དབུ་ཤོག >> སྐབས་དོན་གསར་འགྱུར། >> བོད་ཁུལ་གསར་འགྱུར།
ཡུན་བོད་བགྲོད་ལམ་གསར་པའི་བོད་ལྗོངས་ཁོངས་སུ་ད་ལོའི་ལོ་མཇུག་ཏུ་རླངས་འཁོར་རིགས་ཤར་གཏོང་ཐུབ་རྩིས་ཡོད
རྩོམ་པ་པོ། བོད་ལྗོངས་འཕྲིན་དྲ། དུས་ཚོད། 2017-12-19 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 3467

   ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུན་བོད་བགྲོད་ལམ་གསར་པའི་བོད་ལྗོངས་ཁོངས་ཀྱི་ཡུན་བོད་ས་མཚམས་ནས་ཉིང་ཁྲི་རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་བར་གྱི་གཞུང་ལམ་སྒྱུར་བཟོའི་ལས་གཞི་ད་ལོའི་ལོ་མཇུག་ཏུ་ལས་མཇུག་སྒྲིལ་ནས་རླངས་འཁོར་རིགས་ཤར་གཏོང་ཐུབ་རྩིས་ཡོད།  སྐབས་དེ་དུས་ཡུན་ནན་དང་ས་འབྲེལ་ཡིན་པའི་ཚ་བ་རོང་ཤང་ནས་རྫ་ཡུལ་རྫོང་དུ་རླངས་འཁོར་བཏང་ཚེ་ཆུ་ཚོད་བརྒྱད་བར་ཐུང་དུ་འགྲོ་རྒྱུ་མ་ཟད་བདེ་འཇགས་རང་བཞིན་ཡང་ཆེ་རུ་འགྲོ་རྒྱུ་རེད།  ཡུན་བོད་བགྲོད་ལམ་གསར་པའི་བོད་ལྗོངས་ཁོངས་ཀྱི་ལམ་དུམ་བུ་ནི་བོད་ལྗོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་འཆར་འགོད་འཛུགས་སྐྲུན་གྱི་གལ་ཆེའི་རྣམ་གྲངས་གྲས་ཤིག་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན།  ཡུན་བོད་བགྲོད་ལམ་གསར་པའི་ཡུན་ནན་ཁོངས་ཀྱི་ལམ་དུམ་བུར་འཁོར་རིགས་ཤར་གཏོང་ཟིན་པ་དང་།  བོད་ལྗོངས་ཁོངས་སུ་འཁོར་རིགས་ཤར་གཏོང་ཐུབ་རྗེས་ཡུན་ནན་ནས་བོད་དུ་རླངས་འཁོར་བཏང་ནས་བསྐྱོད་ཚེ་ལམ་ཐག་སྤྱི་ལེ་ཉིས་རྒྱ་ལྷག་ཙམ་ཐུང་དུ་འགྲོ་རྒྱུ་མ་ཟད།  བདེ་འཇགས་རང་བཞིན་ཡང་སྔར་བས་ཆེ་རུ་འགྲོ་རྒྱུ་རེད།

རྫ་ཡུལ་རྫོང་གི་འབྲེལ་ཡོད་འགན་ཁུར་བས།  ཡུན་བོད་བགྲོད་ལམ་གསར་པའི་བོད་ལྗོངས་ཁོངས་ཀྱི་ལམ་དུམ་བུའི་ཐོག་འཁོར་རིགས་ཤར་གཏོང་ཐུབ་རྗེས་ལམ་དུམ་བུ་དེ་བོད་བསྐྱོད་བགྲོད་ལམ་གལ་ཆེན་ཞིག་ཏུ་འགྱུར་ནས།  ལམ་བརྒྱུད་ཀྱི་འགྲིམ་འགྲུལ་ཆ་རྐྱེན་ལེགས་བཅོས་ནུས་ལྡན་ཐུབ་རྒྱུ་དང་དངོས་ཟོག་དབོར་འདྲེན་དེ་བས་སྟབས་བདེ་རུ་འགྲོ་རྒྱུ་མ་ཟད།  ལམ་བརྒྱུད་ཀྱི་ཡུལ་སྐོར་གོང་འཕེལ་ལ་སྐུལ་འདེད་ཐེབས་རྒྱུ་དང་ས་ཆ་དེ་གའི་དབུལ་གྲོལ་ཕྱུག་འགྱུར་ལ་རམ་འདེགས་ཀྱི་ནུས་པ་ཐོན་རྒྱུ་རེད་ཅེས་བཤད་པ་རེད།།

 

རྩོམ་སྒྲིག་པ། (ཚེ་རིང་དོན་འགྲུབ།)