དབུ་ཤོག >> མི་རིགས་ཆོས་ལུགས། >> ཡུལ་སྲོལ་གོམས་གཤིས།
བདེ་ཆེན་ཡུལ་གྱི་སྟོན་བཤད།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-01-05 རྩོམ་ཁུངས། ཁ་བ་དཀར་པོ་རིག་གནས་ཚོགས་པ། ཀློག་གྲངས། 363

       འཇོལ་རྫོང་ནི་མཚོ་བོད་མཐོ་སྒང་གི་ལྷོ་ཕྱོགས་ཀྱི་ཡུན་ནན་དང་། སི་ཁྲོན།བོད་ལྗོངས་བཅས་ཞིང་ཆེན་གསུམ་གྱི་འབྲེལ་འཚམས་སུ་ཆགས་ཡོད།  ཤར་ཕྱོགས་སི་ཁྲོན་གྱི་འབའ་ཐང་རྫོང་དང་།སྡེ་རོང་རྫོང་དང་འབྲེལ་ལ། ལྷོ་ཕྱོགས་བདེ་ཆེན་ཁུལ་གྱི་འབའ་ལུང་རྫོང་དངའབྲེལ། ནུབ་ཕྱོགས་བོད་ལྗོངས་ཀྱི་མཛོ་སྒང་རྫ་ཡུལ་རྫོང་དང་།ཡུན་ནན་ནུང་ཅང་ཁུལ་གྱི་ཀུང་ཧྲང་རྫོང་དང་འབྲེལ། བྱང་ཕྱོགས་བོད་ལྗོངས་ཀྱི་སྨར་ཁམས་རྫོང་དང་འབྲེལ་ཡོད། ཁུལ་གྱི་ལྟེ་གནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་བར་ཐག་སྟོང་སྨི་182 ཡོད། རྫོང་གི་མངའ་ཁོངས་སུ་ཤང་དྲུག་དང་གྲོང་རྡལ་གཉིས་ཡོད་པ་ནི་རིམ་བཞིན་དུ། ཧྲེང་ཕིང་གྲོང་རྡལ་དང་། ཀོང་རྩེད་ར་གྲོང་རྡལ། གཡག་རྭ་ཤང་། ཧྥོ་ཧྲང་ཤང་།ཡན་མོན་ཤང་། ཡུན་གླིང་ཤང་། བྲག་ཞབས་ལི་སུའུ་རིགས་ཀྱི་ཤང་།ཐང་སྟེང་ལི་སུའུ་རིགས་ཀྱི་ཤང་བཅས་ཡིན།

       ཡུལ་འདི་ནི་གནམ་མཆོག་ཁ་བ་དཀར་པོ་ཆགས་ས་ཡིན་པས་འཛམ་གླིང་ཀུན་ཏུ་སྙན་པའི་གྲགས་པ་ཤིན་ཏུ་ཆེ།  མི་རྣམས་ནི་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པ་དང་།  དུས་ཡུན་རིང་བའི་འཚོ་སྡོད་ཁྲོད་ས་གནས་རང་གི་ཁྱད་ཆོས་འབུར་དུ་ཐོན་པའི་བག་མའི་བག་སྟོན་དང་། ཁྱིམ་གསར་སྤོར་བ།  དུས་ཆེན་གཏོང་བ་སོགས་ཀྱི་དམངས་སྲོལ་རིག་གནས་མང་པོ་ཞིག་གསར་བཞེངས་བྱས་ཏེ་སྟོན་བཤད་ཀྱི་རྣམ་པ་མང་པོ་ཞིག་བཤད་སྲོལ་ཆགས་ཡོད།     འདིར་བཀོད་པའི་སྟོན་བཤད་ནང་དུ་འཇོལ་རྫོང་ཡུལ་གྱི་གཉེན་སྟོན་གྱི་གོ་རིམ་དང་སྟོན་བཤད་ཀྱི་རྣམ་པ་ཆ་ཚང་བཀོད་ཡོད་པས།    འདིས་ཀྱང་ཁྱེད་ཅག་གིས་ཡུལ་འདིའི་རིག་གནས་དང་དམངས་སྲོལ་སྐོར་ལ་རྒྱུས་ལོན་བྱེད་པར་རྔོ་ཅུང་ཟད་ཐོགས་པའི་སྨོན་འདུན་ཞུ།།

དེ་རིང་གནམ་ལ་སྐར་མ་བཟང་།།དེ་རིང་ས་ལ་དུས་ཚོད་བདེ།།དེ་རིང་བར་ལ་ཚེས་གྲངས་བཟང་།།བཟང་གསུམ་བཟང་གི་རྟེན་འབྲེལ་འགྲིག །རྟགས་ཐམས་ཅད་རྟེན་འབྲེལ་གྱི་རང་བཞིན།།ཆོས་ཐམས་ཅད་ལོ་ཡག་གི་སྙེ་མ། །རྟེན་འབྲེལ་ལས་ཀྱི་གོང་མ། །བསོད་ནམས་ལས་ཀྱི་གཞུང་གཞི།།

ལུང་པའི་ཕུ་བདེ།།ཕུ་ལ་གངས་རི་དཀར་པོ་བདེ། །གངས་རི་དཀར་པོ་ལ་རྩི་མ་བྱུག་ཀྱང་།།  རྩེ་མོ་ཐམས་ཅད་དཀར་ཁྲེ་ཁྲེ(དཀར་སེང་སེང་གི་དོན)། །ལུང་པའི་བར་བདེ།།བར་ལ་རྒྱ་གྲོང་ཁྲ་མོ་བདེ། །རྒྱ་གྲོང་ཁྲ་མོ་ལ་ལོ་ཡག་སྙེ་མའི་སེར་ཁ་མ་ཤོར་སེར་ཁྲེ་ཁྲེ(སེར་ལམ་ལམ་གྱི་དོན)། །ལུང་པའི་མདའ་བདེ།།མདའ་ལ་ཆུ་བོ་སྔོན་མོ་བདེ།།ཆུ་བོ་ཐམས་ཅད་ལ་འཁྱག་རོམ་མ་ཆགས་ཡོན་ཆབ་ཐམས་ཅད་སྔོ་ཅེ་ཅེ(སྔོ་སེང་སེང་གི་དོན)།།ཆུ་བདེ་ན་ཉ་སྲམ་ལ་གསེར་མདོག་ཆགས།སྤང་བདེ་ན་མེ་ཏོག་གི་ཚོན་ཁ་མཛེས། བྲག་བདེ་ན་ཤུག་པར་གཡུ་མདོག་ཆགས།

ད་དེ་རིང་གཡང་ལེན་བན་རྒན་གོང་དུ་བཞུགས་པའི་ཐོག་ལ།དཀྱིལ་འཁོར་སྟེང་ལ་ལྷ་ཚང་།བུམ་པ་ནང་ལ་རྫས་ཚང་།དཀར་འོ་མ་ནང་ལ་མངར་ཚང་།ཧཱུ༔་ཞེས་ཟེར་ན་ལྷ་དགའ།ཕྰ་ཞེས་ཟེར་ན་འདྲེ་གནོན།དེ་རིང་བསུ་མི་དང་སྐྱེལ་མི་ལ་སོགས་པ་ཐམས་ཅད།སྒང་ལ་རླུང་དམར་སེར་དང་མ་འཕྲད།མདའ་ལ་ཆུ་ལེན་ཟོམ་སྟོང་དང་མ་འཕྲད།སྐུ་རི་རྒྱལ་ལྷུན་པོ།ལུས་གཟི་བརྗིད་དང་ལྡན་པ་དེ་འདྲ་བྱོན་རྒྱུ་ཡོད་པ་ཐམས་ཅད་གཡང་ལེན་བན་རྒན་གྱི་ཐུགས་རྗེ་བྱིན་རླབས་གནང་བ་ཡིན་ཞེས་ཟེར་ནས་རང་གིས་ལབ་དོན་ཞུ་རྒྱུ་ན།དུད་ཁ་ཕན་ཚུན་གཉིས་ལ་གཉེན་གཞི་རྟེན་འབྲེལ་ལྟ་བུ་ལ་ཆ་ཞིག་བཞག་ན། དང་པོ་དར་དཀར་གྱིས་སྒོ་ཕྱེ།གཉིས་པ་ཆང་འཐུང་གིས་གཏམ་བཤད། གསུམ་པ་བག་མ་གདན་ལ་དྲངས་ཐོག་ལ། སེང་གེ་དེ་སྤང་ལ་འགྱིང་བ་ལྟ་བུ།ངང་པ་མཚོ་ཁར་བབས་པ་ལྟ་བུ།དེ་འདྲ་ཞིག་རེད་རོགས་བྱུང་ཟེར་ནས་རང་གི་ལབ་དོན་ཞུ་རྒྱུ་ཡིན།

འཛོམས་རབས་འཛོམས་ཁུངས་ལྟ་བུར་ཆ་ཞིག་བཞག་ན།དེ་རིང་གི་འཛོམས་བ་ཐམས་ཅད་ལས།དམ་ཆོས་འཛོམས་པའི་བླ་མ། བདེ་ཆེན་ཁྲིམས་ཀྱི་ཚོགས་པའི་དཔོན་པོ།བསོད་ནམས་འདོད་དགུ་འབྱུང་བའི་མ་སྲུ། དཔའ་རྩལ་མཐུ་སྟོབས་ཅན་གྱི་བུ་ཚ་དང་བུ་མོ།དེ་འདྲ་མང་པོ་འཛོམས་རོགས་བྱས་པས་དགའ་སྤྲོ་ཤིན་ཏུ་ཆེ་བྱུང་ཟེར་ནས་ལབ་དོན་ཞུ་རྒྱུ་ཡིན།


       གནམ་འཁོར་ལོ་རྩིབས་དགུ་དགུང་སྔོན་ནམ་མཁའི་ཕྱོགས་ལ་གུར་ཕུབ།ས་པད་མ་འདབ་བརྒྱད་དང་པོ་ས་གཞི་སེར་པོ་ལ་གདན་བཏིང་།གདན་ཉི་ཟླ་འོད་གསལ་གྱི་སྒྲོན་མེ་སྤར།མི་ལུས་རིན་ཆེན་ལ་རྟེན་འབྲེལ་གྱི་གཉེན་སྟོན་ཞིགབསྒྲིགས་པའི་བྱུང་ཚུལ།འོག་གཞི་རླུང་གི་དཀྱིལ་འཁོར།ཕྱི་སྣོད་འཇིག་རྟེན་གྱི་ཆགས་ཚུལ། འོག་གཞི་རླུང་ཅན་གྱི་བཞུགས་ཚུལ།སྒོ་བཞི་ས་ལས་འགྲུབ་ཚུལ། རི་ཡི་རྒྱལ་པོ་རི་རབ་ཀྱི་ཆགས་ཚུལ། ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ།མ་བྲག་གིསྲིན་མོ་རྗེ་བཙན་སྒྲོལ་མ་དཀར་པོའི་རྣམ་སྤྲུལ། ཁོང་རྣམ་གཉིས་ཀྱི་ཐུགས་རྗེ་ལས་བོད་མིའུ་གདུང་དྲུག་གི་རུས་ཀྱི་ས་བོནའཇིག་རྟེན་གྱི་ཁམས་ན་འཕྲོས། སྤྲེའུ་ཕྲུག་ལྔ་བརྒྱ་རི་བོ་དང་ལ་ལ་སྐྱེས།ཐང་ཆེན་དང་ཞིང་ལ་སྐྱེས། སྐྱེ་བོ་འཐབ་ཅིག་མི་འདུ་སྤྲེལ་དཔོན་བཅོ་བརྒྱད་བསྐོས། སྤྲུལ་དཔོན་བཅོ་བརྒྱད་ཀྱིས་རྒྱལ་པོའི་རྒྱལ་ཁབ་བཅོ་བརྒྱད་འཛུགས་རབ་ཞིག་ཞུ་ཐལ་ཟེར་ན།གནམ་ལོ་འོད་ཟེར་རྒྱལ་པོ་ཆགས། རི་དངོས་གྲུབ་རྒྱལ་པོ་ཆགས།ཟོག་དབང་ཐང་རྒྱལ་པོ་ཆགས། སྟག་གཟིག་ནོར་གྱི་རྒྱལ་པོ་ཆགས།མི་བུ་ཧོར་གྱི་རྒྱལ་པོ་ཆགས། འཇང་རྒྱལ་པོ་བསོད་ནམས་རབ་བརྟན་ཆགས། བླུན་པོ་དང་དྲུང་ཆེན་དྲུང་ཆུང་བླུན་པོ་དྲུག་གིས་མཛད་པ་ཞིག་མཛད་ན་འཇིག་རྟེན་འཁོར་བ་ནི་ཆགས་ཐུབ།རི་བོ་གྲུབ་ཆེན་གྲུབ་ཆུང་རི་བོ་དྲུག་གིས་དངོས་གྲུབ་ཞིག་གནང་ན་ཁམས་གསུམ་སེམས་ཅན་ཐམས་ཅད་བདེ་བར་བཀོད་ཐུབ།དེ་འདྲ་ཆགས་སའི་སྟེང་ལ་རིའི་རྒྱལ་པོ་རི་རྒྱལ་ལྷུན་པོ།ཤིང་གི་རྒྱལ་པོ་དཔག་བསམ་ལྗོན་ཤིང་།ཆུའི་རྒྱལ་པོ་ཆུ་བོ་གང་གཱ།བྲག་གི་རྒྱལ་པོ་ཡིད་བཞིན་ནོར་བུ།

       འབྲུ་གཅིག་དེ་ཨ་སྔོན་གནམ་ལ་བཏབ།གནམ་ཨ་སྔོན་སྲ་དྲགས་འབྲུ་མི་ཟུག  གསལ་ཉི་ཟླར་གཉེན་ཞུ་གཉེན་མ་འགྲིག  འབྲུ་གཉིས་དེ་གངས་རིའི་རྩེ་ལ་བཏབ། གངས་འཁྱག་གྲང་མཐོ་དྲགས་འབྲུ་མ་ཟུག  གངས་སེང་གེར་གཉེན་ཞུ་གཉེན་མ་འགྲིག འབྲུ་གསུམ་པ་སྤང་དཀར་སྟེང་ལ་བཏབ།སྤང་ས་དཔངས་མཐོ་དྲགས་འབྲུ་མ་ཟུག སྤང་ཤྭ་བར་གཉེན་ཞུ་གཉེན་མ་འགྲིག  འབྲུ་གཅིག་དེ་ཙན་དན་ནགས་ལ་བཏབ། ནགས་ས་དཔངས་མཐུག་དྲགས་འབྲུ་མ་ཟུགརྒྱ་ནག་པོར་གཉེན་ཞུ་གཉེན་མ་འགྲིག  འབྲུ་གཅིག་དེ་བྲག་དཀར་སྟེང་ལ་བཏབ། བྲག་དཀར་རྫོང་སྲ་དྲགས་འབྲུ་མ་ཟུག  རྒོད་ཐང་དཀར་ལ་གཉེན་ཞུ་གཉེན་མ་འགྲིགའབྲུ་གཅིག་དེ་རྒྱ་གྲོང་ལམ་ལ་བཏབ། ལམ་རྒྱ་གྲམ་སྲ་དྲགས་འབྲུ་མ་ཟུག  དྲེལ་དང་རྐྱང་ལ་གཉེན་ཞུ་གཉེན་མ་འགྲིགའབྲུ་གཅིག་དེ་གཙང་པོའི་ཆུ་ལ་བཏབ། ཆུ་གཙང་པོ་ལྷོད་དྲགས་འབྲུ་མ་ཟུག ཉ་གསེར་ཉར་གཉེན་ཞུ་གཉེན་མ་འགྲིགའབྲུ་གཅིག་ས་ཞིང་སྟེང་ལ་བཏབ། སྟོད་ལ་གསེར་མཛོའི་རིགས་ཀྱིས་རིང་བདག  སྨད་ལ་དངུལ་མཛོའི་རིགས་ཀྱིས་ཐུང་བདགགཉེན་ཨེ་འགྲིག་བསམ་ཞིང་་གཉེན་འགྲིག་མུས་སྣང་ཟེར་ཏེ་ལབ་དོན་དེ་འདྲ་ཞིག་ཞུ་རྒྱུ་ཡིན།

       རྒྱ་ལྤགས་ཀྱི་སྒྲོ་བ།ཤྭ་བ་པགས་པ་ཡི་སྒྲོ་ཞབས། ན་བེའུ་པགས་པ་ཡི་སྒྲོ་ཐག  གླ་བ་པགས་པའི་སོ་སྐུད།ཐོག་(ལོ་ཏོག)སྤུངས་དེ་རི་རབ་ལྷུན་པོ་འདྲ་ལེ།ནས་སྤུངས་དེ་གངས་་རི་མཐོན་པོ་འདྲ་ལེ།སྤང་རབ་ཡངས་ནས་བཅད་ཞིང་ལྟ་བུ།ཆུ་རྒྱ་མཚོ་ནས་བཅུ་ཞིང་ལྟ་བུ།ཐོག་འབྲུ་དྲུག་ཕུན་སུམ་ཚོགས།

       དེ་རིང་གནམ་ལ་སྐར་མ་བཟང་།ཁྲི་གདུགས་ཉི་མ་འདྲ་ལེའི་འགོ་བཟང་།དེ་རིང་བར་ལ་ཚེས་གྲངས་བཟང་།བཅོ་ལྔ་ཟླ་བ་འདྲ་ལེའི་སྐེད་བཟང་།དེ་རང་གི་ས་ལ་དུས་ཚོད་བདེ།སྨིན་དྲུག་ཕྲ་མོ་འདྲ་ལེའི་མཐའ་ཚོགས།


       ཤར་བདེ་ཆེན་ཕུན་ཚོགས་ལུང་པ།སྤང་སྔོན་པོའི་སྟེང་ལ་རྒོད་དཀར་འཛོམས། ཤར་བདེ་ཆེན་ཕུན་ཚོགས་ལུང་པར།སྦྲུལ་མོ་ལུག་གི་ལོ་ལ་དགོན་བཏབ།རྟ་ཕོ་ཞྭ་སེར་གྱི་ལོ་ལ་དགོན་འགྲུབ། མཐའ་ར་རྟ་བབས་ཡིན་ཀྱང་དེ་སྐྱེས་སྔ་བ། བར་ལ་ཆོས་ར་ཡིན་ཀྱང་དེ་འགྲིག་སྔ་བ།འོག་ལ་གསེར་འབྲུ་ཡིན་ཀྱང་དེ་བཙུགས་སྔ་བ། བན་དགུ་འབུམ་ཉིས་ཁྲི་སངས་རྒྱས་ཀྱི་སྟོང་སྐུ་རྩ་གཉིས།ཞྭ་སེར་ཕྲེང་འཇམ་ཅན་གྱི་བསྟན་པ་ནམ་མཁའ་དང་མཉམ།

       སྤྲུལ་སྐུ་ཁྲི་ལ་བཞུགས་རོགས་བྱས་པའི་ཐུགས་རྗེ་བྱིན་རླབས་ལ་བརྟེན་ཏེ།ཞལ་རས་ཉི་མ་ལྟ་བུ་ཚུར་ཤར་ན་འཛམ་གླིང་ཡིན་ཀྱང་དྲོ།ཐུགས་ཀ་ཟླ་བ་ལྟ་བུ་དེ་ཚུར་གསལ་ན་འཛམ་གླིང་ཡིན་ཀྱང་གསལ།ཞལ་རས་སྨིན་དྲུག་ལྟ་བུ་ཚུར་ཚོགས་ན་འཛམ་གླིང་ཡིན་ཀྱང་དེ་འདྲ་ཚོགས་རྒྱུ་ཡོད་པ་ཚང་མ་ཁ་རིན་པོ་ཆེ་རྣམ་པ་ཚང་མའི་ཐུགས་རྗེ་བྱིན་རླབས་ལ་དེ་འདྲ་བརྟེན་རོགས་སྣང་ཟེར་ཏེ་ཞུ་དགོས་སྣང་།

       དུད་ཁ་ཕན་ཚུན་གཉིས་ཀྱི་གཉེན་གྱི་འགོ་རྔ་ཐ་གསུམ་འདྲ་ཞིག་ཞུ་དགོས་ཟེར་ན།གོང་བླ་མ་ལ་རྟགས་རྟེན་འབྲེལ་ཞུས་ན་རྟགས་བཟང་།རྒྱ་གར་གྲུབ་རྩིས་ཀྱིས་རྩིས་ན་རྩིས་བཟང་།རྒྱ་ནག་གླང་རྩིས་ཀྱིས་རྩིས་ན་རྩིས་བཟང་།བལ་པོ་རྩིས་པ་ཡི་རྩིས་བཟང་།རྩིས་བཟང་བློ་བདེ་འཛོམས་སའི་སྟེང་ལ།གཉེན་ཨེ་བསྒྲིག་ཟེར་ཏེ་ཕར་རི་བྲག་དཀར་ལ་སྐད་བཏང་ན་གཉེན་སྒྲིག་ཆོག་ཟེར་ཏེ་ཐང་དཀར་རྒོད་ཀྱིས་རྒྱ་གྲོང་ཁྲ་མོའི་སྟེང་ལ་ལེན་དེ་འདྲ་འཕྲད་བྱུང་།

       དེ་རིང་འཛོམས་སའི་སྟེང་ལ་གོང་བླ་མའི་འཛོམས་སར་ཆོས་སེར་པོའི་ཟམ་བཙུགས།སྡེ་དཔོན་པོ་འཛོམས་སར་གྲི་གོ་ཆ་ཡིས་ཟམ་བཙུགས།ཕ་ཨ་ཁུ་འཛོམས་སར་གཏམ་རིན་ཆེན་གྱིས་རྒྱན་བཙུགས།མ་མ་སྲུ་འཛོམས་སར་ཇ་ནག་རོ་ཡི་གདན་བཏིང་།བུ་ཚ་དང་བུ་མོ་འཛོམས་སར་ཁ་མཚར་རྩེད་མོ་ཡི་འཇའ་དེ་འདྲ་ཤར་རྒྱུ་ཡོད་པ་ཚང་མ་ཁ་སྐལ་བ་ཤིན་ཏུ་བཟང་རོགས་སྣང་ཟེར་ཏེ་ཞུ་དགོས་སྣང་།        

       དེ་རིང་མི་སྲོག་ཆུ་ཁོལ་མ་བྱས་ན་ཆང་འཐུང་འུར་སྒྲ་ནི་ཆེ་དགོས་ཟེར་རེད།མི་སྲོག་ཆུ་ཁོལ་མ་བྱས་ན་ལོངས་སྤྱོད་དུ་བ་ནི་རྒྱས་དགོས་ཟེར་རེད།འཐབ་འགོ་འཐབ་རྩོད་མ་བྱས་ན་ཆང་འཐུང་འུར་སྒྲ་ནི་ཆེ་དགོས་ཟེར་རེད།དེ་འདྲ་བའི་མི་མང་ལ་དགའ་བའི་གླུ་ལེན།ཐུན་མོང་ལ་དགའ་བའི་བྲོ་འཁྱམ།ནམ་མི་གསལ་བར་ལ་གཞས་ཀྱི་ཟམ་པ་བཙུགས་ཏེ།རྩེད་མོ་ཁ་མཚར་ཟེར་བ་དེ་འདྲ་རྩེ་རྒྱུ་ཡོད་པ་ཕ་བསྐྱང་མཁན་ཨ་ཕོའི་བཞག་པ་ཡག་དྲགས།མ་ལྕམ་བཟང་པད་མའི་བཞག་པ་ཡག་དྲགས་སྣང་ཟེར་ཏེ་ལབ་དོན་ཞུ་དགོས་ན།

       ཁ་རྗེ་དང་དབང་ཐང་འཛོམས་རོགས།ཁ་ག་གཏད་ནི་ཉི་མ་ཤར་རོགས་དགོས། བློ་ག་གཏད་ཟླ་བ་གསལ་རོགས་དགོས།ལས་ཅི་བྱས་ཅི་བསམ་གྱི་དོན་འགྲུབ།གང་བསམ་གྱི་ལམ་རྒྱུགས།བུ་བཞི་འདུག་ན་ཕྱོགས་བཞི་བདེ།བུམ་(བུ་མོ)བཞི་འདུག་ན་ཕྱོགས་བཞི་ནས་གཉེན་བཞི་བཀག  ཁ་རྗེ་དང་དབང་ཐང་འཛོམས་རོགས།དར་འགོ་ཚེ་ལྷ་རྣམ་གསུམ་ནི་ཚེ་ལ་རིང་པར་ཤོགདར་སྐེད་གཡུང་དྲུང་རི་མོ་དེ་གཡང་ལ་ཆགས་པར་ཤོག དར་མཐའ་བཀྲ་ཤིས་རྟགས་བརྒྱད་དེ་བཀྲ་ལ་ཤིས་པར་ཤོག དར་མར་བཏགས་མིན་ནི་ཡང་བཏགས་ཡིན།དར་ཡར་བཏགས་ནི་གཙང་པོ་ཆུ་ལ་བཏགས།གཙང་པོ་ཆུ་ལ་དར་བཏགས་དགོས་པ་ག་ཡིན་ནི།དེ་རིང་ཆུ་གཙང་པོ་འདྲ་ལེའི་མི་ཚེ་ཆུ་ལས་རིང་བའི་རྟེན་འབྲེལ།དར་ཕར་བཏགས་དེ་རྡོ་རྗེ་བྲག་ལ་བཏགས་ན།རྡོ་རྗེ་བྲག་ལ་དར་བཏགས་དགོས་པ་ག་ཡིན་ནི།བྲག་དཀར་རྫོང་འདྲ་ལེའི་རྒྱ་ཆེ།རྒོད་ཐང་དཀར་འདྲ་ལེའི་གཤོག་སྒྲོ་རྒྱས་བའི་རྟེན་འབྲེལ།དར་ཡར་བཏགས་ཏེ་ཨ་སྔོན་གནམ་ལ་བཏགས་ཏེ།ཨ་སྔོན་གནམ་ལ་དར་བཏགས་དགོས་བ་ག་ཡིན་ཏེ།གནམ་ཨ་སྔོན་འདྲ་ལེའི་རྒྱ་ཆེ།གནམ་ཨ་སྔོན་འདྲ་ལེའི་སྐར་ཚོགས་རྒྱས་པའི་རྟེན་འབྲེལ་དེ་འདྲ་ལ་ཡོད་རོགས་དགོས་ཟེར་ཏེ།དེ་རིང་མི་ཚེ་ནི་ལོ་བརྒྱ་འཐོབ་རོགས་དགོས།ཟ་མ་ནི་ལྟོ་བརྒྱ་འཐོབ་རོགས་དགོས།ཁ་རྗེ་དབང་ཐང་འཛོམས་རོགས་དགོས་ཟེར་ཏེ་ཞུ་བཅུག་རོགས་ཟེར་ཏེ་ཞུ་དགོས་སྣང་།

       ཕ་ཨ་ཁུའི་སྐུ་ཁམས་བདེ།མ་སྲུའི་ཇ་ར་བདེ།བུ་ཚའི(ཕོ་ལ་གོ)་མདའ་ར་བདེ།བུ་མོ་ཡི་གཉེན་ར་བདེ།བདེ་བདེ་འགོ་ལ་ཉི་མ་ཤར་ན་བཀྲ་ཤིས།བདེ་བདེ་འགོ་ལ་ཟླ་བ་གསལ་ན་གཡང་ཆགས།བདེ་བདེ་འགོ་ལ་སྨིན་དྲུག་ཚོགས་ན་དོན་འགྲུབ་རྒྱུ་ཡོད་མི་ཡང་ཕྱི་ལ་བླ་མ་དཀོན་མཆོག་གི་ཐུགས་རྫེ་བྱིན་རླབས་ལ་བརྟེན།ནང་ལ་དགེ་འདུན་མང་འཚོགས་རྣམས་ཀྱི་ཐུགས་རྗེ་བྱིན་རླབས།

       ས་འདི་ལ་དཔེ་ཞིག་བཞག་སྟེ་བཤད་ན།གངས་ཆེན་སེང་གེ་དཀར་མོ་བཅུ་གསུམ་གྱིས་གཡུ་རལ་རྒྱས་ས།རི་སྐེད་ལ་རྩི་ཤིང་ནགས་ཚལ་རྒྱས་ས། སྟག་གཟིག་དོམ་གསུམ་འཁོར་ས། ཤྭ་ཕོ་ཆེན་གྱི་དུང་རྭ་རྒྱས་ས།མཛོ་བརྒྱ་དེ་གདང་ལ་བཏགས་ས།།རྟ་བརྒྱ་དེ་ཐང་ལ་རྒྱས་ས།རི་འདབས་བླ་མཚོ་ཆེན་པོའི་ནང་དུ།ཉ་སྦལ་དུང་གསུམ་འཛོམས་ས།གསེར་ཉའི་གསེར་གཤོག་རྒྱས་ས།བྱ་རྒྱལ་ཁྱུང་གི་སྒོ་ང་རང་གྲུབ་ཏུ་སྐྱེས་ས།རྒྱ་ཇ་ནག་པོ་དེ་ཐང་ལ་བརྩེགས་ས།གསེར་དང་བྱེ་མ་མང་ཉུང་མེད་ས།

       དེ་རིང་གི་བཞུགས་གྲལ་དེ་ལ་ཆ་བཞག་ན།གྲལ་འགོ་ལ་ཉི་མ་ཤར་འདྲ།གྲལ་སྐེད་ལ་འཇའ་ཚོན་ཤར་འདྲ།གྲལ་མཇུག་ལ་སྨིན་དྲུག་ཚོགས་འདྲ།ནང་མི་ཚང་མ་ཡང་བྱ་མོས་ཀུ་ཟེར་དུས་བྱ་ཕྲུག་ཚང་མ་དེའི་ཕྱོགས་སུ་རྒྱུག་པ་ལྟ་བུ་ཞིག་ཡིན་དགོས།

       ལུང་པ་འདི་ལ་ཆ་བཞག་ན།རྡོ་ཆེན་རྟ་འདྲོགས་ཕ་བོང་ལ་རྟ་བརྒྱ་འཁོར་ས།རྐྱང་ཁ་དཀར་བརྒྱ་དེ་རི་ལ་འཁོར་ས།དྲེལ་དེ་ཨ་ལེ་མཚོ་མོ་ཡི། དྲེལ་གདང་བཅུ་གསུམ་རྒྱབ་ས། བང་མཛོད་ནང་དུ་ནོར་གྱིས་གང་།ཐང་ཆེན་པོ་བཅོ་བརྒྱད་ཀྱི་ཐོག་ཏུ།སྦྲ་ཆེན་རི་བོ་དེ་ས་ལ་ཕུབ་ས།འབྲི་མ་རེ་བརྒྱ་ཡིས་བེའུ་རེ་འཁྲིད་ས། དཀར་འོ་མ་ཡི་རྒྱ་མཚོ་འཁྱིལ་ས། རྭ་ཅོ་ཅན་གྱིས་ནམ་མཁའ་གང་།རྨིག་པ་ཅན་གྱིས་ས་གཞི་གང་།ལྷ་ཁྱི་དུང་དཀར་འབྲུག་གྲག་གཡོ་བ་ལ་སོགས་པ།འདོད་ཡོན་ལོངས་སྤྱོད་རྒྱས་པའི་ས་ཆ།གནས་ཆེན་གྱི་སྦས་ལུང་ཆགས་ས།ལྷ་འཇམ་དབྱངས་དང་སྤྱན་རས་གཟིགས་ཀྱི་ཞལ་གསུང་གིས་བྱིན་རླབས་ཆགས་ས།ཤིང་ཐམས་ཅན་དཔག་བསམ་ལྗོན་ཤིང་གི་རང་བཞིན།རྩྭ་ཐམས་ཅད་ཀུ་ཤའི་རང་བཞིན།ཆུ་ཐམས་ཅད་བདུད་རྩིའི་རང་བཞིན།རྡོ་ཐམས་ཅད་རྡོ་རྗེ་ཕ་ལམ་གྱི་རང་བཞིན།

       བདེ་བ་ཅན་གྱི་ཞིང་ཁམས་འདི་ན།ཆོས་རྒྱལ་བཟང་པོ་མཆོག་ཅེས་བྱ་བ་བཞུགས་པ་དེས།སངས་རྒྱས་ལ་མེ་ཏོག་འབུལ་བ་ལ།མཚོ་པད་མ་ཅན་གྱི་འགྲམ་དུ་འཁོར་རྣམས་མེ་ཏོག་འཐུ་བ་ལ་བཏང་དུས་མཚོའི་ནང་ན་པད་མའི་སྡོང་པོ་ཆེན་པོ་ཅིག་ལ།ཡལ་ག་ནི་གཉའ་ཤིང་ཙམ།ལོ་མ་ནི་ཕུ་བ་ཙམ།དེའི་འདབ་མ་སྟོང་ལྡན་གྱི་དཀྱིལ་ན།ཟེའུ་འབྲུ་རྫ་མ་ཙམ་ཞིག་ལ་འོད་ཟེར་སྣ་ཚོགས་འཕྲོ་བ།

       ང་ཚོ་ཁ་བ་ཅན་གྱི་མི་དེ་ནི་རིགས་གཉིས་སུ་བྱེ་ཡོད་དེ།དེ་ལ་ཕ་སྤྲུའུ་བྱང་ཆུབ་སེམས་དཔའི་རིགས་རྒྱུད་ནི།ངང་རྒྱུད་རིང་བ། དད་པ་ཆེ་བ། སྙིང་རྗེ་ཆེ་བ། བརྩོན་འགྲུས་ཆེ་བ། དགེ་བ་ལ་དགའ་བ།ཚིག་མཛེས་པ།སྨྲ་མཁས་པ་དེ་ནི་ཕ་རྒྱུད་གངས་རི་དཀར་པོ་རིགས།མ་བྲག་སྲིན་མོའི་རིགས་སུ་གྱུར་པ་ནི།བློ་འདོད་དང་འགྲན་སེམས་ཆེ་བ།གད་མོ་ཆེར་བགད་པ།ཚོང་དང་ཁེ་སྤོགས་ལ་བསམ་པ།ལུས་སྟོབས་དང་སྙིང་སྟོབས་ཆེ་བ་སོགས་པ་དེ་ནི་མ་རྒྱུད་གཡུ་མཚོ་སྔོན་པོའི་རྒྱུད་པ་རེད།    

       དེ་རིང་ང་ཚོའི་བུ་ཆུང་ཆུང་དེ་དྲིན་ཕ་མའི་སྙིང་རེད།བུ་མོ་ཆུང་ཆུང་དེ་དྲིན་ཕ་མའི་སྙིང་རེད།ལས་སླ་མོ་དང་།ཡོང་རྩ་མོ།སྟབས་བདེ་མོས་གཏང་རྒྱུ་ཡོད་མཁན་མ་རེད།དེ་རིང་སྡེ་པ་འདི་ཚོའི་བཀྲ་ཤིས་པའི་གནས་ཁང་ཆེན་པོ་ཟེར་མཁན་དེ།སྐར་ཁུང་ཤར་ལ་བཞག་ན་ཤར་སེང་གེ་དཀར་མོ་གནམ་ལ་མཆོང་པ་འདྲ།བྱང་ལ་བཞག་ན་བྱང་གཡུ་འབྲུག་སྔོན་མོ་དེ་ཁ་ཆུ་འཛོམས་པ།ཐབ་ཀ་ལྷོ་ལ་བཞག་ན་ལྷོ་མེ་རི་འབར་བ་ལྟ་བུ།སེར་པོ་གསེར་གྱི་གསེར་རྡོ་ཡིན།དཀར་པོ་དངུལ་གྱི་དངུལ་རྡོ་ཡིན།སྔོན་པོ་གཡུ་ཡི་གཡུ་རྡོ་ཡིན།ཕ་མ་གཉིས་ལ་ཆ་བཞག་ན།ཕ་ཙན་དན་སྡོང་པོ་ལ་དྲི་བཟང་མ་ཉམས་པ།མ་འཆི་མེད་གཡུ་མཚོ་ལ་བདུད་རྩི་མ་ཉམས་པ།        


       ཡང་སྟོན་པ་བཅོས་ལྡན་འདས་འཇིག་རྟེན་འདིར་བྱོན་ཚུལ་འདྲ་ཞིག་ཞུ་ན།སྔོན་རྒྱ་གར་ཤཱཀྱའི་རིགས་རྒྱུད་རྒྱལ་པོ་ཟས་གཙང་མ་ཟེར་བ་དང་།ཡུམ་ལྷ་མོ་སྒྱུ་འཕྲུལ་མ་གཉིས་ལ་བུ་ནི་ཡོན་ཏན་ཀུན་ནི་ཚང་བ་ཞིག་དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད།བར་དུ་བསྐལ་བ་གྲངས་མེད་གསུམ་དུ་ཚོགས་བསགས།ཐ་མར་རྡོ་རྗེ་གདན་དུ་སངས་རྒྱས།འགྲོ་བ་སེམས་ཅན་གྱི་དོན་དུ་ཆོས་འཁོར་དང་པོ་བསྐོར་ནས་བསྟན་པ་རབ་ཏུ་དར་བར་མཛད་མི་སྣང་ཟེར་ཏེ་ཞུ་དགོས་སྣང་།

       ད་དགོན་པ་དང་ཆོས་ཀྱི་ཚུལ་ཞིག་ཞུ་ན།སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་གཅིག་ཏུ་བསྡུས་པའི་ངོ་བོ།ཆོས་ཐམས་ཅད་ཀྱི་རྩ་བ་བསྡུས་པའི་སྙིང་པོ།དགེ་ལེགས་དང་ཡོན་ཏན་ཐམས་ཅད་ཀྱི་གཏེར་མཛོད།ཕན་བདེ་ཡི་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ།

       ད་དཔོན་པོ་དང་བླ་མའི་ཚུལ་ཞིག་ཞུ་ན།རང་རེར་ལྟ་ཞིང་སྐྱོང་བའི་ཕ་མ་ལྟ་བུ།འགྲོ་བ་སྒྲོལ་བའི་དེད་དཔོན་ལྟ་བུ།དགོས་འདོད་འབྱུང་བའི་ནོར་བུ་ལྟ་བུ།མུན་པ་སེལ་བའི་སྒྲོན་མེ་ལྟ་བུ། ཉེ་རིང་མེད་པའི་ཉི་ཟླ་ལྟ་བུ།

       ཡང་གོང་ཆོས་དང་བླ་མའི་ཚུལ་ཞིག་ཞུ་ན།ཤི་ན་རྣམ་ཤེས་གཏམ་ས། གསོན་ན་སྐྱབས་འཇུག་ཞུ་ས།ཡོད་ན་མཆོད་ས། མེད་ན་ཞུ་ས། ཡུལ་དཀོན་མཆོག་གསུམ་པོ་ལས་གཉེན་ཞིག་འཇིག་རྟེན་ན་མེད།

       དཔོན་པོ་རྣམས་ལ་ཆ་ཞིག་བཞག་ན།བསྟོད་ན་ཨ་སྔོན་དགུང་རེད།སྨད་ན་དོག་མོ་ས་རེད།དཔྱད་ཤེས་པས་གང་བྱུང་གོམས་ཆ་ལོན།བརྟགས་ཤེས་པས་གང་མཐོང་ཆ་རྒྱུས་ལོན། ཁོག་པ་དེ་ཨ་སྔོན་དགུང་ལས་ཆེ།བློ་རྒྱ་དེ་རྒྱ་མཚོ་ཆུ་ལས་ཟབ།རང་དོན་སྤངས་ཞིང་གཞན་དོན་སྒྲུབ།ཡིན་ན་ཡང་འཇིག་རྟེན་མིའི་ཁ་དཔེ་ལ།དཔོན་མེད་ན་འབངས་འགོ་སུ་ཡིས་སྐྱབས།འབངས་མེད་ན་དཔོན་པོ་སུ་ལ་བྱེད།དཔོན་དྲང་ན་སྡེ་འབངས་སྐྱིད་ཅིང་བཙན།འབངས་རྒྱས་ན་རྒྱལ་པོའི་རྒྱན་དེ་ཡིན།ཤིང་གིས་ཤིང་བཀྱགས་ན་ཀ་བ་དང་གདུང་མ། མི་ཡིས་མི་བཀྱགས་ན་དཔོན་པོ་དང་གཡོག་པོ་ཟེར་བ་ལྟ་བུ་རེད།    

       ཡང་དེ་རིང་ང་མི་ངན་ཞིག་གིས་གཏམ་བཤད་པ་ལ།བཤད་མི་ཐུབ་ཁ་རོག་བསྡད་ན་མཛེས།བྱ་མི་ཐུབ་ཁ་མགོན་བསྐྱུར་ན་མཛེས།དཔའ་མི་ཐུབ་རྒྱང་ནས་བཞག་ན་མཛེས་ཟེར་ན་ཡང་མི་རེས་གཏམ་རེ་བཤད་རྒྱུ་བཞུགས་གྲལ་གྱི་ལུགས་སྲོལ།མི་རེས་གཞས་རེ་ཁྲིད་རྒྱུ་གཞས་ར་ཡི་ལུགས་སྲོལ་ཟེར་བ་ལྟ་བུ་རེད།