ངེད་ཚང་གི་ཁྱི་གུ།
དབུ་ཤོག >> བོད་ཀྱི་རིག་གནས། >> རྩོམ་རིག >> དེང་རབས་རྩོམ་རིག
ངེད་ཚང་གི་ཁྱི་གུ།
རྩོམ་པ་པོ། ལྷ་ལུང་རྒྱ་མཚོ། དུས་ཚོད། 2018-01-25 རྩོམ་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ། ཀློག་གྲངས། 661

        ངེད་ཚང་ལ་སྙིང་རྗེ་ཞིང་གཅེས་ན་འདོད་པའི་ཁྱི་གུ་ཞིག་ཡོད་ཅིང་།  དེ་ནི་ལོ་འགའི་སྔོན་དུ་ཨ་ཁུས་འབྲོག་ཕྱོགས་ནས་ཁྱིམ་སྲུང་ལ་འཁྲིད་ཡོང་བ་ཞིག་ཡིན།   སྙིང་རྗེ་བའི་ཁྱི་གུ་འདིའི་གཤིས་རྒྱུད་ངོ་མ་ཡ་མཚན་ཅན་ཞིག་ཡིན་ཏེ།   སྐབས་འགར་གཡུང་མོ་ཞིག་ཡིན་ལ་ཁྱི་ཁང་ནང་དུ་ཉལ་ནས་ལས་ཅི་ཡང་མི་བྱེད།   མཚམས་རེར་མི་ཆ་མེད་ཅིག་མཐོང་ཚེ་རྒོད་ཅིང་བཙན་པོ་ཞིག་ཏུ་གྱུར་ནས་རྒྱུན་མི་ཆད་པར་སྐད་སྒྲོག་པར་བྱེད།   ཡིན་ན་ཡང་ཁྱི་གུས་ང་རང་མཐོང་བ་ན་དགའ་བའི་རྣམ་འགྱུར་བསྟན་ནས་རྔ་མ་དང་མགོ་བོ་ཕར་གཡུག་ཚུར་གཡུག་བྱས་ཏེ་ཡང་ཁྱི་གཡུང་མོ་ཞིག་ཏུ་འགྱུར། 
         གློ་བུར་བྱི་ལ་རེ་མཐོང་བ་ན་སྐད་ཆེན་པོ་སྒྲོག་ནས་ཕར་བདའ་ཚུར་བདའ་བྱེད།  ཉིན་དཀར་གྱི་དུས་ལ་ཁྱི་གུ་ནི་ཁྱིམ་གྱི་ཉེ་སར་མྱུལ་ནས་རོགས་པ་བཙལ་བ་དང་རྩེད་མོ་རྩེས་པ་སོགས་བྱས་ནས་ཕྱིར་ལོག་པ་ཅུང་ཉུང་།   དགོང་མོའི་དུས་སུ་སླེབས་པ་ན་ད་གཟོད་ཁྱིམ་ལ་ལོག་པ་རེད།    དགའ་འོས་པ་ཞིག་ལ་ང་རང་སྔ་མོར་སློབ་གྲྭར་སོང་ནས་ཕྱིར་ལོག་དུས་ཁྱི་གུས་རྒྱུན་པར་ལམ་འགྲམ་ན་ང་ལ་སྒུག་ནས་བསྡད་ཡོད།   ཁོ་རྒྱུག་ན་མགྱོགས་ཤིང་རྩལ་ཡང་ཆེ་བས་དབྱར་གཞུང་གི་སྐབས་སུ་ལུག་རྫི་སོང་དུས་སྟབས་འགྲིག་པ་ཡིན་ན་རི་བོང་ཡང་མཆོང་ཐེངས་གཅིག་གིས་འཛིན་ཐུབ་པ་རེད།  
         མཚམས་རེར་སེམས་པ་མི་སྐྱིད་དུས་ཁྱི་གུས་ང་མཐོང་བ་ན་ཚུར་རྒྱུག་ཡོང་སྟེ་ངའི་འགྲམ་ནས་ཕར་འཁོར་ཚུར་འཁོར་དང་ཡར་ལྡིང་མར་ལྡིང་བྱས་ནས་རྩེད་མོ་རྩེས་ཏེ་ངའི་ཡིད་ཀྱི་སྐྱོ་སྣང་དེ་ཡང་ཤེས་མེད་ཚོར་མེད་ཀྱི་ངང་ནས་སེལ་བར་བྱེད། མཚམས་རེར་དགོང་མོའི་དུས་སུ་ཡང་མི་ཉལ་བར་ར་བའི་ནང་སྐོར་ནས་སྐད་ཅོར་བརྒྱབ་སྟེ་ཕར་རྒྱུག་ཚུར་རྒྱུག་བྱེད་ན་ཡང་། ཁོ་ནི་ངའི་བློ་གཏད་ཆོག་པའི་གྲོགས་པོ་ཞིག་ཡིན་པས་ངས་ཁོ་ལ་གཅར་རྡུང་དང་སྡིགས་མོ་བྱེད་ག་ལ་རུང་།    
         ཁྱི་གུས་གཞན་གྱིས་བྱིན་པའི་ཟ་མ་མི་ཟ།   ང་དང་ཁྱིམ་མིས་ཟ་མ་བླུད་པ་ན་ཁོས་ཡིད་ཚིམ་པ་ཞིག་ཟ་བ་རེད།   ཁྱིམ་ན་མི་མེད་དུས་ཁོའི་མི་ཆ་མེད་གཏན་ནས་ཁྱིམ་དུ་འགྲོ་རུ་མི་འཇུག་པར་ཟུག་སྐད་ལ་མཚམས་འཇོག་མེད།    ནར་སོན་པའི་གོ་རིམ་ཁྲོད་ང་དང་ཁྱི་གུའི་བར་ལ་ལྷད་མེད་ཀྱི་བརྩེ་སེམས་ཤིག་ཆགས་ཡོད།  དྲང་མོར་བཤད་ན་ན་མཉམ་ཚོའི་ཁྲོད་ན་ང་ལ་གྲོགས་པོ་མང་པོ་ཡོད།  དམིགས་བསལ་གྱི་གྲོགས་པོ་ཆུང་ཆུང་འདིའི་ལུས་སྟེང་ནས་བདག་གིས་བློ་དཀར་གཞུང་དྲང་གི་བརྩེ་སེམས་དང་དཔའ་མི་ཞུམ་པའི་སྙིང་སྟོབས་སོགས་གནས་ལུགས་མང་པོ་ཞིག་ལ་རྒྱུས་ལོན་བྱེད་ཐུབ་པ་བྱུང་།

རྩོམ་སྒྲིག་པ། (པདྨ་མཚོ།)