དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
ཞི་ཅིན་ཕིང་གི་གནམ་ལོ་གསར་པའི་སྨོན་ཚིག
རྩོམ་པ་པོ། ཞིན་ཧྭ་གསར་འགྱུར། དུས་ཚོད། 2018-01-04 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 644

གནམ་ལོ་གསར་ཚེས་ཀྱི་སྔ་ནུབ་ཏུ།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ནས་ཀྲུང་གོ་རྒྱལ་སྤྱིའི་རླུང་འཕྲིན་ལས་ཁུངས་དང་།  ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས།  ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས། ཀྲུང་གོ་རྒྱལ་སྤྱིའི་བརྙན་འཕྲིན་ལས་ཁུངས། མཉམ་མཐུད་དྲ་རྒྱ་བཅས་བརྒྱུད་ནས་སྤྱི་ལོ་༢༠༡༨ལོའི་གནམ་ལོ་གསར་ཚེས་ཀྱི་ཤིས་ཚིག་གསུངས་གནང་ཡོད།

 

བློ་མཐུན་རྣམ་པ།  གྲོགས་པོ་རྣམ་པ།  མཁྱེན་ལྡན་མ་རྣམ་པ།  སྐུ་ཞབས་རྣམ་པ།  


        ལྷན་རྒྱས་སྐུ་ཁམས་བཟང་།  དུས་ཚོད་ནི་ཤིན་ཏུ་འགྲོ་མགྱོགས་ཤིང་ཡུན་ཙམ་ཞིག་ནང་ང་ཚོས་སྤྱི་ལོ་༢༠༡༨ལོ་ལ་བསུ་བ་ཞུ་རྒྱུ་རེད། འདི་གར་ང་རང་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ།  ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ།  ཐེ་ཝན་སྤུན་ཟླ།  ཕྱིར་སྡོད་སྤུན་ཟླ་བཅས་ལ་གནམ་ལོ་གསར་ཚེས་ཀྱི་སྨོན་འདུན་ཞུ་རྒྱུ་དང་། ང་རང་ནས་འཛམ་གླིང་རྒྱལ་ཁབ་དང་ས་ཁུལ་ཁག་གི་གྲོགས་པོ་རྣམས་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཡང་ཞུ་རྒྱུ་ཡིན།

        བྱས་པའི་ལས་ལ་འབྲས་བཟང་ཐོབ་པ་དང་ཉིན་དང་ཟླ་རེར་རྣམ་པ་གསར་པ་ཐོན་བཞིན་ཡོད།  སྤྱི་ལོ་༢༠༡༧ལོར།  ང་ཚོས་ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོགས་པ་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་ལམ་བུ་གསར་པའི་ཐོག་བསྐྱོད་འགོ་ཚུགས་ཡོད།  རང་རྒྱལ་གྱི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་མི་དམངས་ཤོག་སྒོར་དུང་ཕྱུར་བརྒྱད་འབུམ་ཟིན་པའི་སྐས་རིམ་ལ་སླེབས་པ་དང་།  གྲོང་ཁྱེར་དང་གྲོང་གསེབ་ཏུ་ལས་ཞུགས་གསར་སྣོན་བྱུང་བའི་མི་བྱེ་བ་གཅིག་དང་ས་ཡ་གསུམ་ལྷག་ཙམ་ཟིན་པ།  སྤྱི་ཚོགས་རྒན་གསོའི་འགན་བཅོལ་མི་དུང་ཕྱུར་དགུ་ལྷག་ཙམ་ལ་ཁྱབ་པ།  གཞི་རྩའི་སྨན་བཅོས་འགན་བཅོལ་མི་དུང་ཕྱུར་བཅུ་གསུམ་དང་བྱེ་བ་ལྔ་ལ་ཁྱབ་པ།  གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་བྱེ་བ་གཅིག་ལྷག་ཙམ་དབུལ་སྒྲོལ་ཐུབ་ཡོད།  ཁྱིམ་ཚང་མང་པོའི་སྡོད་ཁང་འགན་སྲུང་ལས།  ཀུན་གྱི་བཞིན་ལ་འཛུམ་མདངས་རབ་ཏུ་འཕྱུར།  དབུལ་ཕོངས་མི་འབོར་ས་ཡ་གསུམ་དང་བཞི་འབུམ་ས་ཆ་གཞན་ལ་གནས་སྤོ་བྱས་པ་དང་།  དྲོ་སྐྱིད་ལྡན་པའི་ཁང་པ་གསར་པའི་ནང་སྡོད་རྒྱུ་བྱུང་བ།  ཁང་པ་ཐབས་ཆག་ཁུལ་སྒྱུར་བཀོད་བྱེད་པའི་ལས་འགོ་འཛུགས་ཚད་ཆ་འགྲིག་ཁང་པ་ས་ཡ་དྲུག་སྔ་སྣུར་དུ་ལེགས་གྲུབ་ཟིན་ཡོད།   དམངས་འཚོའི་བྱ་གཞག་ཁག་གོང་འཕེལ་མགྱོགས་པོ་བྱུང་བ་དང་།  སྐྱེ་ཁམས་ཁོར་ཡུག་རིམ་བཞིན་ལེགས་བཅོས་བྱུང་བ།  མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་།  བདེ་སྐྱིད་ཀྱི་ཚོར་བ།  བདེ་འཇགས་ཚོར་བ་བཅས་སྔར་བས་མང་བ་བྱུང་བས་ང་ཚོ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བ་བྱེད་པའི་དམིགས་འབེན་དང་སླར་ཡང་ཐག་ཇེ་ཉེར་སོང་ཡོད།

        ཚན་རྩལ་གསར་སྐྲུན་དང་ལས་གཞི་གལ་ཆེ་རིགས་ཀྱི་འཛུགས་སྐྲུན་ལས་རྒྱལ་ཁའི་གཏམ་བཟང་ཡང་སེ་ཐོན་པ།  བློ་མིག་རྣོ་པོ་ཞེས་པའི་སྲུང་སྐར་བར་སྣང་ཁམས་སུ་འཕེན་གཏོང་བྱས་པ་དང་།  C༩༡༩རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་འཕུར་སྐྱོད་ལེགས་གྲུབ་བྱུང་བ།  ཚད་རྡུལ་རྩིས་འཁོར་ཞིབ་བཟོ་ལེགས་གྲུབ་བྱུང་བ།  མཚོ་ནང་ཆུ་འབྲས་ཐོན་འབོར་ཚོད་རྩིས་ཐུབ་པ།  རྒྱལ་ཐོན་མ་གྲུ་ཐོག་མ་མཚོ་ནང་དུ་བབས་པ།  མཚོ་གཤོག་རྟགས་ཅན་གྱི་མཚོ་གཏིང་རླུང་འདེད་འཕྲུལ་འཁོར་གྱིས་མཚོ་ནང་དུ་ལྟ་ཞིབ་ཚད་ལེན་བྱས་པ།  མཚོ་ཁོངས་གྲང་འཁྱག་འབར་རྒྱུ་སྔོག་འདོན་ཐོག་མ་ལེགས་གྲུབ་བྱུང་བ།  ཡང་ཧྲན་གྱི་དུས་མཚམས་བཞི་པའི་རང་འགུལ་རྣམ་པའི་གྲུ་ཁ་དངོས་སུ་བེད་སྤྱོད་གཏོང་འགོ་ཚུགས་པ།  གང་ཀྲུའུ་ཨའོ་ཟམ་ཆེན་གྱི་གཙོ་གཟུགས་ལས་གཞི་ཁྱོན་ཡོངས་ནས་ཤར་གཏོང་ཐུབ་པ།  བསྐྱར་དར་རྟགས་ཅན་གྱི་མྱུར་བགྲོད་མེ་འཁོར་མེས་རྒྱལ་ས་གཞི་ཆེན་པོའི་ཐོག་ཏུ་བསྐྱོད་པ་སོགས་ཀྲུང་གོའི་མི་དམངས་ཀྱི་གསར་གཏོད་སྟོབས་ཤུགས་ལ་ང་རང་ནས་དགའ་འབོད་ཞུ་རྒྱུ་ཡིན།

        ང་ཚོས་ཀྲུའུ་རེ་ཧོ་མཉམ་འབྲེལ་སྦྱོང་བརྡར་རྟེན་གཞིར་དམག་འཐབ་དངོས་ཀྱི་སྦྱོང་བརྡར་བྱས་པ་དང་།  ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ་༩༠འཁོར་བར་དྲན་གསོ་ཞུས་ཡོད།  ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་༢༠འཁོར་བའི་སྐབས་འདིར་ང་རང་ཤང་ཀང་ལ་བསྐྱོད་པ་ཡིན།  མེས་རྒྱལ་གྱི་སྟོབས་ཆེའི་རྒྱབ་རྟེན་ཡོད་པས་ཤང་ཀང་ཡུན་རིང་དར་རྒྱས་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ་མིག་མཐོང་ལག་ཟིན་བྱུང་བས་འབྱུང་འགྱུར་དེ་བས་ཡག་པ་ཡོང་ངེས་རེད།  ང་ཚོས་ད་དུང་མི་རིགས་ཡོངས་ཀྱི་ལྗར་འགོག་དམག་འཁྲུག་ལངས་ནས་ལོ་ངོ་80འཁོར་བའི་མཛད་སྒོ་དང་ནན་ཅིང་དམར་གསོད་ཆེན་པོའི་ནང་རྐྱེན་ལམ་དུ་ཤོར་བ་རྣམས་ལ་རྒྱལ་ཁབ་ནས་སྤྱི་ཐོག་ཏུ་མཆོད་འབུལ་ཞུ་བའི་མཛད་སྒོ་གཉེར་ཏེ་ལོ་རྒྱུས་ཡིད་ལ་བརྟན་པོར་ངེས་པ་དང་ཞི་བདེ་ཡོང་བའི་སྨོན་འདུན་ཞུས་ཡོད།

        ང་ཚོས་རྒྱལ་ནང་དུ་ཕྱོགས་མང་ཕྱི་འབྲེལ་བྱེད་སྒོ་ཁ་ཤས་སྤེལ་བ་དང་།  དེའི་ནང་སྐབས་དང་པོའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་དང་། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཤ་མོན་གྱི་མཇལ་འཛོམས།  ཀྲུང་གོའི་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མཐོ་རིམ་སྐད་ཆ་ཤོད་རེས་སོགས་ཀྱི་གྲོས་ཚོགས་ཚུད་ཡོད།  ང་རང་ནས་ད་དུང་འཛམ་གླིང་གི་ཕྱོགས་མང་གྲོས་ཚོགས་གལ་ཆེན་ཁ་ཤས་ནང་ཞུགས་པ་ཡིན།  ད་ལོའི་ལོ་འགོར།  ང་རང་ནས་ད་འོ་སིའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ལོ་ཚོགས་ལ་ཞུགས་པ་མ་ཟད།  མཉམ་འབྲེལ་རྒྱལ་ཚོགས་རེ་ནེ་ཝའི་སྤྱི་ཁྱབ་པུར་གཏམ་བཤད་སྤེལ་བ་ཡིན།  ཕྱིས་སུ་སླར་ཡང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་དབུ་ཚོགས་དང་།  ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་མི་སྣའི་དངོས་གཞི་མིན་པའི་གྲོས་ཚོགས་སོགས་ལ་ཞུགས་པ་ཡིན།  ཚོགས་ར་མི་འདྲ་བ་དེ་དག་སོ་སོར་ང་རང་ནས་འབྲེལ་ཡོད་ཕྱོགས་ཁག་དང་དགོངས་འཆར་བརྗེ་རེས་གཏིང་ཟབ་བྱས་པ་དང་།  ཚང་མས་མིའི་རིགས་ཀྱི་ལས་དབང་ཐུན་མོང་མ་ལག་འཛུགས་སྐྱོང་ལ་མཉམ་དུ་སྐུལ་འདེད་བཏང་བ་དེས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་ཅེས་བསྔགས་བརྗོད་ཐོབ་ཡོད།

        སྤྱི་ལོ་༢༠༡༧ལོར།  ང་རང་ལ་མང་ཚོགས་ཀྱི་ཡི་གེ་མང་པོ་ལག་འབྱོར་བྱུང་བ་དང་།  དེའི་ནང་བོད་ལྗོངས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་ཡུལ་མི་ཚོ་དང་།  ནང་སོག་སུ་ཉི་ཐེ་ཡའུ་རྫོང་གི་ཨུ་ལན་མུ་ཆིའི་རུ་མི་ཚོ།  ཤི་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་རྒན་གྲས་བཅས་ཡོད་ལ་ནན་ཁའེ་སློབ་ཆེན་གྱི་གསར་དུ་ཞུགས་མ་ཐག་པའི་སློབ་གྲྭ་ཆེན་མོ་བ་ཡང་ཡོད།  ཁོང་ཚོའི་གཏམ་རྒྱུད་ཀྱིས་ང་རང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་།  རྒྱ་ཆེའི་མི་དམངས་མང་ཚོགས་ཚོས་རྒྱལ་གཅེས་དང་ལེགས་སྐྱེས་འབུལ་རྒྱུ་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པས་ང་རང་ལ་མང་ཚོགས་ཁྲི་སྟོང་མང་པོ་ནི་ཆེས་རླབས་ཆེ་བ་ཡིན་པའི་ཚོར་སྣང་བྱུང་།  དུས་མཚུངས་སུ་བདེ་སྐྱིད་ནི་འབད་འཐབ་བྱས་པ་ལས་བྱུང་བ་ཡིན་པའི་ཚོར་སྣང་ཡང་བྱུང་།

     བློ་མཐུན་རྣམ་པ་དང་།  གྲོགས་པོ་རྣམ་པ།  མཁྱེན་ལྡན་མ་རྣམ་པ།  སྐུ་ཞབས་རྣམ་པ།

        སྤྱི་ལོ་༢༠༡༨ལོ་ནི་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱ་འགོ་འཛུགས་པའི་ལོ་ཡིན།  ཀྲུང་གུང་ཚོགས་ཆེན་བཅུ་དགུ་པས་རང་རྒྱལ་གོང་འཕེལ་གྱི་འབྱུང་འགྱུར་ལོ་སུམ་ཅུའི་མཛེས་སྡུག་ལྡན་པའི་འཆར་གཞི་བཀོད་ཡོད།  འཆར་གཞི་དེ་དོན་དངོས་ལ་འགྱུར་བ་བྱེད་པར་ངེས་པར་དུ་སྟོང་བསམ་མི་གཏོང་བ་དང་མིང་གྲགས་དོན་གཉེར་མི་བྱེད་པར་ཏན་ཏན་ཏིག་ཏིག་ངང་ལས་དོན་ཡག་པོ་བསྒྲུབ་དགོས།

        སྤྱི་ལོ་༢༠༡༨ལོ་ནི་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུ་འཁོར་བའི་ལོ་ཡིན།  སྒྱུར་བཅོས་སྒོ་འབྱེད་ནི་དེང་རབས་ཀྲུང་གོའི་གོང་འཕེལ་ཡར་ཐོན་གྱི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཡིན་པ་དང་།  ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཡིན།  ང་ཚོས་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུ་འཁོར་བར་རྟེན་འབྲེལ་ཞུ་རྒྱུ་གོ་སྐབས་ལ་བརྩིས་ཏེ།  རི་གཤགས་ལམ་གཏོད་དང་ཆུ་ལ་ཟམ་པ་བསྐྲུན་ནས་སྒྱུར་བཅོས་མཐར་ཕྱིན་པ་བྱེད་དགོས།  

        སྤྱི་ལོ་༢༠༢༠ལོར་སླེབས་སྐབས་རང་རྒྱལ་གྱིས་ད་ལྟ་ལག་བསྟར་བྱེད་པའི་ཚད་གཞིའི་འོག་གྲོང་གསེབ་དབུལ་ཕོངས་མི་འབོར་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་ནི་ང་ཚོའི་བརྗིད་ཉམས་ལྡན་པའི་ཁས་ལེན་ཡིན།   སྤྱི་ལོ་༢༠༢༠ལོ་སླེབས་པར་ལོ་གསུམ་གྱི་དུས་ཚོད་ལས་མེད་པས་སྤྱི་ཚོགས་ཡོངས་ནས་བྱ་སྤྱོད་སྤེལ་ཏེ་གནད་ལ་འཕིགས་པའི་སྲིད་ཇུས་ལག་བསྟར་བྱེད་པ་དང་རྒྱལ་ཁ་གསར་པ་ཟམ་མི་ཆད་པར་ལེན་དགོས།

        ལོ་གསུམ་སོང་རྗེས་དུས་བཀག་ལྟར་དབུལ་སྒྲོལ་འགག་གཏོར་དམག་འཐབ་དེར་རྒྱལ་ཁ་ཐོབ་པ་བྱེད་དགོས་ཤིང་དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་གོང་འཕེལ་ཐོག་སྤྱི་ཡོངས་ནས་ལྟོས་མེད་ཀྱི་དབུལ་ཕོངས་སྣང་ཚུལ་མེད་པ་ཆགས་རྒྱུ་ཐོག་མ་དེ་ཡིན་པས་ང་ཚོས་མཉམ་དུ་ཀྲུང་ཧྭ་མི་རིགས་དང་མིའི་རིགས་ཧྲིལ་པོར་གལ་ཆེའི་དོན་སྙིང་ལྡན་པའི་རླབས་ཆེན་གྱི་བྱ་གཞག་དེ་ལེགས་སྒྲུབ་བྱེད་དགོས།

        མིག་སྔར།  ཕྱོགས་ཁག་གིས་མིའི་རིགས་ཀྱི་ཞི་བདེ་དང་གོང་འཕེལ་གྱི་མདུན་ལམ་ལ་རེ་བ་བཅངས་ཡོད་ལ་སེམས་ཁྲལ་བྱེད་ཅིང་།  ད་དུང་ཀྲུང་གོའི་ལངས་ཕྱོགས་དང་རྣམ་འགྱུར་ལ་རེ་སྒུག་བྱེད་ཀྱི་ཡོད།    གནམ་འོག་ཁྱིམ་ཚང་གཅིག་ལྟར་ཡིན།  ཀྲུང་གོ་འདི་ཉིད་འགན་ཁུར་མཁན་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ངོས་ནས་སྐད་ཆ་ཤོད་རྒྱུ་ཡོད།  ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་གནས་བབ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་དང་ཁུར་འོས་པའི་རྒྱལ་སྤྱིའི་འོས་འགན་དང་འགན་འཁྲི་ཧུར་ཐག་འཁུར་རྒྱུ།  འཛམ་གླིང་ཡོངས་ཀྱི་གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པའི་ཁས་ལེན་རྣམས་ཁ་དན་ཚིག་ལ་གནས་པ་བྱ་རྒྱུ།  རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ།   སྔ་བར་ཕྱི་གསུམ་དུ་འཛམ་གླིང་གི་ཞི་བདེ་སྐྲུན་མཁན་དང་འཛམ་གླིང་ཡོངས་ཀྱི་གོང་འཕེལ་ལ་ལེགས་སྐྱེས་འབུལ་མཁན།  རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་མཁན་བཅས་བྱ་རྒྱུ་ཡིན།   ཀྲུང་གོའི་མི་དམངས་ཀྱིས་རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་མིའི་རིགས་ཀྱི་སྔར་བས་དར་རྒྱས་དང་སྔར་བས་ལྷིང་འཇགས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་འདོད་ཡོད། 

   བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།   མཁྱེན་ལྡན་མ་རྣམ་པ།  སྐུ་ཞབས་རྣམ་པ།         རང་རེའི་རླབས་ཆེན་གྱི་གོང་འཕེལ་གྲུབ་འབྲས་ནི་མི་དམངས་ཀྱིས་གསར་སྐྲུན་བྱས་པ་ཞིག་ཡིན་པས། མི་དམངས་ནས་མཉམ་སྤྱོད་བྱེད་དགོས།    མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་ས་ནི་སློབ་གསོ་དང་ལས་ཞུགས།  ཡོང་འབབ།   སྤྱི་ཚོགས་འགན་སྲུང་།  སྨན་བཅོས།    རྒན་གསོ།    འཚོ་སྡོད།  ཁོར་ཡུག་སོགས་ཐད་ཀྱི་དོན་དག་ཡིན་པ་དང་།   ཚང་མར་གྲུབ་འབྲས་མང་པོ་ཐོབ་ཡོད་ལ་སེམས་ཁྲལ་བྱ་ཡུལ་ཡང་མི་ཉུང་བ་ཞིག་ཡོད་པ་ང་རང་ལ་ཤེས་རྟོགས་བྱུང་།    ང་ཚོའི་དམངས་འཚོའི་ལས་དོན་ཐད་ད་དུང་བློ་འདོད་བཞིན་མ་འགྲུབ་པའི་དོན་དག་ཀྱང་མི་ཉུང་བ་ཞིག་ཡོད་པས།  ང་ཚོས་འགན་སེམས་ཆེ་རུ་བཏང་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུའི་བྱ་དོན་རྣམས་ཡག་པོ་བསྒྲུབ་དགོས་པའི་བླང་བྱ་བཏོན་ཡོད།    རིམ་ཁག་ཏང་ཨུད་དང་སྲིད་གཞུང་།  ལས་བྱེད་པ་བཅས་ནས་དུས་དང་རྣམ་པ་ཀུན་དུ་མང་ཚོགས་ཀྱི་བདེ་སྡུག་དང་དྲོ་གྲང་སེམས་ལ་འཇོག་པ་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་སྲིད་དོན་གྲུབ་འབྲས་ཆེ་ཤོས་ལ་བརྩིས་ཏེ་མང་ཚོགས་ནས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱས་ཏེ།  མི་དམངས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་ཞིང་ཕུན་སུམ་ཚོགས་པ་ཞིག་ཡོང་བ་བྱེད་དགོས། །

ཡོང་ཁུངས།  ཀྲུང་དབྱང་བོད་སྐད་རླུང་འཕྲིན།

རྩོམ་སྒྲིག་པ། (ཚེ་རིང་དོན་འགྲུབ།)