དབུ་ཤོག >> བོད་ཀྱི་རིག་གནས། >> ལོ་རྒྱུས། >> བདེ་ཆེན་གྱི་ལོ་རྒྱུས།
གཏེམ་མ་རོང་བོད་ཀྱི་གཉེན་སྟོན་གྱི་སྐོར་རགས་བཤད།
རྩོམ་པ་པོ། ཚེ་རིང་དབྱངས་སྒྲོན། དུས་ཚོད། 2018-01-23 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 930

          ཡུན་ནན་ཞིང་ཆེན་གྱི་བོད་རིགས་ནི་གཙོ་བོ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་བཀྲམ་ནས་བསྡད་ཡོད། གཏེར་མ་རོང་ནི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་རྒྱལ་ཐང་རྫོང་གི་ཁོངས་སུ་གཏོགས་པའི་ཡུལ་ཤོག་ཅིག་ཡིན། ས་ཆ་དེའི་ཁོངས་སུ་གནའ་ནས་ད་བར་འཚོ་གནས་བྱེད་པའི་མི་རིགས་བོད་ལས་གཞན་མེད་དོ།།    གཏེར་མ་རོང་གི་གཉེན་སྒྲིག་གི་རྣམ་པ་ནི་སྤྱི་བཏང་ཅན་གྱི་རྣམ་པ་དང་དམིགས་གསལ་ཅན་གྱི་རྣམ་པ་རིགས་ཆེན་པོ་གཉིས་སུ་དབྱེ་བ།སྤྱི་བཏང་ཅན་གྱི་རྣམ་པ་ལས་ཁྱོ་གཅིག་ཤུག་གཅིག་གི་གཉེན་སྒྲིག་ལམ་ལུགས་ནི་གནའ་སྔ་མོ་ནས་གཙོ་ཁྲིད་ཀྱི་གོ་གནས་འཛིན་པའི་གཉེན་སྲོལ་ཞིག་ཡིན། འོན་ཀྱང་དམིགས་གསལ་ཅན་གྱི་རྣམ་པ་ཁྱོ་གཅིག་ཤུག་མང་དང་ཤུག་གཅིག་ཁྱོ་མང་གི་གཉེན་སྒྲིག་རྣམ་པ་ཡང་མི་ཉུང་བ་ཞིག་ཡོད།དུས་ཀྱི་འཕེལ་འགྱུར་དང་བསྟུན་ནས་ས་ཆ་མང་ཤོས་ལ་ཁྱོ་གཅིག་ཤུག་མང་དང་ཤུག་གཅིག་ཁྱོ་མང་གི་གཉེན་སྒྲིག་རྣམ་པ་ཡང་རིམ་བཞིན་ཇེ་ཉུང་དུ་ཕྱིན་པ་དང་མེད་པར་འགྱུར་བཞིན་པའི་སྒང་དེར། གཏེར་མ་རོང་གི་ཡུལ་འདིར་དེང་དུས་ཀྱང་ད་རུང་ཡང་སྔ་སྲོལ་མ་ཉམས་པར་ཁྱོ་གཅིག་ཤུག་མང་དང་ཤུག་གཅིག་ཁྱོ་མང་གི་གཉེན་སྲོལ་ཡོད། དེ་ནི་ས་ཆ་རང་རང་གི་ཐུན་མོང་མ་ཡིན་པའི་ས་བབ་གནས་ཚུལ་དང་ཡུལ་སྲོལ་གོམས་གཤིས།   མི་དམངས་ཀྱི་བསམ་བློ་སོགས་དང་འབྲེལ་བ་ཆེན་པོར་སྙམ་མོ།།

      རང་རྒྱལ་གྱི་ཡངས་ཤིང་རྒྱ་ཆེ་བའི་ས་ཁོངས་སུ་མི་རིགས་སྣ་ཚོགས་ཡོད་པས་གཉེན་སྒྲིག་གི་རྣམ་གྲངས་ཡང་འདྲ་མིན་སྣ་ཚོགས་ཡོད། གཉེན་སྟོན་གྱི་ཆོ་ག་སྤེལ་སྟངས་དེ་བས་ཀྱང་མང་ཞིང་ཕུན་སུམ་ཚོགས་པ་ཞིག་རེད། གཤམ་དུ་ངས་གཏེར་མ་རོང་གི་གཉེན་སྒྲིག་ཆོ་ག་ཡི་བརྒྱུད་རིམ་སྐོར་ཅུང་ཟད་བཤད་པ་བྱའོ།།

 

  ༡.  གཉེན་སློང་བའི་དུས་རིམ།

       འདི་ལ་བཤད་པའི་གཉེན་སློང་བ་ནི་རྒྱའི་རིག་གནས་ཁྲོད་སྨྱན་བཤད་པའི་སྲོལ་དང་ཕལ་ཆེར་འདྲ་བ། གནའ་ནས་གཉེན་སློང་རྗེས་ད་གཟོད་ཕོ་མོ་ཕན་ཚུན་ཁྱིམ་བདག་གིས་མོས་མཐུན་མིན་ལ་གཏན་ཁེལ་བྱེད་དགོས། གཉེན་སློང་བའི་དུས་རིམ་ནི་གཏེར་མ་རོང་གི་གཉེན་སྟོན་ཆོ་ག་ནང་གལ་ཆེ་བའི་དུས་རིམ་ཤིག་ཡིན། གཏེར་མ་རོང་གི་བོད་མི་དག་གི་རིན་ཐང་ལྟ་བ་གཞིར་བཟུང་ན།  ལས་ལ་བརྩོན་ཞིང་སེམས་བཟང་པོ་ནི་ན་གཞོན་ཕོ་མོ་གང་ལ་བསྟུན་ཏེ་བཤད་ན་ཡང་གཉེན་སློང་གི་ཆ་རྐྱེན་གལ་ཆེ་ཤོས་ཞིག་ཡིན།  ད་དུང་རང་ཁྱིམ་དང་འཁོས་འབྱོར་མཉམ་མིན་ལ་ཡང་ལྟ་དགོས་པ་ཞིག་རེད།  གཉེན་སློང་མཁན་ནི་རང་གི་གཉེན་འབྲེལ་ནས་ལོ་ན་རྒན་ཞིང་བསམ་ཤེས་སྨྲ་ལྕེ་བདེ་པ་ཞིག་བར་བ་བཏང་སྲོལ་ཡོད།སྤྱིར་བཏང་དུ་གཏེར་མ་རོང་ལ་བར་བ་གཉེན་སློང་པར་ཐེངས་གཉིས་འགྲོ་སྲོལ་ཡོད།  ཐེངས་དང་པོ་འགྲོ་ཁར་ལན་གསལ་པོ་ཞིག་འཐོབ་མི་སྲིདརྒྱུ་མཚན་ནི་གཉེས་སློང་སའི་གཉེན་ཉེ་ཚོས་ད་དུང་གྲོས་བསྡུར་ཞིབ་ཚགས་བྱེད་དགོས་པ་དང་། སློང་མཁན་ཚོས་བུ་དང་བུ་མོའི་ལོ་རྟགས་དང་སྐྱེས་སྐར་སོགས་བླངས་རྗེས་མོ་པའི་མདུན་དུ་ལོ་རིས་བག་སྐལ་མཐུན་མིན་ལ་བརྟག་དགོས་པ་རེད།  བག་སྐལ་མི་མཐུན་ན་བཟའ་ཟླའི་བར་ལ་འཁོན་འཛིང་མང་ཞིང་འཆམ་མཐུན་དཀོན་པ་སོགས་བཀྲ་མི་ཤིས་པ་ཡོང་བར་ངོས་འཛིན་བྱེད།  སྐལ་མཐུན་ན་ཐེངས་གཉིས་པའི་གཉེན་སློང་ཡོད།ཐེངས་འདི་བར་བས་གཉེན་སློང་པའི་རྒྱུ་མཚན་སོགས་བཤད།མ་ཁྱིམ་གྱི་རང་གི་བུའམ་བུ་མོ་མངགས་འདོད་ཡོད་མེད་ཀྱི་ལན་གསལ་པོ་ཞིག་སྟེར་རྒྱུ་རེད།མངགས་འདོད་ཡོད་ན་གཉེན་རྟགས་བཀོད་པའི་ཆོ་ག་གྲ་སྒྲིག་བྱེད་དགོས།

 

      ༢ གཉེན་རྟགས་བཀོད་པའི་ཆོ་ག

      གཉེན་རྟགས་བཀོད་པའི་ཆོ་ག་ནི་གཞོན་ནུ་ཕོ་མོ་གཉིས་ལ་གཉེན་སྟོན་གྱི་ཆོ་ག་མ་སྤེལ་སྔོན་དུ་ངེས་པར་དུ་སྤེལ་དགོས་པའི་ཆོ་ག་ཞིག་ཡིན། ཁྱིམ་མི་དང་གཉེན་སྟོན་སྤེལ་མཁན་གྱི་གཞོན་ནུ་ཕོ་མོ་དག་ལ་མཚོན་ན་གཉེན་སྟོན་གྱི་ཆོ་ག་དང་འདྲ་མཚུངས་ཀྱི་གལ་ཆེ་བ།སྔོན་ལ་རྩིས་པའི་མདུན་དུ་གཉེན་རྟགས་བཀོད་ཆོག་པའི་བཀྲ་ཤིས་པའི་དུས་བཟང་ཞིག་རྩིས་ནས་གཉེན་སློང་མཁན་མ་ཚད་ད་དུང་ཁོ་ལ་རོགས་པ་གཉིས་ནས་གསུམ་བཙལ་ཏེ་གཉེན་ཚང་ལ་གཉེན་རྟགས་བཀོད་འགྲོའདིར་གཉེན་རྟགས་བཀོད་པའི་རྟེན་དུ་གཉེན་ཆང་ཞེས་སྤྱིར་བཏང་དུ་ནས་ཆང་གི་སྐལ་ཁྱེར་སྲོལ་ཡོད།  དེ་མ་ཟད་ད་དུང་ཁ་བཏགས་དང་ཇ་སོགས་ཀྱ་གྲ་སྒྲིག་བྱེད་དགོས། དེ་ཡང་གཙོ་བོ་གཉེན་སློང་པའི་ཁྱིམ་ཚང་གི་རྒྱུ་འབྱོར་བ་དང་ཆ་རྐྱེན་བཟང་ངན་སོགས་ལ་བསྟུན་ནས་ཁྱེར་པ་རེད།  དུས་འདིར་གཉེན་ཚང་གི་གཉེན་ཉེ་ཡོངས་སུ་འཛོམས་ཏེ་བར་བ་ལ་གཉེན་ཚང་གི་གཉེན་སྟོན་སྤེལ་པར་གྲ་སྒྲིག་གང་དག་བྱེད་དགོས་པ་དང་།  རྗེས་སུ་ཁྱིམ་གཉིས་ཕན་ཚུན་གང་འདྲ་མཉམ་གཤིབ་དགོས་པ་སོགས་ཁ་བརྡ་བྱས།  གནའ་ནས་ད་བར།གཏེར་མ་རོང་ལ་ཕ་མས་བཀོད་སྒྲིག་བྱེད་པའི་གཉེན་སྒྲིག་མང་ལ་རང་དབང་རང་འཐད་ཀྱི་གཉེན་སྒྲིག་ཧ་ཅང་ཉུང་།  གཉེན་རྟགས་བཀོད་པའི་བུ་མོ་དེ་ཡང་ན་ཕོ་གསར་དེ་རང་གི་མ་འོངས་པའི་བཟའ་ཟླར་ཡིད་མོས་མེད་ན། ཡུན་རིང་གི་ངུ་གདོང་སྟོན་པས་གཉེན་རྟགས་ཕྱིར་སློག་སྟེ་གཉེན་ཚང་བར་འགལ་བ་ཆེན་པོ་ཆགས་ཏེ་ཕན་ཚུན་དགྲ་རུ་འཛིན་པ་ཡང་འགའ་རེ་ཡོད་མོད། ཡིན་ན་ཡང་མང་ཤོས་ཀྱི་ཕ་མའི་ངོ་ཟློག་མི་བཟོད་པར་གཉེན་སྒྲིག་བྱས་ཏེ་བརྩེ་དུང་མེད་པའི་བཟའ་ཟླའི་འཚོ་བ་མི་ཚེ་གཅིག་ལ་མི་རོལ་ཀ་མེད་བྱུང་།  ཡང་གཞོན་ནུ་ཕོ་མོ་གཉེན་སྒྲིག་བྱེད་རྗེས་ལོ་ཁ་ཤས་ནང་ཁྱིམ་བདག་ཕ་མར་དགོངས་འགལ་བྱུང་ནས་སྒོར་ཕུད་པའང་མང་པོ་ཡོད་པ་རེད། རྒྱུ་རྐྱེན་གང་ལ་བརྟེན་ནས་ཕྱིར་རང་གི་མ་ཁྱིམ་དུ་ལོག་པའི་ན་གཞོན་ཕོ་མོ་དག་ནི་ཀུན་གྱི་རིགས་དམན་གྱི་གྲལ་དུ་བརྩི་སྲོལ་ཡོད།སྤྱིར་བཏང་དུ་བུ་དང་བུ་མོ་དག་ལོ་བཅོ་བརྒྱད་ཀྱི་ཡས་མས་ལ་གཉེན་སྒྲིག་བྱེད་དགོས་པ་དང་དེ་ཡང་བུ་དག་ལ་མཚོན་ན་དེ་འདྲ་དོ་སྣང་མི་བྱེད་མོད།བུ་མོ་རྣམས་ལ་མཚོན་ན་མོ་ལོ་ཉི་ཤུ་ཡོལ་རྗེས་ད་དུང་གཉེན་སློང་མཁན་མེད་ན་ཕ་མ་གཉེན་ཉེ་དག་སེམས་འཚུབ་པ་མ་ཟད་གྲོང་པའི་མི་རྣམས་ཀྱིས་ཀྱང་འཕྱ་སྨོད་བྱེད་པ་རེད།   དེ་ལས་ཕོ་མོ་གཉིས་ཀྱི་སྤྱི་ཚོགས་གོ་གནས་མི་འདྲ་བ་མངོན་པར་ཐོན་ནོ།།

 

 ༣.  གཉེན་སྟོན་གྱི་གྲ་སྒྲིག་བརྒྱུད་རིམ།

      དེ་ཡང་གཉེན་སྟོན་སྤེལ་རན་པའི་བུ་དང་བུ་མོ་དག་ལ་ཕ་མས་མ་མཐའ་ཡང་ཟླ་བ་གསུམ་ནས་ལྔའི་སྔོན་དུ་གྲ་སྒྲིག་བྱེད་དགོས་པ་རེད།ཕ་མས་རང་ཁྱིམ་གྱི་ལོ་ཁ་ཤས་རིང་ལ་གསོག་འཇོག་བྱས་པའི་རྒྱུ་ནོར་གྱིས་བུ་དང་བུ་མོ་ལ་གོས་ཕྲུག་ཚར་གསུམ་དང་གསེར་དངུལ་གཡུ་བྱུར་གྱི་རྒྱན་ཆ་སོགས་གྲ་སྒྲིག་བྱེད་པ།   ད་དུང་རྨོ་ཞིང་དང་ནོར་ལུག་འཛིན་ཆས་ཟས་རིགས་སོགས་ཀྱི་སྐོར་ལ་ཡང་རང་ཁྱིམ་དཔལ་འབྱོར་ཆ་རྐྱེན་དང་བསྟུན་ནས་གྱ་ནོམ་པ་ཞིག་གྲ་སྒྲིག་བྱེད་སྲོལ་ཡོད།  གཉེན་སྟོན་སྤེལ་བ་དེ་ནི་ཕ་མ་དག་ལ་མཚོན་ན་དཔལ་འབྱོར་དང་ལུས་སེམས་ཡོངས་ཀྱི་འགན་ཁུར་ཆེན་པོ་ཞིག་ཡིན།  གཉེན་སྟོན་རྒྱ་ཆེན་པོ་ནོམ་པ་ཞིག་སྤེལ་ནས་རྟེན་འབྲེལ་ལེགས་ན་མི་རྣམས་ཀྱི་བསྟོད་བསྔགས་བྱེད་སའི་དཔེ་རུ་གྱུར་པ་དང་།དེ་ལས་ལྡོག་ན་ཡང་མི་རྣམས་ཀྱི་འཕྱ་དམོད་དང་ཟུར་ཟ་བྱེད་སའི་དཔེ་རུ་གྱུར་འགྲོ་བ་རེད།   གཏེར་མ་རོང་ལ་ཁྱིམ་ཚང་སུས་གཉེན་སྟོན་ཆོ་ག་སྤེལ་ན་ཡང་གྲོང་པའི་མི་རྣམས་གྱིས་རོགས་རམ་བྱེད་འོང་བ།  གཉེན་སྟོན་སྤེལ་རན་པའི་ཉིན་གཉིས་ནས་གསུམ་གྱི་སྔོན་དུ་གཉེན་སྒྲིག་བྱེད་དགོས་པའི་ཁྱིམ་ཚང་གཉིས་སོ་སོས་འབྲི་གཡག་ལུག་ཕག་དང་ཁྱིམ་བྱ་བསད་ནས་རང་གི་གྲོང་པའི་མི་རྣམས་དང་གྲོང་གཞན་གྱི་གཉེན་ཉེ་ལ་སྟོན་མོའི་ཉི་མ་སོགས་གསལ་བསྒྲགས་བྱས་ནས་མགྲོན་དུ་འབོད་པ་རེད།  ཉིན་དེའི་བྱ་བ་གཙོ་བོ་ད་དུང་སྟོན་མོའི་ལས་རིགས་བཀོད་སྒྲིག་བྱེད་དགོས།སྟོན་མོའི་ལས་རིགས་བཀོད་སྒྲིག་བྱེད་མཁན་སྤྱི་དཔོན་ཞིག་འདེམས་ནས་སྟོན་མོའི་ཁྲོད་བཀོལ་སྦྱོད་བྱེད་དགོས་པའི་སྣོད་ཅ་ལག་དང་། ཇ་ཆང་ཟས་རིགས། སྟོན་མོའི་ལས་རོགས་པ་དག་མངགས་པ་སོགས་ཀྱི་དབང་ཆ་དེ་ལ་སྤྲད་པ་ཡིན།  ཁོས་ཀྱང་སྟོན་མོའི་ཉིན་ཇ་སྐོལ་བ་དང་ཇ་འདྲེན་བ་ལ་ཇ་དཔོན་དང་། ཆང་བདག་གཉེར་དང་འདྲེན་པ་ལ་ཆང་དཔོན་ཟེར་སྲོལ་ཡོད།  འདི་ལ་ངེས་པར་དུ་བཤད་དགོས་པ་དང་གཉེན་སྟོན་ཆོ་ག་ལ་ཆད་མི་ཆོག་ནི་ནས་ཆང་ཡིན།  གཏེར་མ་རོང་གི་ཕོ་མོ་རྒན་གཞོན་གང་ཡང་ཡིན་ན་རང་རང་ཁྱིམ་ནང་སྙོལ་བའི་ནས་ཆང་འཐུང་རྒྱུ་ལ་ཧ་ཅང་དགའ་བ།དེར་བརྟེན་གཉེན་སྟོནགྱི་སྔོན་དུ་གྲོང་མི་རྣམས་ཀྱིས་ཡོན་བདག་ཚང་ལ་ནས་ཆང་ལེགས་སྐྱེས་སུ་སྟེར་ནས་རྟེན་འབྲེལ་ཞུ་བ་སྲོལ་ཡོད།།

 

      ༤.  སྤུན་མཆེད་སྐྱེལ་བ།

      སྟོན་མོའི་ནངས་སྔ་ཡི་སྐྱ་རེངས་མ་ཤར་གོང་ལ་བག་མའང་མག་པའི་ཚང་དུ་ཟིང་ཟིང་ལིང་ལིང་བྱེད་པའི་སྒང་ཡིན།སྤྱིར་བཏང་དུ་བག་རོགས་མི་གྲངས་བརྒྱད་ནས་བཅུ་དགོས་པ།ཁོ་ཚོ་ཚང་མ་ནི་བག་མའང་མག་པའི་གཉེན་ཉེ་དང་གྲོགས་པོ་ཡིན། ཁ་ཚོས་སྐྲ་སླས་པར་དང་རྒྱན་གོས་སོགས་གཟབ་པར་སྤྲོས་ཏེ།  བག་མའི་ཨ་མས་བག་མ་ཁྲིད་དེ་རང་ཁྱིམ་གྱི་མཆོད་ཁང་དུ་མཆོད་མེ་སྒྲོན་པ་དང་ཕྱག་ཕུལ་ནས་མཆོག་གསུམ་ལ་རང་ཉིད་ཀྱི་མི་ཚེ་གང་པོར་མི་ལ་ནད་གཞི་དང་ཕྱུགས་ལ་གོད་ཀ་གང་ཡང་མེད།  ཀུན་གྱི་བྱ་བ་ལམ་འགྲོ་ཡང་པའི་སྐྱབས་འཇུག་ཡང་ཡང་ཞུས།བག་མ་མཆོད་ཁང་ནས་ཕྱིར་འོང་ན་ཁོ་གི་གཉེན་ཉེ་དང་གྲོགས་པོ་ཚོས་ཁོ་སྐོར་ནས་དབྱངས་རྟ་སྙན་ཞིང་འཇེབས་མོད་འོན་ཀྱང་སྡུག་པའི་ཚུལ་གྱིས་བག་ངུ་ལེན་སྲོལ་ཡོད།ལེན་ཞོག་དུ་ཁོ་ཚོས་བག་མ་དཀྱིལ་དུ་སྐོར་ནས་རང་ཁྱིམ་གྱི་མེ་གཞོང་སྐོར་གསུམ་རྒྱག་པ་ཡིན།  དེ་ཡང་བག་མས་རང་གི་ཕ་མའི་དྲིན་ལན་མི་བརྗེད་པའི་དོན་དང་ཁྱིམ་འདི་ལ་གཡང་འཁྱིལ་པའི་སྨོན་ལམ་དུ་ཡིན་ནོ། །  

       སྔོན་མར་རླངས་འཁོར་མེད་དུས་སྤུན་མཆེད་སྐྱེལ་སྐབས་རྟ་བཞོན་དགོས་པ། བག་མ་སྐྱེལ་མཁན་ནི་བག་རོགས་དང་བར་བ་མ་ཚད་ཡང་སྐྱེལ་མཁན་ཕོ་གསར་ཁ་ཤས་དང་བག་མ་བསུ་མཁན་མི་གཉིས་ནས་གསུམ་མི་གྲངས་མང་པོ་ཡོད།  ཕོ་གསར་ཚོས་རྟ་བཞོན་ཏེ་བག་མ་བག་རོགས་དཀྱིལ་ལ་བསྐོར་ནས་བར་བ་དང་ཕོ་གསར་དག་མཐའ་འཁོར་ནང་འགྲོ་བཞིན་ཡོད་པ་རེད།  བག་མ་ཡིན་གཅིག་མིན་གཅིག་སྐྱ་རེངས་མ་ཤར་གོང་ལ་སྐྱེལ་དགོས་དོན་ནི་བག་མ་རང་ཁྱིམ་ནས་སྒོར་བུད་དེ་གཉེན་ཚང་གི་ཁྱིམ་ལ་མ་སླེབས་པའི་ལམ་བར་དུ་ཟོ་སྟོང་པ་དང་།  སྣོད་སྟོང་པ་ཁྱེར་མཁན་སོགས་བཀྲ་མི་ཤིས་པ་དེ་དག་གཡོལ་པའི་ཆེད་དུ་ཡིན་པའི་བཤད་སྲོལ་ཡོད་དོ།།

 

 

   ༥.  བག་མ་བསུ་བ།

      བག་མ་བསུ་བ་ནི་གཉེན་སྒྲིག་གི་བྱ་བའི་ནང་ཧ་ཅང་གལ་ཆེ་པོ་ཞིག་ཡིན།  རྒྱུ་མཚན་ནི་འདིས་བག་མ་བསུ་མཁན་ཁྱིམ་གྱི་སྤྲོ་སེམས་དང་གུས་ཞབས་མཚམས་འདྲི་དཔལ་འབྱོར་གྱི་ནུས་ཤུགས་སོགས་མཚོན་ཐུབ་ཡོད།  ཉིན་འདིར་མག་པའི་ཁྱིམ་མི་ཡོངས་ནི་བྲེལ་འཚུབ་ཆེ་ཞིང་ལུས་ལ་རང་གཟབ་མཆོར་ལེགས་པར་སྤྲས་ནས་སྤྲོ་སེམས་འཁོལ་པོའི་ངང་ནས་བརྟེན་འབྲེལ་གྱི་གྲ་སྒྲིག་་ལེགས་པར་བྱེད་པ་མ་ཟད་ད་དུང་བག་མ་སྐྱེལ་མཁན་གྱི་རྟ་པ་རྣམས་ལ་ལམ་དཀྱིལ་དུ་ཚ་ཕོག་རྒྱག་པ་ཞེས་ཤ་མར་རྩམ་གསུམ་དང་ཇ་ཆང་སོགས་ཟས་རིགས་སྣ་ཚོགས་གྲ་སྒྲིག་བྱེད་དགོས།ཚ་ཕོག་ནི་རྟ་པ་རྣམས་ལམ་བར་དུ་ངལ་གསོའི་ས་ཚིགས་ཞིག་ཡིན་ལ་དེར་གནས་སྐབས་ཚ་ཕོག་རྒྱག་ས་ཁག་ལྔ་བཙུགས་ཏེ་མག་པའི་ཁྱིམ་གྱི་ཆུ་འཁྱེར་བུ་མོ་ལྔ་མངག་ཏེ་ས་ཚིགས་རེ་ལ་བུ་མོ་རེ་སྔོན་ལ་སོང་ནས་ས་ཁོད་སྙོམས་པོ་ཞིག་བཙལ་ནས་ས་གདན་དམར་པོ་རེ་འདིང་སྲོལ་ཡོད།  དེ་བཞིན་དུ་འོ་མ་དང་མར་ཇ།   ནས་ཆང་སོགས་གྲ་སྒྲིག་བྱས་ནས་བག་མ་སྐྱེལ་མཁན་གྱི་རྟ་པ་རྣམས་བསུ་མ་བྱེད་པ།དེའི་དགོས་པ་གཙོ་བོ་ནི་གཅིག་ནས་ཡོན་བདག་ཚང་གི་སྤྲོ་སེམས་དང་གཞུང་སེམས་དྲང་པོ་མཚོན་པ་དང་།  གཉིས་ནས་བོད་པའི་ཞིང་འབྲོག་གི་གྲོང་སྡེ་དག་གི་དུད་ཁྱིམ་ཁ་འཐོར་ཡིན་པས་ཕན་ཚུན་བར་ས་ཐག་རིང་བས་མགྲོན་པོ་རྣམས་ངལ་གསོ་བར་སྟབས་བདེ་ཡོང་བར་བྱེད་པ་རེད།  གནའ་མ་སྐྱེལ་མཁན་གྱི་རྟ་པ་རྣམས་སླེབས་དུས་གླུ་མ་ཚོས་དངུལ་ཕོར་ནང་ནས་ཆང་བཏེགས་ཏེ་བསུ་གླུ་བཏང་བ་དང་།  སྐྱེལ་མཁན་རྣམས་རྟ་ཐོག་ནས་འབབ་སྟེ་ཕན་ཚུན་མཚམས་འདྲི་ཞུ།མགྲོན་པོ་རྣམས་བཞུགས་གདན་དུ་བཞུགས་རྗེས་གླུ་མས་ཁ་བཏགས་འདྲེན་ཞིང་མཆོད་ཆང་བཀྱག་པ།  ལམ་བར་གྱི་ངལ་གསོའི་དུས་ཚོད་ནི་ཐུང་ངུ་ཞིག་ཡིན་རུང་གླུ་མ་ཚོའི་སྙན་པའི་གླུ་གཞས་ལ་རྫོགས་པ་མེད།  ཚ་ཕོག་ཀྱི་བྱེད་སྒོ་མཇུག་སྒྲིལ་རྗེས་གཞི་ནས་མག་པའི་ཁྱིམ་དུ་འབྱོར།སྒོ་འགྲམ་ན་མི་ཚོགས་འཐུག་པོ་གྱང་ཆེན་པོ་བཞིན་དུ་འགྱུར་ཟིན།  ཟབ་མཆོར་ལེགས་པར་སྤྲས་པའི་མི་ཚོགས་ཀྱི་ནང་གཞས་ཞབས་བྲོ་ལ་མཁས་པའི་ན་གཞོན་ཕོ་མོ་ཁ་ཤས་ཀྱི་ལག་དུ་ཁ་བཏགས་དང་ནས་ཆང་བླུགས་པའི་དངུལ་ཕོར་འཁྱེར་ཏེ་བསུ་གླུ་ལེན།  སྐྱེལ་མ་རྣམས་རྟ་ཐོག་ནས་རིམ་བཞིན་འབབ།  ཆང་དངུལ་ཕོར་གསུམ་མ་འཐུང་ན་སྒོ་རྭའི་ནང་འཛུལ་བར་དཀའ།  ཁོ་ཚོས་སྒོ་མོ་མ་འཛུལ་སྔོན་ལ་ཁང་སྟེང་ནས་མི་ཁ་ཤས་ཀྱིས་བཀྲ་ཤིས་གཡང་ཆུ་འཕོས་ཏེ“གཉེན་སྒྲིག་བྱེད་འདོད་ཡོད་དམ”ཞེས་དྲི་བ་འདོན།  ཞོལ་ན་ཡོད་པའི་མིས་སྐད་ཤུགས་ཆེན་པོས“བྱེད་འདོད་ཡོད་”ཞེས་ལན་བཏབ།    མགྲོན་པོ་རྣམས་རྒྱ་ཆེ་བའི་ཚོམས་ཆེན་དུ་འཛུལ་དུས་མགྲོན་བདག་གི་རྒན་རབས་གཉིས་བཞུགས་གྲལ་གྱི་མགོ་རུ་བཞུགས་པ་དང་།དེ་མིན་རྣམས་ན་ལོ་རྒན་གཞོན་གྱི་གོ་རིམ་ལྟར་བཞུགས་གྲལ་དུ་བསྡད་པ།  ཕྱོགས་གཉིས་ཀའི་མི་རྣམས་ངོ་སྤྲོད་བྱས་ཚར་རྗེས་མགྲོན་བདག་རྣམས་ཕན་ཚུན་མཚམས་འདྲི་དང་བཅས་པའི་རྗེས་སུ།བདག་པོས་གསོལ་ཇ་བསྲུབས་མ་དང་ཕྱུར་ར་རྩམ་པ་ནས་ཆང་སོགས་ཀྱིས་སྐྱེལ་མ་དག་ལ་སྣེ་ལེན་གཟབ་རྒྱས་ཞིག་བྱས་སོ། །  

 

༦. གཉེན་སྒྲིག་མཛད་སྒོ།

      གཉེན་སྒྲིག་ཆོ་གའི་བརྒྱུད་རིམ་ཚང་མ་ནང་གཉེན་སྒྲིག་གི་མཛད་སྒོ་ནི་འཁྲུག་ཤོས་ཀྱི་གནས་ཚུལ་གཅིག་ཡིན།ཕྱི་དྲོ་ཆུ་ཚོད་དྲུག་གི་ཡས་མས་ལ་རང་གི་སྡེ་མི་དང་གྲོང་གཞན་གྱི་གཉེན་ཉེ་སོགས་ཐག་རིང་གི་མགྲོན་པོ་ཡོངས་རྗོགས་གཉེན་ཚང་ལ་འཛོམས་པ་ཡིན།

       མགྲོན་པོར་བསུ་བར་མག་གསར་དང་གཉེན་ཚང་གི་སྐད་ངག་བདེ་བའི་མི་ཁ་ཤས་ཀྱིས་སྒོ་ཁར་སྒུག་ནས་མགྲོན་གླུ་གྱེར་ནས་བསུ་བ་བྱེད་དགོས།སྐབས་འདིར་གཉེན་ཚང་གི་ཁྱིམ་ནང་དུ་སྔར་ནས་གྲལ་སྒྲིག་སྟེ་ཇ་ཆང་གི་མཚོ་མོ་འཁྱིལ་བ་དང་།  ཀ་ར་སིལ་ཏོག་དང་ཤ་སོགས་ཀྱི་སྡེར་སྐལ་རི་རབ་བརྩིགས་ཡོད། གཉེན་ཚང་གི་ཆང་མ་གཞོན་ནུ་ཕོ་མོ་དག་གིས་སྟོན་མོའི་གྲལ་དུ་བཞུགས་པའི་མགྲོན་པོ་ཡོངས་ལ་ཇ་དང་ཆང་འདྲེན་ལ།མག་གསར་གྱི་ཨ་ཕས་ལག་ཏུ་ཁ་བཏགས་དཀར་པོ་ཞིག་བསྣམས་ནས་གྲལ་རེ་རེའི་གྲལ་འདབས་སུ་སོང་སྟེ་མགྲོན་པོ་རྣམས་ལ་ཇ་ཞིག་བཞེས་རོགས་ཞེས་སྐད་མཐོན་པོས་བརྗོད་པ།   སྟོན་མོ་ལ་གཉེན་ཚང་གིས་ཇ་ཐུན་བཞི་གྲ་སྒྲིག་བྱས་ཡོད།ཇ་ཐུན་དང་པོ་ནས་གཉིས་པ་ནི་གླུ་བ་དང་པོའི་གླུ་སྒོ་ཕྱེ་ནས་མགྲོན་པོ་ཡོངས་གླུ་ལེན་གར་རྩེད་བྱེད་ཡིན།ཇ་ཐུན་གསུམ་པ་ལ་གཉེད་ཉེ་དང་མགྲོན་པོ་ཡོངས་ཀྱིས་གཉེན་ཚང་ལ་ལེགས་སྐྱེས་ཕུལ་དགོས།དེ་ཡང་ལེགས་སྐྱེས་ཕུལ་བ་ལ་སྔོན་མ་ཨ་ཞང་ཚང་གི་ཨ་ཞང་གཙོ་བོ་ནས་འགོ་འཛིན་པ་རེད།ཨ་ཞང་ཚང་དང་མག་གསར་གྱི་གཉེན་ཉེའི་ལེགས་སྐྱེས་ནི་མགྲོན་པོ་ཡོངས་ལས་ཆེས་རྩ་ཆེ་བ་ཡིན།  ལེགས་སྐྱེས་ཕུལ་དུས་བཀྲ་ཤིས་པའི་གཏམ་དང་གཡང་འབོད་བྱེད་ཞོར་ཕུལ་བ་ཞིག་ཡིན།སྤྱིར་བཏང་དུ་མགྲོན་པོ་དག་གིས་ཇ་སྡེར་མ་གཅིག་དང་ཁ་བཏགས་རེ་ནི་ངེས་པར་དུ་གྲ་སྒྲིག་བྱེད་དགོས།  ཡང་རང་ཁྱིམ་གྱི་ཆ་རྐྱེན་དང་བསྟུན་ནས་སྒོར་མོ་སྟེར་ཆོག   ལེགས་སྐྱེས་ཕུལ་ཚར་དུས་མཚན་མོ་ཆུ་ཚོད་གཉིས་ཡས་མས་ཙམ་དུ་ཡོལ་ཟིན།དུས་འདིར་བག་མདང་མག་གསར་གཉིས་ཡིན་གཅིག་མིན་གཅིག་བཞུགས་གྲལ་འདུག་མི་དགོས་ལ།   ཕྱིར་ལོག་ནས་ཟས་བཟའ་བ་དང་ངལ་གསོ་བྱེད་ཆོག དེ་ཡང་ལེགས་སྐྱེས་ཕུལ་པའི་ཆོ་ག་མཇུག་རྫོགས་ལ་མགྲོན་པོ་རྣམས་གཉེན་ཚང་གི་སྨྲ་ལྕེ་བདེ་པའི་ཕོ་གསར་ཞིག་གིས་ཇ་བཤད་ལ་གསན་ཞོར་ཟས་རིགས་སྣ་ཚོགས་དང་གླུ་གར་ལ་གང་དགར་རོལ་པ་ཡིན།  ཇ་ཐུན་བཞི་པ་ནི་གཉེན་སྒྲིག་མཛད་སྒོ་མཇུག་རྫོགས་པའི་རྟགས་རེད།  མགྲོན་ཡོངས་ཀྱིས་ཟས་ཞིམ་པོ་དང་གླུ་ལེན་གར་རྩེད་ལ་ཡིད་ཚིམས་པ་ཞིག་རོལ་རྗེས་ཕྱིར་རང་ཁྱིམ་དུ་འགྲོ་བའི་གྲ་སྒྲིག་བྱས།འདིར་དུས་གཉེན་ཚང་གིས་ཞང་མགྲོན་ཚང་མ་ལ་རྫོངས་བ་ཕུལ་དགོས།ཡིན་ན་ཡང་སྟོན་མོའི་མགྲོན་པོ་ཁ་ཤས་དང་སྡེ་བའི་ཕོ་མོ་གཞོན་ནུ་ཚོས་མུ་མཐུད་དུ་གཉེན་ཚང་ནང་གླུ་ལེན་གར་རྩེད་ལ་རོལ་ཏེ་ཕྱི་ཉིན་སྐྱ་རེངས་ཤར་དུས་བར་དུ་རྩེད་སྲོལ་ཡོད་པ་རེད།

 

      མཇུག་གཏམ།

      གཉེན་སྟོན་གྱི་ཆོ་ག་དེ་ནི་དམངས་སྲོལ་རིག་གནས་ཀྱི་ཁོངས་སུ་གཏོགས་པའི་རིག་གནས་ཀྱི་སྣང་ཚུལ་ཞིག་ཡིན་པས་དེ་ལ་མི་རིགས་དང་ས་ཁུལ་གྱི་ཁྱད་ཆོས་ལྡན་པ་རེད།   མི་རིགས་དང་ས་གནས་ཀྱི་ཁྱད་པར་ཡོད་ཅིང་དེ་དག་ཚང་མ་གཞོན་ནུ་ཕོ་མོ་གཉིས་གཉེན་སྒྲིག་པར་རྟེན་འབྲེལ་ཞུ་པའི་ཆོ་ག་ཡིན་པས་ཡང་མཐུན་པའི་ཆའང་ཡོད་པར་འདོད།   ལྷག་པར་དུ་མི་རིགས་གཅིག་ཡིན་པས་གཉེན་སྟོན་ཐད་ཁྱད་པར་ཆེན་པོ་མེད།ས་གནས་སོ་སོའི་གཉེན་སྟོན་ཁྲོད་ཀྱི་ཆོ་ག་དག་ལ་དུས་ཀྱི་སྔ་རྗེས་ཡང་ན་སྤེལ་པའི་རྣམ་པ་བཅས་ཀྱི་ཆ་ནས་ཅུང་ཙམ་མི་འདྲ་ས་ཡོད་པ་རེད།དུས་དང་སྤྱི་ཚོགས་ཀྱི་འཕེལ་འགྱུར་དང་བསྟུན་ནས་ས་ཆ་མང་ཤོས་ཀྱི་གཉེན་སྟོན་གྱི་རྣམ་པ་དང་ཆོ་གའི་བརྒྱུད་རིམ་ཡང་འགྱུར་ཡོད།འོན་ཀྱང་གཏེར་མ་རོང་གི་ཐུན་མོང་མ་ཡིན་པའི་ས་བབ་གནས་ཚུལ་ཡང་ཡུལ་སྲོལ་གོམས་གཤིས་མི་དམངས་ཀྱི་བསམ་བློ་སོགས་དབང་གིས་གནའ་ནས་དར་པའི་གཉེན་སྒྲིག་གི་རྣམ་པ་དང་གཉེན་སྟོན་ཆོ་གའི་བརྒྱུད་རིམ་སོགས་འགྱུར་བ་ཆེན་པོ་མེད་པ།  དཔེར་ན།  གནའ་ནས་དར་བའི་ཁྱོ་ཅིག་ཤུག་མང་དང་ཤུག་ཅིག་ཁྱོ་མང་ཀྱི་རྣམ་པ་གཏེར་མ་རོང་ལ་དེང་དུས་ཀྱང་ལྡན་པ་རེད།   ད་དུང་གནའ་ནས་དེང་དུས་ཕ་མས་བཀོད་སྒྲིག་བྱས་པའི་གཉེན་སྒྲིག་མང་ཆེ་བས་རང་དབང་རང་འཐད་ཀྱིས་དགའ་རོགས་བསྒྲིགས་མཁན་ཧ་ཅང་ཉུང་བ།  གཉེན་སྒྲིག་ཆོ་གའི་བརྒྱུད་རིམ་ཚང་མའང་འགྱུར་བ་ཆེན་པོ་མེད་པ།  ཡིན་ན་ཡང་དུས་དང་སྤྱི་ཚོགས་ཀྱི་འཕེལ་རྒྱལ་དང་བསྟུན་ནས་རྗེས་སུ་དེ་དག་ཚང་མ་རིམ་བཞིན་འགྱུར་སྲིད་ཡོད།ངས་འདིར་གཏེར་མ་རོང་གི་གཉེན་སྟོན་གྱི་ཆ་ག་གོ་རིམ་དང་རྣམ་པ་སོགས་བྲིས་དགོས་རྒྱུ་མཚན་ནི་བོད་རིགས་མང་ཚོགས་རང་རང་གི་སྲོལ་རྒྱུན་རིག་གནས་མ་བརྗེད་པ་དང་སྲུང་སྐྱོང་བྱེད་དགོས་རེ་འདོད་ཡོད།   གཉེན་སྟོན་གྱི་ཆོ་ག་རིམ་ལྡན་ཆ་ཚང་ཞིག་སྤེལ་བ་ནི་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བའི་སྐུལ་འདེད་ཀྱི་ནུས་པ་གལ་ཆེ་ཐོན་བཞིན་ཡོད།   གཉེན་སྟོན་ཆོ་གའི་སྦྱོར་དངོས་རྗེས་གསུམ་གྱི་ཐད་ནས།   མི་རིགས་དེའི་རིག་གནས་གསལ་བོ་ངོམས་བཞིན་ཡོད།   སྲོལ་རྒྱུན་རིག་གནས་སྲུང་སྐྱོང་བྱེད་དགོས་ན། དང་ཐོག་དེ་ཉིད་དར་སྤེལ་གཏོང་དགོས།དེ་བས་བོད་རང་གི་ཐུན་མོང་མ་ཡིན་པའི་གཉེན་སྟོན་དང་བཅས་པའི་ཆོ་ག་དག་ཚུལ་ལྡན་གྱིས་སྤེལ་བ་ནི་དེ་དག་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཐབས་ལམ་ཆེས་བཟང་ཤོས་ཡིན་ནོ། །  

༼རྩོམ་པ་པོ། ཚེ་རིང་དབྱངས་སྒྲོན་ཡིན།  ཡུན་ནན་དགེ་འོས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མ།  དཀར་མཛེས་བོད་ཡིག་གསར་འགྱུར་ཁང་གིས་རྩོམ་ཡིག་འདོན་སྤེལ་བྱས།༽

 

རྩོམ་སྒྲིག་པ། (ཚེ་རིང་དོན་འགྲུབ།)