ཕྱི་ཐུམ་དང་ནང་ཐུམ་གཉིས་ཡོད་དེ། ནང་ཐུམ་དུ་སྐྱེ་རྒྱུའི་བཤེར་ཁུ་ཡོད་ལ། དེར་ཁ་རྒྱུན་དུ་སྐྱེ་འཕེལ་རིམ་པ་ཞེས་འབོད། ཕྱི་ཐུམ་ནི་ཅུང་སྲ་འཁྲེགས་ཅན་ཞིན་ཡིན་ཞིང་། སྐྱེ་འཕེལ་རིམ་པ་དེ་སྲུང་སྐྱོབ་ཀྱི་ནུས་པ་ཐོན་ཡོད་པས། ཐུམ་འབུ་ལ་གསོན་ཤུགས་ཀྱི་ནུས་པ་ཆེན་པོ་ལྡན་པ་རེད། ཐུམ་འབུའི་ལུས་པོའི་གྲུབ་སྟངས་ལ་ཕྱི་ཐུམ་དང་ནང་ཐུམ་གཉིས་ལ་དབྱེ་ཆོག་པས་ཐུམ་འབུ་ཞེས་པའི་མིང་འདི་ཡང་དེ་ལྟར་བཏགས་པ་ཡིན་པར་འདོད། དེ་མིན་ཐུམ་འབུ་དེ་མི་དང་ཕྱུགས་རིགས་ཀྱི་ལུས་ཁམས་སུ་ཞུགས་རྗེས་སྐྱེ་འཕེལ་གྱི་དུས་ཡུན་ངེས་ཅན་ཞིག་བརྒྱུད་དགོས་ཏེ། རྒྱུན་ལྡན་ལྟར་ན་ཐུམ་འབུ་དེ་མི་དང་ཕྱུགས་རིགས་ཀྱི་ལུས་སྟེང་ནས་ལོ་༡ནས་ལོ་༣༠ལ་འཚོ་གནས་བྱེད་ཐུབ་ལ། ང་ཚོའི་ཚེ་སྲོག་ལ་གནོད་འཚེ་མེད་པའི་གནས་ཚུལ་འོག་དམིགས་གསལ་གྱི་ནད་རྟགས་མེད་པས་དུས་རྒྱུན་ཕྱུགས་རིགས་བཤའ་བ་དང་ཤི་རོ་གཏུབ་གཤག་བྱེད་བཞིན་བའི་སྐབས་སུ་ད་གཟོད་དེར་ཐུམ་འབུ་ནད་ཡོད་པ་ཤེས་ཐུབ་པ་རེད།  འོན་ཀྱང་ཐུམ་འབུའི་ནད་དེ་མིའི་དོན་ལྔ་སྣོད་དྲུག་དང་ལྷག་པར་དུ་དེའི་ཁྲོད་ཀྱི་གློ་བ་དང་མཆིན་པ་སོགས་ནས་སྐྱེ་འཕེལ་འབྱུང་ཧ་ཅང་སླ་བས་དམིགས་གསལ་གྱི་ནད་རྟགས་ཡོད་པའི་སྐབས་སུ་ངེས་པར་མྱུར་དུ་སྨན་ཁང་དུ་སོང་ནས་བརྟག་དཔྱད་ཞིབ་མོ་བྱ་དགོས། ནད་རིགས་འདིས་ང་ཚོ་མདོ་དབུས་མཐོ་སྒང་དུ་འཚོ་གནས་བྱས་ཡོད་པའི་མི་དམངས་དང་ལྷག་པར་དུ་འབྲོག་པ་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་། རྒྱུ་འབྱོར་བ་སོགས་ལ་གནོད་པ་ཚབས་ཆེན་གཏང་བཞིན་ཡོད་པས། ང་ཚོས་ངེས་པར་ཏུ་ཆུ་མ་ཡོང་གོང་ལ་རག། དགྲ་མ་ཡོང་གོང་ལ་མཚོན།།ཞེས་པའི་དཔེ་བཞིན་ཚན་རིག་དང་མཐུན་པའི་བྱེད་ཐབས་སྤྱད་ནས་ཐུམ་འབུ་ནད་སྔོན་འགོག་ནན་མོ་བྱེད་དགོས། དེ་ཡང་ཐུམ་འབུ་ནད་སྔོན་འགོག་བྱེད་ཐབས་ལ་རིགས་འགའ་ཡོད་དེ་གཤམ་གསལ་ལྟར། 

      ༡.ཕྱུགས་རིགས་ཀྱི་ཤ་གསོན་པོ་ཁ་ཟས་སུ་མི་སྤྱོད་པ། 

       འབྲོག་ཁུལ་གྱི་ས་ཆ་མང་བོ་ཞིག་ཏུ་སྐམ་ལུག་བཤའ་བའི་སྐབས་སུ་ཤ་གསོན་པོར་ཟ་བའི་སྣང་ཚུལ་མང་བོ་མཐོང་ཐུབ་པ་རེད། དེ་ནི་ཚན་རིག་དང་མི་མཐུན་པའི་ཁ་ཟས་སྤྱོད་སྟངས་ཤིག་ཡིན་ཏེ། གལ་ཏེ་ཐུམ་འབུ་ནད་ཡོད་པའི་སྐམ་ཤ་ཞིག་ཡིན་ཚེ་རང་ཉིད་ལ་ཐུམ་འབུ་ནད་འགོ་བའི་ཉེན་ཁ་ཧ་ཅང་ཆེ་བ་མ་ཟད། རང་ཉིད་ཀྱི་ལུས་སྟེང་ནས་ནད་འབུ་སྐྱེ་འཕེལ་བྱུང་བའི་ཚད་ཧ་ཅང་མགྱོགས་ངེས་རེད། 

      ༢.དུས་ཚོད་ངེས་ཅན་ནང་རང་ཉིད་ཀྱི་ལུས་པོར་བརྟག་དཔྱད་བྱ་དགོས། 

        ཐུམ་འབུ་ནད་དེས་ང་ཚོའི་ཚེ་སྲོག་ལ་གནོད་པ་མི་ཐེབས་པའི་གནས་ཚུལ་འོག་དམིགས་གསལ་གྱི་ནད་རྟགས་མེད་མོད། འོན་ཀྱང་དེ་སྐྱེ་འཕེལ་བྱུང་ནས་དམིགས་གསལ་གྱི་ནད་རྟགས་ཡོད་པའི་སྐབས་སུ་སླེབས་ཚེ་གནས་ཚུལ་ཧ་ཅང་ཚབས་ཆེན་ཡིན་པ་རེད། དེར་བརྟེན་ང་ཚོས་ངེས་པར་དུ་དུས་ཚོད་ངེས་ཅན་ནང་སྨན་ཁང་དུ་སོང་ནས་རང་ཉིད་ཀྱི་ལུས་པོར་བརྟག་དཔྱད་ཞིབ་མོ་བྱ་དགོས། 

      ༣.ཁྱིམ་ཚང་གི་སྒོ་ཁྱི་རྒྱུན་འདོགས་བྱ་དགོས་པ་མ་ཟད་དུས་ལྟར་འབུ་གསོད་སྨན་ལྡུད་དགོས། 

        ཁྱི་ནི་ཐུམ་འབུ་ནད་གྱི་འབྱུང་ཁུངས་གཙོ་ཡིན་པས་ང་ཚོས་རང་ཁྱིམ་གྱི་སྒོ་ཁྱིར་བདག་སྐྱོང་ནན་མོ་བྱེད་དགོས། རང་ཁྱིམ་གྱི་སྒོ་ཁྱི་རྒྱུན་འདོགས་བྱེད་དགོས་ཏེ། གལ་ཏེ་སྒོ་ཁྱི་རྒྱུན་འདོགས་མ་བྱས་ཚེ། གང་སར་འཁྱམ་ནས་སྡེ་བའི་ནང་དང་མཐའ་འཁོར་གྱི་ཁྱི་ལྡོམ་གཞན་པར་འཕྲད་ལ། དེ་མིན་ཐུམ་འབུ་ནད་ཡོད་པའི་སྲོག་ཆགས་ཤི་རོ་ཟ་བ་སོགས་བྱས་ཚེ་འབུ་ཕྲའི་རྣམ་པའི་ནད་འབུ་ཐད་ཀར་སྒོ་ཁྱིར་འགོ་སྲིད་པ་རེད། ནད་འབུ་སྒོ་ཁྱིར་འགོས་རྗེས་ཁྱིའི་ལུས་སྟེང་ནས་སྐྱེ་འཕེལ་ཀྱི་ཚད་ཧ་ཅང་མགྱོགས་ལ། ཁྱིས་རྙིང་ཚབ་གསར་བརྗེ་བྱེད་པའི་དུས་མཚུངས་སུ་ནད་འབུ་ཁྱི་ལུད་དང་གཅིན་སོགས་བརྒྱུད་ནས་ཕྱིར་ཐོན་ཏེ། མཐའ་འཁོར་གྱི་རྩྭ་རྩི་ཤིང་དང་། མི་དང་ཕྱུགས་རིགས་ཀྱི་འཐུང་ཆུ་སོགས་ལ་ནད་འབུའི་སྦག་བཙོག་ཐེབས་པས་ཐད་དཀར་ང་ཚོའི་བདེ་ཐང་ལ་གནོད་པ་ཐེབས་སྲིད་པ་རེད། 

       ༤.སྒོ་ཁྱིར་ཐོ་འགོད་དོ་དམ་ལག་བསྟར་བྱེད་དགོས་བྱས་ཏེ། ཐུམ་འབུ་ནད་འགོ་བར་སྔོག་འགོག་བྱ་དགོས་ལ། ནད་རྟགས་ཡོད་པའི་སྒོ་ཁྱིར་མྱུར་དུ་སྨན་བཅོས་བྱེད་དགོས། 

        སྒོ་ཁྱིར་ཐོ་འགོད་བྱེད་པའི་དོ་དམ་བྱེད་ཐབས་ལག་སྟར་བྱས་པ་ནི་ནད་འབུ་འགོ་བར་སྔོན་འགོག་བྱེད་པའི་བྱེད་ཐབས་ཁྲོད་ཆེས་ཕན་འབྲས་ལྡན་པ་དང་ཆེས་ཚན་རིག་དང་མཐུན་པ་དེ་ཡིན་པས། རྒྱ་ཆེའི་མང་ཚོགས་རྣམ་པས་འཕྲོད་བསྟེན་མི་སྣ་དང་འབྲེལ་ཡོད་ལས་ཁུངས་ཀྱི་གཏན་འབབ་བྱས་པའི་སྒྲིག་ལམ་བརྩི་སྲུང་དང་བྱ་བར་རམ་འདེགས་བྱས་ནས་མཉམ་དུ་བདེ་ཐང་གི་སྤྱི་ཚོགས་འཛུགས་སྐྲུན་ལ་འབད་པ་བྱ་དགོས། 

      ༥.ཐུམ་འབུ་ནད་ཡོད་པའི་སྲོག་ཆགས་ཀྱི་ནང་ཁྲོལ་མེར་བསྲེག་པ་དང་། ཡང་ན་ས་འོག་ཏུ་འཇུག་དགོས། 

        ཐུམ་འབུ་ཕྱུགས་རིགས་ཀྱི་ནང་ཁྲོལ་ནང་དང་ལྷག་པར་དུ་གློ་མཆིན་སོགས་ཀྱི་ནང་ནས་སྐྱེ་འཕེལ་མགྱོགས་ལ། འཚོ་གནས་བྱེད་པའི་གསོན་ཤུགས་ཀྱང་ཧ་ཅང་ཆེ་བ་རེད། དེར་བརྟེན་ནད་འབུ་ཡོད་པའི་ཕྱུགས་རིགས་ཀྱི་ནང་ཁྲོལ་ཁ་ཟས་སུ་སྤྱོད་པ་དང་སྒོར་ཁྱི་བྱིན་པ་སོགས་གཏན་འགོག་ནན་མོ་བྱ་དགོས་ལ། ནད་འབུ་ཡོད་པའི་ནང་ཁྲོལ་ངེས་པར་མི་ཕྱུགས་འགྲོ་འདུག་མེད་སའི་ས་གནས་ཤིག་བཙལ་ནས་མེར་བསྲེག་པ་དང་ཡང་ན་ས་འོག་ཏུ་འཇུག་དགོས། 

        ༦.ཁ་ཟས་ལ་མ་རོལ་སྔོན་ལ་ལག་པ་བཀྲུ་བ་དང་ཆུ་འཁོལ་མ་འཐུང་བ། སིལ་ཏོག་ཟ་བའི་སྐབས་སུ་གཙང་མ་བཀྲུ་བ་སོགས་ཀྱི་འཕྲོད་བསྟེན་གྱི་གོམས་གཤིས་ལེགས་པོ་ཆགས་པར་འབད་པ་བྱ་དགོས། 

        འཕྲོད་བསྟེན་གྱི་གོམས་གཤིས་ལེགས་པོ་ཞིག་ཡོད་པ་ནི་ཐུམ་འབུ་ནད་སྔོན་འགོག་བྱ་ཆེད་ཁོ་ན་ཙམ་མ་ཡིན་པར། དེ་ནི་རང་ཉིད་དང་ཁྱིམ་ཚང་གི་བདེ་སྐྱིད། ཐ་ན་རྒྱལ་ཁབ་ཀྱིས་སྤྱི་ཚོགས་རིགས་ལུགས་ཀྱི་བདེ་ཐང་སྤྱི་ཚོགས་འཛུགས་སྐྲུན་གྱི་རླབས་ཆེན་བྱ་གཞག་ལེགས་འགྲུབ་བྱུང་རྒྱུ་བཅས་ལ་འབྲེལ་བ་དམ་པོ་ཡོད་པས། ང་ཚོས་མཉམ་དུ་འབད་པ་ལྷོད་མེད་སྒོས་འཕྲོད་བསྟེན་གྱི་འཚོ་བའི་གོམས་གཤིས་བཟང་བོ་ཆགས་པར་བརྩོན་པ་བྱེད་དགོས། 

 

རྩོམ་སྒྲིག་པ། (ཚེ་རིང་དོན་འགྲུབ།)