དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
རྩོམ་པ་པོ། མི་དམངས་དྲ་བ། དུས་ཚོད། 2017-12-22 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 1268

 

ཟླ་12ཚེས་18ནས་ཚེས་20ཉིན་བར་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ།

ཟླ་12ཚེས་18ནས་ཚེས་20ཉིན་བར་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་བ།

 

     ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་ཟླ་12ཚེས་18ནས་ཚེས་20ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཀྲན་ཧྲུའུ་དང་། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཚོགས་འདུར་ཕེབས་པ་རེད།

     ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་བ་དང་འབྲེལ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུར་ཕྱོགས་སྡོམ་དང་། མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ། 2018ལོའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད། ལི་ཁེ་ཆང་གིས་གསུང་བཤད་གནང་སྐབས་ཕྱི་ལོའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་ཞིབ་ཕྲ་གནང་བ་དང་འབྲེལ་ཕྱོགས་སྡོམ་གསུང་བཤད་ཀྱང་གནང་བ་རེད།

     ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ནས་ཁྱབ་ཁོངས་གཞན་དག་གི་སྒྱུར་བཅོས་དང་འཕེལ་རྒྱས་ལ་དངོས་པོའི་ཆ་རྐྱེན་གལ་ཆེན་མཁོ་འདོན་ཐུབ་པ་དང་། དཔལ་འབྱོར་གྱི་སྟོབས་ཤུགས་དངོས་སླར་ཡང་སྐས་རིམ་གསར་པར་སླེབས་ཏེ་དཔལ་འབྱོར་ལོ་རེར་ཆ་སྙོམས་འཕར་ཚད་7.1%ཟིན་ནས་འཛམ་གླིང་གི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་ཀྱི་འབྱུང་ཁུངས་གཙོ་བོ་དང་བརྟན་ལྷིང་གི་ཡོ་བྱད་ལྟ་བུར་གྱུར་པ། དཔལ་འབྱོར་གྱི་གྲུབ་ཆར་འཕོ་འགྱུར་ཆེན་པོ་བྱུང་ཞིང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་དང་མཁོ་དགོས་དོ་སྙོམས་ལ་སྐུལ་སྤེལ་བཏང་བ། དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་ཐེབས་ནས་དཔལ་འབྱོར་གྱི་གསོན་ཤུགས་དང་ལྡེམ་ཤུགས་སྔར་བས་ཆེ་རུ་སོང་བ། ཕྱི་ཕྱོགས་སྒོ་དབྱེ་འཕེལ་རྒྱས་གཏིང་ཟབ་སོང་སྟེ“རྒྱུད་གཅིག་ལམ་གཅིག”ཐུན་མོང་ཐོག་བསྐྲུན་རྒྱུའི་གྲོས་འགོ་བཏོན་པ་དང་སྐུལ་འདེད་བཏང་ལ་དཔལ་འབྱོར་གོ་ལ་ཅན་ཡང་དག་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་ཧུར་ཐག་བྱས་པ། མི་དམངས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་སྔར་བས་ཆེ་རུ་ཕྱིན་ཏེ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་དང་གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས་འཛམ་གླིང་ཐོག་གི་མི་འབོར་མང་ཤོས་ཀྱི་ཡོང་འབབ་འབྲིང་གྲས་ཀྱི་ཁྱུ་ཚོགས་ཆགས་པ། སྣོད་བཅུད་ཁོར་ཡུག་གི་གནས་ཚུལ་མངོན་གསལ་དོད་པོས་ཡག་ཏུ་ཕྱིན་ཞིང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་དེ་འདྲའི་ཆེ་བ་དང་། འཛུགས་སྐྱོང་བྱེད་ཤུགས་དེ་འདྲའི་ཆེ་བ། འཛུགས་སྐྱོང་གི་ཕན་འབྲས་དེ་འདྲའི་ཆེ་བ་བཅས་ནི་སྔར་བྱུང་མ་མྱོང་བ་ཞིག་རེད། རླུང་ཁམས་ཆེ་མོ་དང་། ཆུ། ཞིང་ས་སོགས་ཀྱི་སྦགས་བཙོག་འགོག་བཅོས་བྱ་སྤྱོད་སྤེལ་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།

     ཚོགས་འདུའི་ཐོག་བསྟན་དོན། 2018ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་ཞིག་དང་། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་ལོ་ཞིག ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་གཞི་གོང་མཐུད་འོག་འབྲེལ་བྱེད་པའི་འགག་རྩའི་ལོ་ཞིག་བཅས་ཡིན། ཕྱི་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་དགོས་ན་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། དཔལ་འབྱོར་ལས་དོན་ལ་ཏང་གིས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། བརྟན་ཐོག་ཡར་བརྩོན་ལས་དོན་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱེད་པ། རང་རྒྱལ་གྱི་སྤྱི་ཚོགས་འགལ་ཟླ་གཙོ་བོར་འགྱུར་ལྡོག་བྱུང་བར་དམ་པོར་དམིགས་པ། སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་དགོས་པའི་བླང་བྱ་ལྟར“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་ཀྱིས་སྐུལ་འདེད་དང“ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་གྱིས་སྐུལ་འདེད་གཏོང་བ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་བྱ་རྒྱུ་གཙོ་བོར་བཟུང་སྟེ་བརྟན་པོའི་ངང་འཕར་བ་བྱེད་པ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་འགོག་པ་བཅས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་ཀྱིས་སྐུལ་འདེད་གཏོང་བ། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་ཤུགས་ཆེན་གཏོང་བ སྤྱི་ཁོག་སྟངས་འཛིན་སྙོམས་སྒྲིག་བྱེད་སྟངས་གསར་གཏོད་དང་འཐུས་སྒོ་ཚང་དུ་བཏང་ནས་སྤུས་ཚད་ཀྱི་འཕོ་འགྱུར་དང་། ལས་ཕྱོད་ཀྱི་འཕོ་འགྱུར། སྒུལ་ཤུགས་ཀྱི་འཕོ་འགྱུར་བཅས་ལ་སྐུལ་འདེད་གཏོང་བ། ཉེན་ཁ་ཆེན་པོ་འགོག་སེལ་དང་། གནད་སྨིན་དབུལ་སྐྱོར། སྦགས་བཙོག་འགོག་བཅོས་བཅས་ཀྱི་འགག་སྒྲོལ་དམག་འཐབ་ལེགས་པར་རྒྱག་པའི་ཐད་འཕེལ་རྒྱས་ཏན་ཏིག་ཡོང་བ་བྱེད་པ། སྔོན་དཔག་ལ་ཁྲིད་སྟོན་དང་བརྟན་དུ་གཏོང་བ་དང་དམངས་འཚོར་ཤུགས་སྣོན་དང་ལེགས་སུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

     ཚོགས་འདུའི་ཐོག་ནན་བཤད་བྱས་དོན། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་ནི་རྒྱལ་སྲིད་སྐྱོང་ལུགས་ཀྱི་རྩ་དོན་གལ་ཆེན་ཞིག་ཡིན་པས་ཡུན་རིང་མཐའ་འཁྱོངས་བྱེད་དགོས། “བརྟན་པོ”དང“ཡར་བརྩོན”ནི་རྩོད་སྒྲུབ་གཅིག་གྱུར་ཡིན་པས་སྤྱི་ཡོངས་ལ་བརྩིས་ནས་སྟངས་འཛིན་བྱེད་པ་དང་ལས་ཀའི་དལ་ལྷོད་དང་བྱེད་ཤུགས་སྟངས་འཛིན་ཡག་པོ་བྱེད་དགོས། སྲིད་ཇུས་ཁག་སྤྱི་འདོམས་བྱས་ནས་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་དགོས། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལག་ལེན་བསྟར་ཕྱོགས་ལ་འགྱུར་ལྡོག་མི་གཏོང་བར་ནོར་སྲིད་གཏོང་སྤྲོད་ཀྱི་གྲུབ་ཆ་བཅོས་སྒྲིག་དང་ལེགས་སུ་གཏོང་བ་དང་། གཙོ་གནད་ཁྱབ་ཁོངས་དང་རྣམ་གྲངས་ལ་རྒྱབ་སྐྱོར་ཤུགས་ཆེན་ཐོབ་པར་བྱེད་པ། སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་ཉུང་དུ་གཏོང་བ་བཅས་བྱས་ནས་ས་གནས་སྲིད་གཞུང་གི་བུ་ལོན་དོ་དམ་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས་པ་དང་། གཟབ་བརླིང་བརྟན་གསུམ་གྱི་དངུལ་ལོར་སྲིད་ཇུས་སྙོམས་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ནས་དངུལ་ལོར་མཁོ་སྤྲོད་ཀྱི་འགག་སྒོ་ཨ་མ་དམ་པོར་བཟུང་དགོས། དངུལ་ལོར་གྱི་ཡིད་རྟོན་དངུལ་བུན་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་བསྡུའི་གཞི་ཁྱོན་ལུགས་མཐུན་ངང་ཆེ་རུ་གཏོང་རྒྱུ་རྒྱུན་འཁྱོངས་དང་མི་དམངས་ཤོག་སྒོར་གྱི་དངུལ་ལོར་འཛའ་ཐང་ལུགས་མཐུན་དང་དོ་སྙོམས་ཀྱི་ཆུ་ཚད་ཐོག་གཞི་རྩའི་ཆ་ནས་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། རིམ་པ་མང་བའི་མ་རྩའི་ཁྲོམ་ར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་དངོས་ཚན་དཔལ་འབྱོར་ལ་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུས་ཏེ་ཁོངས་གཏོགས་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་ཐོན་པའི་མཐའ་ཚད་བརྟན་པོ་སྲུང་དགོས། གྲུབ་ཆའི་རང་བཞིན་གྱི་སྲིད་ཇུས་ཀྱི་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་པ་དང་། དངོས་ཚན་དཔལ་འབྱོར་གྱི་ཡིད་དབང་འགུག་ཤུགས་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ། གསོག་ཉར་ཐོན་ཁུངས་བཀོད་སྒྲིག་ལེགས་གཏོང་བྱེད་པ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་རྒྱག་པ། འཛད་སྤྱོད་ཀྱི་རྨང་གཞིའི་རང་བཞིན་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་བཅས་བྱས་ནས་མ་འཇོག་ནུས་ལྡན་དང་ལྷག་དོན་དུ་དམངས་ཁྲོད་མ་འཇོག་ལུགས་མཐུན་ངང་མང་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་སྲིད་ཇུས་ཀྱིས་མངོན་གསལ་དོད་པའི་དམངས་འཚོའི་གནད་དོན་ཐག་གཅོད་བྱ་རྒྱུར་སྣང་ཆེན་བྱེད་པ་དང་མང་ཚོགས་ཀྱིས་དོ་ཁུར་བྱེད་སར་རང་འགུལ་ངང་ལན་རྒྱག་པ། གཞི་རྩའི་སྤྱི་པའི་ཞབས་ཞུར་ཤུགས་སྣོན་རྒྱག་པ། གཞི་རྩའི་དམངས་འཚོ་འགན་ལེན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྤྱི་ཚོགས་ཀྱི་འགལ་བ་དུས་ཐོག་ཏུ་སེལ་དགོས། སྒྱུར་བཅོས་སྒོ་དབྱེ་བྱེད་ཤུགས་ཆེ་རུ་གཏོང་བ་དང་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་བྱེད་མགྱོགས་སུ་བཏང་སྟེ་རྒྱུ་ནོར་བདག་དབང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱུ་རྐྱེན་གཙོ་བོ་ཁྲོམ་ར་ཅན་གྱི་བཀོད་སྒྲིག་གཙོ་གནད་དུ་བྱས་ཏེ་རྨང་གཞིའི་རང་བཞིན་གྱི་འགག་རྩའི་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་ཚད་བརྒལ་གསར་པ་ཡོང་བ་བྱེད་དགོས། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་ཁྲོམ་རར་འཇུག་འཐུས་ལྷུག་གཏོང་ཆེན་པོ་བྱས་ཏེ་ཕྱོགས་ཡོངས་ནས་སྒོ་མོ་འབྱེད་པའི་རྣམ་པ་གསར་པ་ཞིག་མགྱོགས་མྱུར་ཆགས་པ་བྱེད་དགོས།

     ཚོགས་འདུའི་ཐོག་གཏན་འཁེལ་བྱས་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་བླང་བྱ་གཞིར་བཟུང་། སླད་ཕྱིན་ལོ་གསུམ་ནང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་རིང་ཉེན་ཁ་ཆེན་པོ་འགོག་སེལ་དང་། གནད་སྨིན་དབུལ་སྒྲོལ། སྦགས་བཙོག་འགོག་བཅོས་བཅས་ཀྱི་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལ་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱེད་དགོས།

     ཚོགས་འདུའི་ཐོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས་གཙོ་གནད་ལས་དོན་ཁག་8ཡག་པོ་སྒྲུབ་དགོས་ཞེས་བསྟན་པ་སྟེ། གཅིག་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས་ཤིང་། ཀྲུང་གོས་བཟོས་པ་ནས་ཀྲུང་གོས་གསར་གཏོད་བྱེད་པའི་བར་དང་། ཀྲུང་གོའི་མྱུར་ཚད་ནས་ཀྲུང་གོའི་སྤུས་ཚད་བར། བཟོ་སྐྲུན་རྒྱལ་ཁབ་ཆེན་པོ་ནས་བཟོ་སྐྲུན་རྒྱལ་ཁབ་སྟོབས་ཆེན་བར་བཅས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། རྒྱུ་རྐྱེན་གཙོ་བོའི་ཁྲོམ་ར་ཅན་གྱི་བཀོད་སྒྲིག་སྒྱུར་བཅོས་གཏིང་ཟབ་བྱས་ནས“གཏོར་བ”དང་། “འཛུགས་པ” “ཉུང་གཏོང”བཅས་ལ་གཙོ་གནད་འབད་བརྩོན་བྱེད་དགོས། ནུས་མེད་མཁོ་སྤྲོད་མེད་པར་ཤུགས་ཆེན་བཟོས་ནས“རོ་ལངས་ཁེ་ལས”ཀྱི་ཐག་གཅོད་དམ་འཛིན་བྱ་གཞི་གཙོ་བོར་བྱས་ནས་ཐོན་ནུས་ཆེ་དྲགས་པའི་ཐག་གཅོད་ལ་སྐུལ་འདེད་གཏོང་དགོས། སྒུལ་ནུས་གསར་པ་སྐྱེད་སྲིང་ཧུར་ཐག་བྱེད་པ་དང་། ཚན་རྩལ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ། སྲོལ་རྒྱུན་ཐོན་ལས་བཟང་སྒྲིག་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གསར་གཏོད་ཀྱི་ནུས་པ་ལྡན་པའི་སྣེ་འདྲེན་ཁེ་ལས་ཁག་གཅིག་སྐྱེད་སྲིང་བྱེད་དགོས་ལ་དམག་དམངས་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་ཀྱང་གཏོང་དགོས། དངོས་ཚན་དཔལ་འབྱོར་གྱི་མ་གནས་ཉུང་དུ་ཤུགས་ཆེན་གཏོང་བ་དང་། ལམ་ལུགས་རང་བཞིན་གྱི་ཉོ་ཚོང་མ་གནས་ཉུང་དུ་གཏོང་བ། ཁེ་ལས་དང་འབྲེལ་བ་ཡོད་པའི་གྲོན་བསྡུ་མུ་མཐུད་གཙང་སེལ་བྱེད་པ། གྲོན་དངུལ་གང་བྱུང་དུ་བསྡུ་བའི་གནད་དོན་ཞིབ་གཅོད་དང་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། གློག་ཤུགས་དང་། རྡོ་སྣུམ་དང་རང་བྱུང་སོལ་རླངས། ལྕགས་ལམ་སོགས་ལས་རིགས་སྒྱུར་བཅོས་གཏིང་ཟབ་བྱེད་པ། ཐོན་ནུས་སྤྱོད་པ་དང་ཟོག་འགྲེམས་ཀྱི་མ་གནས་དམའ་རུ་གཏོང་དགོས།

     གཉིས་ནས་ཁྲོམ་ར་ཁག་གི་བྱེད་པོའི་གསོན་ཤུགས་འཕེལ་བར་བྱེད་དགོས། གཞུང་ཁོངས་མ་རྩའི་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་གཞུང་ཁོངས་ཁེ་ལས་དང་གཞུང་རྒྱུ་སྒྱུར་བཅོས་ཇུས་གཞི་འཐུས་ཚང་དུ་བཏང་སྟེ་མ་རྩ་དོ་དམ་གཙོ་བཟུང་གིས་གཞུང་རྒྱུ་ལྟ་སྐུལ་དོ་དམ་སྒྲིག་གཞིའི་འགན་ནུས་མགྱོགས་མྱུར་བསྒྱུར་རྒྱུར་དམིགས་ཏེ་གཞུང་རྒྱུའི་དབང་སྤྲོད་གཉེར་སྐྱོང་ལམ་སྲོལ་སྒྱུར་བཅོས་བྱེད་དགོས། གཞུང་ཁོངས་ཁེ་ལས་ཀྱི་ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གཞུང་ཁོངས་ཁེ་ལས་ལ་དེང་རབས་ཁེ་ལས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་ཀུང་སིའི་ཁྲིམས་མིའི་བཅོས་སྒྲིག་སྒྲིག་གཞི་འཐུས་ཚང་དུ་གཏོང་དགོས། དམངས་གཉེར་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་། བདག་དབང་འགན་ལེན་སྲིད་ཇུས་དོན་འཁྱོལ། སྤྱི་ཚོགས་ཐོག་གླེང་མང་བའི་བདག་དབང་རྩོད་གཞིའི་གྱོད་གཞི་ཁྲིམས་ལྟར་ཞིབ་འབྱེད་དང་ཡོ་བསྲང་བྱེད་དགོས། ཁྲོམ་རའི་འཇུག་འཐུས་ཀྱི་བཀག་རྒྱ་གསལ་ཐོའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་དང་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ་མཐོང་ཆུང་རང་བཞིན་གྱི་ཚད་བཀག་དང་མངོན་མེད་འགལ་རྐྱེན་སྣ་ཚོགས་མེད་པར་བཟོས་ནས་ཉེ་ལ་གཙང་བའི་སྲིད་གཞུང་དང་ཁེ་ལས་དབར་གྱི་འབྲེལ་བ་གསར་པ་ཞིག་མགྱོགས་མྱུར་འཛུགས་དགོས།

     གསུམ་ནས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་དགོས། ཚན་རིག་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་འཆར་འགོད་བཟོ་དགོས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་རྒྱུ་རྐྱེན་གཙོ་བོ་གཤམ་སྐྱོད་ལ་འགོག་རྐྱེན་བཟོ་བའི་བཀག་རྡོ་སྣ་ཚོགས་གཙང་སེལ་བྱེད་དགོས། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་སྤུས་ཚད་ཞིང་དར་དང་ལྗང་མདོག་ཞིང་དར་མཐའ་འཁྱོངས་བྱས་ཏེ་ཞིང་ལས་ཀྱི་སྲིད་ཇུས་ཐོན་འཕར་ཕྱོགས་སྟོན་དུ་འཛིན་པ་ནས་སྤུས་འཕར་ཕྱོགས་སྟོན་དུ་འཛིན་པའི་ཕྱོགས་སུ་བསྒྱུར་དགོས། འབྲུ་རིགས་གསོག་ཉར་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་བཏང་སྟེ་གསོག་ཉར་རིན་གོང་གིས་ཁྲོམ་རའི་མཁོ་སྤྲོད་དེ་བས་ལེགས་པའི་སྒོ་ནས་མངོན་པར་བྱེད་པ་དང་ལོ་ཏོག་རེས་འདེབས་དང་རྨོ་ཞིང་དབྱར་མ་འཇོག་པའི་ལམ་ལུགས་ཚོད་ལྟ་རྒྱ་ཆེར་གཏོང་དགོས།

     བཞི་ནས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་དགོས། གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་མངོན་འགྱུར་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་ཁྱབ་ཚད་ཅུང་དོ་སྙོམས་པོ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་དོ་སྙོམས་པོ་ཡོང་བར་བྱེད་དགོས། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་ཐད་པེ་ཅིང་གི་རྒྱལ་ས་མ་ཡིན་པའི་ནུས་པ་གསལ་འགྲེལ་གྱིས་གཙོ་གནད་བྱས་ཏེ་ལུགས་མཐུན་གྱི་ལས་རིགས་གྲུབ་ཆ་རྒྱུན་འཁྱོངས་ཀྱིས་འགོ་འཛུགས་ས་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཞུང་ཨན་ཁུལ་གསར་འཆར་འགོད་ཡག་པོ་བྱེད་དགོས། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་འཕེལ་རྒྱས་ཐད་སྣོད་བཅུད་སྔོན་འགྲོ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ཁྲིད་སྟོན་ལ་སྐུལ་འདེད་གཏོང་དགོས། “རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུར་དམིགས་ནས་ཕྱི་ཕྱོགས་མ་འཇོག་གི་བྱེད་ཐབས་གསར་གཏོད་བྱས་ཏེ་མ་འཇོག་ལ་བརྟེན་ནས་ཚོང་དོན་འཕེལ་རྒྱས་དང་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དགོས། གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། ས་ཁུལ་དབུལ་པོ་བཅས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས། ནུབ་རྒྱུད་ཐོན་འབྱེད་ཆེན་མོར་སྐུལ་འདེད་གཏོང་བ་དང་བྱང་ཤར་སོགས་བཟོ་ལས་ཀྱི་རྟེན་གཞིའི་ཁུལ་རྙིང་པ་མགྱོགས་མྱུར་དར་སྤེལ་གཏོང་བ་དང་། དབུས་རྒྱུད་ས་ཁུལ་དར་རྒྱུར་སྐུལ་འདེད་གཏོང་བ། ཤར་རྒྱུད་ས་ཁུལ་སྔོན་ལ་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བཅས་བྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་མཚོ་ཁུག་ཁུལ་ཆེན་བསྐྲུན་རྒྱུའི་འཆར་གཞི་འདིང་དགོས། གྲོང་ཁྱེར་ཚོམ་བུའི་སྤུས་ཚད་མཐོ་རུ་གཏོང་བ་དང་། གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་གྱི་དྲ་བ་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཞིང་ལས་སྤོ་སྒྱུར་མི་འབོར་དང་ལེན་བྱེད་ཚད་དང་ཐེག་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས་ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་དང་དོན་འཁྱོལ་བྱེད་པའི་གོམ་སྟབས་མགྱོགས་སུ་གཏོང་དགོས། ཁྱད་ལྡན་གྲོང་རྡལ་ཆུང་གྲས་ཀྱི་སྐྱོན་བྲལ་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་དགོས།

     ལྔ་ནས་ཕྱོགས་ཡོངས་ནས་སྒོ་མོ་འབྱེད་པའི་རྣམ་པ་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས། སྒོ་འབྱེད་ཀྱི་ཁྱབ་ཁོངས་དང་རིམ་པ་སྔར་བས་རྒྱ་ཆེར་གཏོང་དགོས་ལ། སྒོ་འབྱེད་ཀྱི་བསམ་བློའི་འདུ་ཤེས་དང་། གྲུབ་ཆ་ཁྱབ་ཚུལ། སྒྲིག་སྲོལ་ལམ་སྲོལ་བཅས་སྔར་བས་རྒྱ་ཆེར་གཏོང་དགོས། གོ་རིམ་ལྡན་པའི་སྒོ་ནས་ཁྲོམ་རའི་འཇུག་འཐུས་ཀྱི་སྲིད་ཇུས་ལྷུག་ཏུ་གཏོང་བ་དང་། ཕྱོགས་ཡོངས་ནས་འཇུག་འཐུས་མ་བྱས་གོང་གི་རྒྱལ་དམངས་ཀྱི་ཐོབ་ཐང་དང་བཀའ་རྒྱའི་གསལ་ཐོ་ཟུང་དུ་འབྲེལ་བའི་དོ་དམ་བྱེད་ཐབས་ལག་བསྟར། བཀའ་རྒྱའི་གསལ་ཐོ་མུ་མཐུད་ཁུ་བསྡུ་རུ་གཏོང་བ། ཕྱི་ཕྱོགས་མ་རྩའི་འབྲེལ་ཡོད་བཅའ་ཁྲིམས་འཐུས་ཚང་དུ་གཏོང་རྒྱུར་དམ་འཛིན་ནན་པོ་བཅས་བྱས་ཏེ་ཤེས་བྱའི་བདག་དབང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ཚོང་དོན་དོ་སྙོམས་ལ་སྐུལ་འདེད་གཏོང་བ་དང་། ཕྱིར་གཏོང་སྤུས་ཚད་དང་ཟུར་སྣོན་རིན་ཐང་ལ་དེ་བས་མཐོང་ཆེན། ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་བ། ཐོན་ཟོག་ཁག་གཅིག་གི་ནང་འདྲེན་སྒོ་ཁྲལ་ལེགས་སྒྲིག་བཅས་བྱེད་དགོས། ཞབས་ཞུའི་ཚོང་དོན་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་སྒྱུར་བཅོས་ཚོད་ལྟར་མུ་མཐུད་སྐུལ་འདེད་གཏོང་དགོས། ཕྱི་ཕྱོགས་མ་འཇོག་ལ་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་དགོས།

     དྲུག་ནས་དམངས་འཚོ་འགན་ལེན་དང་ལེགས་བཅོས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་དམིགས་ནས་གནད་སྨིན་སྲིད་ཇུས་ལག་བསྟར་བྱས་ཏེ་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཁུར་པོ་ལྕི་བའི་གནད་དོན་དང“སློབ་གྲྭ་འདེམས་པའི་ཚ་རླབས”དང“འཛིན་གྲྭར་སློབ་མའི་གྲངས་འབོར་ཚད་ལས་བརྒལ་བ”སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་རྒྱག་པ་དང་། ཕྲུ་གུ་དམར་འབྱར་ལ་ལྟ་སྐྱོང་དང་བྱིས་པའི་ཐོག་མའི་སློབ་གསོ་དང་ཞབས་ཞུའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། གྲུབ་ཆའི་རང་བཞིན་གྱི་ལས་ཞུགས་འགལ་ཟླ་ཐག་གཅོད་བྱེད་པ་དང་། བུད་མེད་ལ་མཐོང་ཆུང་དང་ཐོབ་ཐང་ལ་དམིགས་ནས་མཐོང་ཆུང་བྱེད་པའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། གཞི་རྩའི་རྒན་གསོ་འགན་བཅོལ་ལམ་ལུགས་སྒྱུར་བཅོས་འཐུས་སྒོ་ཚང་དུ་བཏང་ནས་རྒན་གསོ་འགན་བཅོལ་རྒྱལ་ཡོངས་ལ་སྤྱི་འདོམས་བྱ་རྒྱུ་མགྱོགས་མྱུར་མངོན་འགྱུར་བྱེད་དགོས། “ནད་ལྟ་དཀའ་བ་དང་སྨན་རིན་མཐོ་བའི”གནད་དོན་མུ་མཐུད་ཐག་གཅོད་ཡག་པོ་བྱས་ཏེ་སྤྱི་ཚོགས་མ་དངུལ་རྒན་གསོ་དང་སྨན་བཅོས་སོགས་ཀྱི་ཁྱབ་ཁོངས་སུ་་གཏོང་རྒྱུར་སྐུལ་ལྕག་བྱེད་དགོས། དྲ་རྒྱའི་ཆ་འཕྲིན་རྫུས་མ་དང་ཁ་བསླུས་དང་སྒེར་གྱི་ཆ་འཕྲིན་ལྐོག་ཚོང་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ལ་ཤུགས་སྣོན་རྒྱག་དགོས། དམངས་འཚོའི་ལས་དོན་ཡག་པོ་སྒྲུབ་པ་དང་གནད་དོན་སྟོན་ཕྱོགས་སུ་འཛིན་རྒྱུ་མངོན་གསལ་དོད་སར་བཞག་གང་ཐུབ་ཅི་ཐུབ་དང་ནུས་ཤུགས་གང་ཡོད་བཏོན་ནས་མངོན་གསལ་དོད་པའི་གནད་དོན་དང་ཞན་ཆ་འཚོལ་བ་དང་འབྲེལ་ཇུས་འགོད་ཞིབ་ཚགས་དང་ནུས་ཤུགས་ཡོད་རྒུས་ལག་བསྟར་བྱེད་དགོས།

     བདུན་ནས་སྡེ་མང་མཁོ་སྤྲོད་དང་། ཐབས་མང་འགན་ལེན། བོགས་ཉོ་མཉམ་འཛིན་བཅས་ཀྱི་སྡོད་ཁང་ལམ་ལུགས་མགྱོགས་མྱུར་བཟོ་དགོས། སྡོད་ཁང་བོགས་གཏོང་ཁྲོམ་ར་དང་ལྷག་པར་དུ་ཡུན་རིང་བོགས་གཏོང་བྱེད་མཁན་འཕེལ་རྒྱས་གཏོང་བ་དང་བོགས་གཏོང་ཁེ་ཕན་ཐད་ཀྱི་འབྲེལ་ཡོད་ཁྲིམས་མཐུན་དབང་ཆ་སྲུང་སྐྱོང་བྱས་ནས་ཆེད་ལས་ཅན་དང་སྒྲིག་གཞི་ཅན་གྱི་སྡོད་ཁང་བོགས་གཏོང་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས། ས་ཁང་བདག་ཁོངས་ཁྲོམ་ར་བརྟན་པོ་དང་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ས་ཁང་བདག་ཁོངས་ཁྲོམ་རའི་སྙོམས་སྒྲིག་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་པོའི་རང་བཞིན་རྒྱུན་འཁྱོངས། ཀྲུང་དབྱང་དང་ས་གནས་ཀྱི་དབང་ཆ་དབྱེ་བ་གསལ་པོ་འབྱེད་པ་བཅས་བྱས་ཏེ་ཧེ་བག་ཅན་གྱི་སྙོམས་སྒྲིག་བྱེད་སྟངས་ལག་བསྟར་བྱེད་དགོས།

     བརྒྱད་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་མྱུར་གཏོང་དགོས། སྔོ་ཞིང་དྭངས་བའི་རི་ཆུ་སླར་གསོ་ཐུབ་ན་སྔོ་ཞིང་དྭངས་བའི་རི་ཆུ་གཞི་ནས་གསེར་རི་དངུལ་རིར་འགྱུར་ཐུབ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ནང་གཏན་ལ་འཁེལ་བའི་སྣོད་བཅུད་སྲུང་སྐྱོང་སླར་གསོའི་འདུ་འགོད་གལ་ཆེན་ལག་བསྟར་ཡག་པོ་བྱེད་དགོས། གཞི་ཁྱོན་ཆེན་པོས་རྒྱལ་ཁབ་ཀྱི་ས་ཆ་སྔོ་ལྗང་ཅན་དུ་འགྱུར་བའི་བྱ་སྤྱོད་ལག་བསྟར་བྱེད་པ་དང་། གཞུང་ཁོངས་ཁེ་ལས་དང་། དམངས་གཉེར་ཁེ་ལས། ཕྱི་ཕྱོགས་ཁེ་ལས། མཉམ་སྡེབ། མི་སྒེར། སྤྱི་ཚོགས་རྩ་འཛུགས་སོགས་ཕྱོགས་ཁག་གིས་མ་དངུལ་འཇོག་རྒྱུར་ཁྲིད་སྟོན་བྱས་ཏེ་ཆེད་མངགས་སྣོད་བཅུད་སྲུང་སྐྱོང་སླར་གསོའི་ལས་དོན་སྒྲུབ་མཁན་ཆེད་ལས་ཅན་གྱི་ཁེ་ལས་ཁག་གཅིག་སྐྱེད་སྲིང་བྱེད་དགོས། “ཆུ་སྦགས་བཙོག་འགོག་བཅོས་ཀྱི་བྱེད་ཐབས་བཅུ”ལག་བསྟར་གཏིང་ཟབ་དང“ས་རྒྱུ་སྦགས་བཙོག་འགོག་བཅོས་ཀྱི་བྱེད་ཐབས་བཅུ”ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས། སྣོད་བཅུད་ཤེས་དཔལ་སྒྲིག་སྲོལ་སྒྱུར་བཅོས་མགྱོགས་སུ་བཏང་ནས་རང་བྱུང་ཐོན་ཁུངས་མ་རྩའི་བདག་དབང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་ཁྲོམ་ར་ཅན་དང་སྣེ་མང་ཅན་གྱི་སྣོད་བཅུད་ཁ་གསབ་ལམ་སྲོལ་འཛུགས་རྒྱུར་ཞིབ་འཇུག་བྱས་ཏེ་སྣོད་བཅུད་ཁོར་ཡུག་གི་ལྟ་སྐུལ་དོ་དམ་གྱི་སྒྲིག་སྲོལ་སྒྱུར་བཅོས་བྱེད་དགོས།

     ཚོགས་འདུའི་ཐོག་ཕྱོགས་ཁག་གི་ལས་སྒྲུབ་ལས་གཏོད་ཀྱི་ཧུར་བརྩོན་རང་བཞིན་སྐོང་འཐེན་ཧུར་ཐག་བྱས་ཏེ་ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་དགོས། སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་གསར་གཏོད་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་བརྟན་པའི་དངུལ་ལོར་སྲིད་ཇུས་ལག་བསྟར་ཡག་པོ་བྱེད་པ། དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་གྱི་འཁོར་སྐྱོད་ལུགས་མཐུན་གྱི་བར་མཐོངས་སུ་རྒྱུན་འཁྱོངས་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས“འདུ་ཤེས་བཞི”ཟབ་ཏུ་བཏང་ནས་རང་རྟོགས་ངང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཕྱི་ལོའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

     ཚོགས་འདུའི་ཐོག་ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས་འབད་འབུངས་ཡར་བརྩོན་དང་། དཀའ་སྤྱད་འབད་སྒྲུབ། ལས་དོན་ཁག་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ་ཕྱི་ལོའི་དཔལ་འབྱོར་ལས་དོན་ལ་འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་བའི་འགན་ལེན་བྱེད་དགོས་ཞེས་འབོད་སྐུལ་བྱས་ཡོད།

 

རྩོམ་སྒྲིག་པ། (ཚེ་རིང་དོན་འགྲུབ།)