དབུ་ཤོག >> བོད་ཀྱི་རིག་གནས། >> རྩོམ་རིག >> དེང་རབས་རྩོམ་རིག
ཡུལ་སྐྱིད་པོ་མྱི་ཟུར་ལུང་པ།
རྩོམ་པ་པོ། ཚེ་དོན། དུས་ཚོད། 2017-12-18 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 683

    མྱི་ཟུར་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་འཁོར་ལམ་ཆུ་ཚོད་གཉིས་ཀྱི་སར་གནས་པ་དང་།   ཡུལ་དེར་བགྲོད་པར་ཀྱག་ཀྱོག་གི་ལམ་ཕྲན་རེ་འགའ་བརྒྱུད་དགོས་ན་ཡང་།    ལམ་བར་ནས་སྔོ་ལྗང་ལྗང་གི་ནགས་ཚལ་དང་།   རྫ་རི་དང་སྤང་རི།  གངས་རི། རྫ་ཆུ་བསིལ་མ་ལ་སོགས་པའི་རང་བྱུང་མཛེས་ལྗོངས་གང་མང་ཞིག་མིག་གི་ལོངས་སྤྱོད་དུ་མངོན་ཐུབ་པས་ལུས་སེམས་ཀྱི་ངལ་བ་ཡང་སངས་བར་བྱེད།  
 སྤྱི་ནས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ལེགས་པོ་ཞིག་སྡེ་མི་རྒན་གཞོན་ཀུན་གྱི་རྒྱུད་ལ་ཆགས་ཡོད་པས་མྱི་ཟུར་ཡུལ་དུ་ཁོར་ཡུག་ལ་བདག་སྐྱོང་ལེགས་པོ་བྱས་ཡོད་པ་ནི་ཉེ་འཁོར་སྡེ་གཞན་ལས་ལྷག་པར་བཟང་བ་མངོན་སུམ་གྱིས་ཤེས་ཐུབ།  
   རང་བྱུང་ཁོར་ཡུག་མཛེས་ཤིང་སྡུག་པ་ཁོ་ན་ཙམ་མ་ཡིན་པར།   ཡུལ་འདི་རུ་ཟས་སུ་མར་རྩམ་དང་ལུས་ལ་རང་ས་ནས་བཟོས་པའི་བོད་ལྭ་སྣ་ཚོགས།   གཞོངས་སུ་ཞིང་ལས་དང་རི་ན་རྟ་ནོར་ལུག་གསུམ་སྐྱོང་བའི་འབྲོག་པའི་འཚོ་བ་རོལ་མཁན་སོགས་རང་རིགས་ཀྱི་རང་མདངས་མ་ཉམས་པར་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་ཅི་ནུས་བྱེད་ཀྱི་ཡོད་པའི་གནས་ཤིག་ཡིན་པས་འདི་ནི་ལྷག་པར་དགའ་མགུ་སྐྱེ་བའི་ཡུལ་དུ་སྣང་།   
 ཐེངས་གཅིག་གི་འགྲུལ་བཞུད་ཀྱིས་ཡུལ་འདིས་ངའི་སེམས་ལ་བརྗེད་དཀའ་བའི་བག་ཆགས་བཞག   གལ་ཏེ་ང་ལ་ད་དུང་ཡང་དུས་ཀྱི་ཁོམ་ལོང་བྱུང་བ་ཡིན་ན།   ངས་རང་གི་སུན་སྣང་དང་སྐྱོ་གདུང་རྒྱབ་ཏུ་བསྐྱུར་ཏེ་ལྷད་མེད་དྭངས་གཙང་གི་ངང་ནས་ཁྱེད་ཀྱི་པང་དུ་ཐེངས་ཤིག་ལོག་ན་འདོད་ཡོད།  

རྩོམ་སྒྲིག་པ། (ཚེ་རིང་དོན་འགྲུབ།)