དབུ་ཤོག >> བོད་ཀྱི་རིག་གནས། >> གསོ་རིག >> བདེ་ཐང་མཛུབ་སྟོན།
ཆམ་རིམས་དང་ཆམ་ནད་གཉིས་ནི་མ་གཞི་ནས་ནད་རིགས་མི་འདྲ་བ་གཉིས་ཡིན།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-01-17 རྩོམ་ཁུངས། གངས་ལྗོངས་ཉི་གཞོན། ཀློག་གྲངས། 200

        མིག་སྔར་དགུན་ཁའི་ནམ་ཟླ་ཧ་ཅང་འཁྱག་ཅིང་སྐམ་ཤས་ཆེ་བའི་དུས་ཡིན་པས་ཚང་མས་ལྭ་བ་མཐུག་པོ་གྱོན་རྒྱུ་གལ་ཆེ།  མི་མང་ཆེ་ཤོས་ཀྱིས་ཆམ་ནད་ཅེས་པའི་རྒྱུན་མཐོང་གི་ནད་རིགས་འདི་ལ་གོ་བ་ཟབ་མོ་ཅིག་མ་ལོན་པར། ནོར་འཁྲུལ་གྱི་ལྟ་བ་གང་མང་བཟུང་ཡོད། དོན་དངོས་སུ་ཆམ་ནད་དང་ཆམ་རིམས། དབུགས་ལམ་སྟོད་མའི་རེད་པ་བཅས་ནི་ནད་རིགས་མི་འདྲ་བ་སོ་སོ་ཡིན་པས། དེ་ལ་སྔོན་འགོག་བྱེད་ཐབས་དང་གསོ་བཅོས་བྱེད་ཐབས་ཀྱང་རྩ་བ་ནས་མི་འདྲ། ཆམ་ནད་དང་ཆམ་རིམས་གཉིས་ཀ་ནད་དུག་གིས་དབུགས་ལམ་རེད་པར་རྐྱེན་བྱས་ཏེ་བྱུང་བ་ཡིན་མོད།དེ་གཉིས་ནི་ནད་རིགས་མི་འདྲ་བ་གཉིས་ཡིན། 

        འགོས་མཆེད་རང་བཞིན་གྱི་ཆམ་ནད་ཀྱི་མིང་ལ་ཆམ་རིམས་ཟེར་ཞིང་། དེ་ནི་ཆམ་རིམས་ཀྱི་ནད་དུག་གིས་བསླངས་པའི་མྱུར་བའི་རང་བཞིན་གྱི་དབུགས་ལམ་གྱི་འགོས་ནད་ཅིག་རེད། དེའི་འབྱུང་ཚད་མཐོ་ཞིང་འགོས་ཚད་ཤིན་ཏུ་ཆེ། ནད་གཞི་དེ་ལ་ཆམ་རིམས་ཀ་པ་དང་ཆམ་རིམས་ཁ་པ། ཆམས་རིམས་ང་པ་བཅས་ཆམ་རིམས་ཀྱི་ནད་དུག་མི་འདྲ་བ་རིགས་གསུམ་དུ་དབྱེ་ཆོག་ཅིང་། གཙོ་བོར་མཁའ་དབུགས་ཁྲོད་དུ་རྒྱུ་བའི་མཆིལ་ཟགས་ལས་འགོས་པ་རེད། ནད་ཐོག་ཏུ་ཚ་རྒྱས་པ་དང་། ཐང་ཆད་པ། ལུས་ཡོངས་ཀྱི་ཤ་གྲིམ་ན་བ། མིག་སྐྱིར་གཉན་ཚད་རྒྱས་པ། དབུགས་ལམ་ཅུང་རེད་པ་བཅས་ཀྱི་རྟགས་འབྱུང་། རྒན་པ་ལ་ལ་དང་དལ་བའི་རང་བཞིན་གྱི་དབུགས་ལམ་གྱི་ནད་ཡོད་པའི་ནད་པ། ད་དུང་སྙིང་ནད་ཅན་བཅས་ལ་དེ་དང་བསྡོངས་ནས་གློ་ཚད་ཀྱི་ནད་ཀྱང་འབྱུང་སླ། ཆམ་རིམས་ཀྱི་ཁྱད་རྟགས་གཙོ་བོ་ནི་འགོས་ཚད་ཆེ་བ་ཡིན་ཏེ། ས་གནས་རང་བཞིན་དང་རྒྱལ་ཡོངས་རང་བཞིན། ཐ་ན་འཛམ་གླིང་རང་བཞིན་གྱིས་འགོས་ཚབས་ཆེན་པོ་འབྱུང་སྲིད། དེ་བས་འགོས་ཚད་ཆེ་བ་དེ་ནི་སྨན་པས་ཆམ་རིམས་ལ་ངོས་བྱེད་ཀྱི་གཞི་འཛིན་ས་གཙོ་བོ་ཡིན། ཆམ་རིམས་ཀྱི་ནད་དུག་དང་ལྷག་པར་དུ་ཆམ་རིམས་ཀྱི་ནད་དུག་ཀ་པར་ནད་འགྱུར་འབྱུང་སླ་བའི་དབང་གིས།ལོ་རེ་རེར་འབྱུང་བཞིན་པའི་ཆམ་རིམས་ཀྱི་ནད་དུག་མི་འདྲ་ཞིང་། སྤྱིར་བཏང་དུ་ལོ་གསུམ་རེའི་ནང་ནད་དུག་མི་འདྲ་བ་རེ་མཆེད་ནས། ནད་པ་མང་པོའི་ལུས་ཀྱི་ནད་རྟགས་ལྗིད་ཅིང་། ལུས་ཕུང་བདེ་ཐང་དང་ངལ་རྩོལ་ནུས་ཤུགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད།

        ཆམ་རིམས་ཀྱི་སྔོན་འགོག་བྱེད་ཐབས་གཙོ་བོ། 

        གཅིག   ཆམ་རིམས་ཀྱི་ནད་བྱུང་མ་ཐག་ཏུ་སྔ་མོ་ནས་མི་ཚོགས་དང་ལོགས་སུ་བཀར་ནས་གསོ་བཅོས་བྱེད་དགོས། ཆམ་རིམས་མཆེད་པའི་དུས་སུ་རྣམ་པ་རྒྱ་ཆེ་བའི་འདུ་འཛོམས་དང་ཐུན་མོང་གི་བྱ་འགུལ་སོགས་ཇེ་ཉུང་དུ་གཏོང་དགོས་ཤིང་། རབ་ཡིན་ན་མི་ཚོགས་འདུ་སར་མི་འགྲོ་བ་དང་། གལ་ཏེ་འགྲོ་དགོས་བྱུང་ནའང་ཁ་ཐུམ་རྒྱག་དགོས། ཉིན་རྒྱུན་ཁང་བའི་སྒོ་དང་དྲ་མ་ཕྱེས་ནས་ནང་དུ་མཁའ་དབུགས་གསར་བ་རྒྱུ་རུ་འཇུག་དགོས།

        གཉིས།   སྨན་རྫས་ཀྱིས་སྔོན་འགོག་བྱེད་པ། ཚྭ་སྐྱུར་རྡོ་རྗེ་ཝོན་ཨེན་ཞེས་པ་དེ་བསྟེན་ན་ཆམ་རིམས་ཀ་པར་སྔོན་འགོག་བྱེད་པར་ཕན་འབྲས་ངེས་ཅན་ཞིག་ཡོད་ལ། ཆམ་རིམས་ཁ་པར་གོ་ཅི་ཡང་མི་ཆོད། དེ་བས་ཆམ་རིམས་ཐོག་མར་བྱུང་དུས་རིགས་གང་ཞིག་ཡིན་པར་ངོས་འཛིན་གསལ་བོ་བྱས་ནས་དེ་དང་མཐུན་པའི་གསོ་བཅོས་བྱེད་དགོས།

        གསུམ།  འགོག་སྨན་གྱིས་སྔོན་འགོག་བྱེད་པ། རྒྱུན་པར་བཀོལ་བཞིན་པའི་འགོག་སྨན་ལ་དུག་བྲི་འགོག་སྨན་དང་གྲུང་གསོད་འགོག་སྨན་ཅེས་རིགས་གཉིས་ཡོད། དེ་ལས་དུག་བྲི་འགོག་སྨན་ནི་སྣའི་ནང་དུ་གཏོར་བའི་སྨན་རྫས་ཤིག་ཡིན་པ་དང་། གྲུང་གསོད་འགོག་སྨན་ནི་ཐད་ཀར་སྤྱི་པགས་སྟེང་དུ་ཁབ་རྒྱག་དགོས་པ་ཡིན། འགོག་སྨན་དེ་བརྒྱབ་རྗེས་ལོ་ཕྱེད་ནས་ལོ་གཅིག་གི་ནང་དུ་རིགས་གཅིག་པའི་ཆམ་རིམས་སྔོན་འགོག་བྱེད་པའི་ནུས་པ་ལྡན་པ་ཡིན། ཡིན་ནའང་ཆམ་རིམས་ཀྱི་ནད་དུག་གི་དུག་སྡོང་དེར་རྒྱུན་པར་འགྱུར་ལྡོག་འབྱུང་སྲིད་པས། ལོ་དེར་འབྱུང་སྲིད་པའི་ནད་དུག་རིགས་གང་ཡིན་པ་དེར་སྔོན་དཔག་བྱེད་དཀའ། དེ་བས་ཚོད་དཔག་ཙམ་ལ་བརྟེན་ནས་གསར་བཟོ་བྱས་པའི་འགོག་སྨན་གྱི་དུག་སྡོང་དེ་ལོ་དེར་འབྱུང་སྲིད་པའི་ཆམ་རིམས་ཀྱི་ནད་དུག་དང་བསྟུན་ཐབས་བྱེད་དགོས་པ་ཡིན། 

        བཞི།  ཆམ་རིམས་དེ་ཉིན་འགའི་ནང་དྲག་འགྲོ་བའི་ནད་རིགས་ཞིག་ཡིན་ནའང་། སྟབས་མ་ལེགས་ན་དེས་ནད་རིགས་ཚབས་ཆེན་གཞན་དག་ཀྱང་སློང་སྲིད་པས། སྣང་མེད་དུ་གཏན་ནས་བསྐྱུར་མི་རུང་བར་སྔོན་འགོག་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ། ལོ་རེར་ཆམ་རིམས་ཀྱི་འགོག་སྨན་རྒྱག་རྒྱུ་ནི་ཆམ་རིམས་སྔོན་འགོག་བྱེད་པའི་བྱེད་ཐབས་ཆེས་ལེགས་ཤོས་ཡིན།

        ལོ་རེའི་འགོག་སྨན་གྱི་ནད་དུག་རིལ་བུ་དེ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རང་རྒྱལ་གྱི་ཆམ་རིམས་ལྟ་ཞིབ་ཚད་ལེན་མ་ལག་གི་མཇུག་འབྲས་ལྟར་བཟོས་པ་རེད། འགོག་སྨན་གྱི་ནང་དུ་འདུས་པའི་ནད་དུག་རིལ་བུ་དེ་ལོ་རེར་གསར་བསྒྱུར་བྱེད་བཞིན་ཡོད། གང་ནུས་ཀྱིས་ལོ་དེར་འབྱུང་སྲིད་པར་སྔོན་དཔག་བྱས་པའི་ཆམ་རིམས་ནད་དུག་དང་བསྟུན་ནས་བཟོ་བཞིན་ཡོད། དེ་བས་ཚད་ངེས་ཅན་ཞིག་གི་སྟེང་ནས་འགོག་སྨན་གྱི་ནང་དུ་འདུས་པའི་ནད་དུག་རིལ་བུ་དང་ཆམ་རིམས་མཆེད་པའི་དུས་ཀྱི་ནད་དུག་གཉིས་ཧ་ལམ་གཅིག་མཚུངས་ཡིན་ན། འགོག་སྨན་གྱི་སྔོན་འགོག་གི་ནུས་པའང་ཆེས་བཟང་།

 

རྩོམ་སྒྲིག་པ། (ཚེ་རིང་སྒྲོལ་མ།)