ངའི་དྲན་ཤེས་ཁྲོད་ཀྱི་འབྲོག་རའི་འཚོ་བ།
དབུ་ཤོག >> བོད་ཀྱི་རིག་གནས། >> རྩོམ་རིག >> དེང་རབས་རྩོམ་རིག
ངའི་དྲན་ཤེས་ཁྲོད་ཀྱི་འབྲོག་རའི་འཚོ་བ།
རྩོམ་པ་པོ། ཚེ་རིང་སྒྲོལ་མ། དུས་ཚོད། 2018-01-25 རྩོམ་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ། ཀློག་གྲངས། 668

         རྒྱལ་ཐང་ས་ཆར་ཞིང་ལས་དང་འབྲོག་ལས་ཀྱི་དབྱེ་བ་གསལ་པོ་མེད་དེ།            སྤྱིར་དུད་ཚང་གཅིག་གིས་ཞིང་ལས་དང་འབྲོག་ལས་གཉིས་ཀ་ལས་ཡོད་པ་དང་།  ཞིང་ལས་རྐྱང་རྐྱང་ལས་མཁན་ཡང་མང་པོ་འདུག    དེའི་ཕྱིར་རྒྱལ་ཐང་དུ་འབྲོག་པ་ཞེས་པའི་འབོད་སྲོལ་མེད་དེ་མང་ཆེ་བ་ནི་ཞིང་པས་དུས་ཚིགས་ལྟར་འབྲོག་ལས་བྱེད་པ་རེད།   རྒྱལ་ཐང་ས་ཆ་ནི་ས་བབ་ཅུང་མཐོ་བས་ཞིང་པ་ཚོས་ཕལ་ཆེར་ལོ་ལྟར་གྱི་སྤྱི་ཟླ་བཞི་པར་ཕྱུགས་ཡར་ས་མཐོ་སར་དེད་ནས་དཔྱིད་ཀ་དང་དབྱར་ཁར་འབྲོག་རར་སྡོད།   སྟོན་ཁར་ཞིང་ནང་གི་ལོ་ཏོག་བསྡུ་རྗེས་ཕྱུགས་མར་གྲོང་ཚོར་དེད་དེ་གནམ་གཤིས་གྲང་བའི་རིང་དུ་གྲོང་ཚོར་སྡོད་རེད།  དཔྱིད་ཀ་དང་དབྱར་ཁ་ཕྱུགས་ཡར་དེད་ནས་སྡོད་ས་དེ་ལ་འབྲོག་ར་ཞེས་འབོད།
         ངའི་དྲན་ཤེས་ཁྲོད་ཀྱི་འབྲོག་རའི་འཚོ་བ་ནི་ཧ་ཅང་སྐྱིད་པོ་ཡོད་དེ།  གཅིག་ནི་ང་རང་འབྲོག་རར་སྡོད་དུས་ལོ་ན་ཆུང་ཆུང་ཡིན་པས་ཉོན་སྒྲིབ་འདྲ་མི་འདྲ་མེད་པ་དང་།  གཉིས་ནི་འབྲོག་རར་འབྲོག་ལས་རྐྱང་རྐྱང་ལས་ཏེ་ཞོགས་ནུབ་གཉིས་ཅུང་འཚུབ་པ་ལས་དེ་འདྲ་ལས་རྒྱུ་མེད་པའི་རྐྱེན་གྱིས་རེད།
         དེ་ཡང་ངའི་དྲན་ཤེས་ཁྲོད་ཀྱི་འབྲོག་རའི་འཚོ་བ་གང་འདྲ་རེད་ཟེར་ན།  ང་འབྲོག་རར་སྡོད་དུས་ཨ་མྱེ་དང་ཨ་ཕྱི་གཉིས་དང་མཉམ་དུ་ཡོད་པས།  ཕལ་ཆེར་ཉིན་ལྟར་གྱི་ཞོགས་པའི་ཆུ་ཚོད་ལྔ་པར་ཨ་ཕྱིས་ཡར་ལངས་ནས་མེ་འབུད་དེ་ཕྱུགས་ཀྱི་ལྟོ་ཆས་གྲ་སྒྲིག་བྱེད་དགོས།  དེ་ནས་ནམ་གསལ་མ་ཐག་ཨ་ཕྱིས་འོ་མ་བཞོ་བ་དང་ཨ་མྱེས་ཕག་ལ་ལྟོ་སྟེར་བ་སོགས་ཀྱི་ལས་ཀ་ལས་འགོ་བརྩམས་པ་རེད། 
         ང་ཚོས་འབྲོག་རའི་ཞོགས་པའི་ལས་ཀ་འདི་དག་ལ་ཁ་སྐད་དུ་ཞོགས་འགུལ་ཞེས་འབོད་ཀྱི་ཡོད་པ་རེད།  ཞོགས་འགུལ་རྫོགས་ཏེ་ཕྱུགས་སོགས་ཐང་དང་རིར་དེད་རྗེས་ད་གཟོད་ངེད་གསུམ་གྱིས་ཞོགས་ཇ་འཐུང་བ་དང་།  དེའི་རྗེས་སུ་ཨ་ཕྱིས་འོ་མ་དཀྲུགས་པ་དང་ཨ་མྱེ་དང་ངེད་གཉིས་ཀྱིས་མེ་ཤིང་འཐུ་འགྲོ་བ་དང་།  དབྱར་ཁ་ཡིན་ན་ཤྭ་མོ་འཐུ་རུ་འགྲོ   སྐབས་འགར་ད་དུང་ཨ་མྱེས་གདན་བཟོ་སའི་སྨྱུག་ལོ་འཐུ་འགྲོ་བ་རེད། ཕྱི་དྲོ་སླེབས་དུས་ཨ་ཕྱིས་འབྲོག་གྲོགས་ཀྱི་ཨ་ཕྱི་གཞན་དང་མཉམ་དུ་ཐགས་འཐག་པ་དང་ཨ་མྱེ་དང་ངེད་གཉིས་སྤང་དང་རི་ནང་འཆམ་འཆམ་འགྲོ་བའི་དུས་ཚོད་མང་།  སྐབས་དེར་ཁ་པར་འདྲ་བའི་ཚན་རྩལ་ཅན་གྱི་དངོས་པོ་ནི་འབྲོག་རར་གཏན་ནས་ཡོད་མི་སྲིད་པས།  མི་རྣམས་དང་རང་བྱུང་ཁམས་བར་འབྲེལ་ཐུག་བྱས་པའི་དུས་ཚོད་མང་པོ་ཡོད།  ཕལ་ཆེར་ཕྱི་དྲོའི་ཆུ་ཚོད་བཞི་པར་ཕྱུགས་ཚོགས་ཚུར་རུག་ནས་ཁྱིམ་འགྲམ་བསྡུས་ཡོང་བས་ངེད་གསུམ་ཡང་བྲེལ་འཚུབ་ཀྱི་ལས་འགོ་བརྩམས་དགོས།  ཕྱི་དྲོའི་ལས་ཀ་དེ་ཞོགས་པ་དང་ཕལ་ཆེར་འདྲ་ལ།   དམིགས་གསལ་ཅན་གཅིག་ཡོད་པ་ནི་ངས་ཤིང་ཟོ་ཞིག་ཁུར་ནས་ཆུ་ལེན་འགྲོ་སྟེ་ཉིན་ལྟར་ཕལ་ཆེར་ཆུ་ཟོ་ལྔ་དྲུག་ཁུར་དགོས་པ་རེད།  འབྲོག་རའི་ལས་ཀ་ནི་ཉིན་བཞིན་འདྲ་མཚུངས་ཡིན་པས་ཟླ་གསུམ་བཞི་འབྲོག་རར་སྡོད་ཀྱང་བྱ་བ་གསར་པ་ཡོད་མི་སྲིད།  
         ངའི་དྲན་ཤེས་ཁྲོད་ཀྱི་འབྲོག་རའི་འཚོ་བ་ནི་དུས་རབས་དང་ཚན་རྩལ་དེ་འདྲ་དར་མེད་པའི་དུས་ཡིན་ལ།  དེང་སྐབས་ཀྱི་འབྲོག་ར་ཐོག་ཏུ་འཕྲུལ་ཆས་འདྲ་མིན་སྣ་ཚོགས་བྱུང་འདུག   དཔེར་ན་ཉི་འོད་གློག་སྒྲོན་དང་འོ་མ་བཀྲུག་སའི་འཕྲུལ་ཆས་ལ་སོགས་ཡོད་པ་དང་།   འཕྲུལ་ཆས་དེ་དག་གིས་འབྲོག་ར་ཐོག་གི་མི་རྣམས་ཀྱི་འཚོ་བ་ལ་སྟབས་བདེ་པོ་བསྐྲུན་འདུག    དེང་སྐབས་འབྲོག་ར་ཐོག་འགྲོ་བའི་མི་རྣམས་ལ་ཚོར་སྣང་གང་འདྲ་ཡོད་པ་དེ་ངས་མི་ཤེས་མོད།   འོན་ཀྱང་ང་རང་ཆུང་དུས་ཀྱི་འབྲོག་རའི་འཚོ་བ་ནི་རང་ཉིད་ཀྱི་མི་ཚེ་ཧྲིལ་པོའི་ཆེས་སྐྱིད་ཤོས་ཀྱི་དུས་སྐབས་ཤིག་ཡིན་ལ།  དུས་སྐབས་དེ་ནི་སེམས་ཀྱིས་རྟོགས་པ་ཙམ་ལས་ཚིག་གིས་བརྗོད་ཐབས་བྲལ་བ་ཞིག་འདུག   

རྩོམ་སྒྲིག་པ། (པདྨ་མཚོ།)