དབུ་ཤོག >> སྐྱེ་ཁམས་ཡུལ་སྐོར། >> སྐྱེ་ཁམས་སྲུང་སྐྱོང་།
ས་མཐོའི་ཁྲུང་ཁྲུང་སྐེ་ནག་གི་བདེ་སྐྱིད་འཚོ་བ།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-02-13 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 659

     བོད་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ནི་ཁྲུང་ཁྲུང་སྐེ་ནག་རང་བྱུང་སྲུང་སྐྱོང་ཁུལ་གྲགས་ཅན་ཞིག་ཡིན། ལོ་རེའི་ཟླ་10པའི་ཟླ་དཀྱིལ་ནས་བཟུང་། དགུན་སྐྱེལ་གྱི་ཁྲུང་ཁྲུང་སྐེ་ནག་མང་པོ་ཞིག་ས་ཆ་འདིར་གནས་སྤོ་བཞིན་ཡོད་པ་རེད། གཞི་གྲངས་ལྟར་ན། 2017ལོའི་ཟླ་12པར། ལྷུན་གྲུབ་རྫོང་དུ་ཁྲུང་ཁྲུང་སྐེ་ནག་གི་གྲངས་ཀ་1700ཡས་མས་སུ་བརྟན་འཇགས་གནས་ཐུབ་ཡོད་ལ། མང་ཤོས་དུས་སུ་2000ཡས་མས་ཟིན་གྱི་ཡོད་ལ། ཁྲུང་ཁྲུང་སྐེ་ནག་གི་ཁྱུ་ཆེས་ཤོས་ནི་400ནས་500ཙམ་ཡིན་པ་རེད།

 


     ལྷུན་གྲུབ་རྫོང་གི་ཁྲུང་ཁྲུང་སྐེ་ནག་རང་བྱུང་སྲུང་སྐྱོང་ཁུལ་ནི་1993ལོར་དངོས་སུ་བཙུགས་ཤིང་། 2003ལོར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་གྱུར་པ་རེད། སྲུང་སྐྱོང་ཁུལ་ནི་གཙོ་བོ་ལྷུན་གྲུབ་རྫོང་ལྷོ་རྒྱུད་ཀྱི་ཤང་ལྔ་དང་གྲོང་རྡལ་གཅིག་བཅས་འདུས་ཡོད། ད་ལྟ། ལྷུན་གྲུབ་རྫོང་དུ་དགུན་སྐྱེལ་གྱི་ཁྲུང་ཁྲུང་སྐེ་ནག་འཚོ་གནས་བྱེད་ཡུལ་གཙོ་བོ་ནི་རྫོང་གི་ལྷོ་རྒྱུད་ཁྱབ་ཁོངས་ཀྱི་མཁར་རྩེ་ཆུ་མཛོད་དང་སྟག་མགོ་རི་བོའི་ཆུ་མཛོད་གཉིས་ཀྱི་ཁུལ་ཡིན་ལ། ཉིན་མོ་ཆུ་མཛོད་གཉིས་ཀྱི་ཉེ་འཁོར་གྱི་འཕན་ངན་ཆུའི་ལུང་གཞུང་དང་མཚོ་སྟོད་ལུང་གཞུང་དུ་ཟས་འཚོལ་བ་རེད།
     ཁྲུང་ཁྲུང་སྐེ་ནག་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་ཀྱི་བདག་མེད་སྲོག་ཆགས་ཡིན་ལ། འདི་ནི་མཐོ་སྒང་གི་ཁྱད་ལྡན་ཁྲུང་ཁྲུང་རིགས་དང་འཛམ་གླིང་གི་སྟོངས་ཉེའི་སྲོག་ཆགས་གྲས་སུ་གཏོགས་པ་རེད། ཁྲུང་ཁྲུང་སྐེ་ནག་ནི་ཀྲུང་གོ་དང་། རྒྱ་གར། འབྲུག་ཡུལ། བལ་ཡུལ་སོགས་རྒྱལ་ཁབ་ཏུ་ཡོད་པ་རེད། 2003ལོརརྒྱལ་སྤྱིའི་ཐོག་ཁྲུང་ཁྲུང་སྐེ་ནག་འདི་རིགས་འཕྲལ་སྡོམ་མྱུར་སྐྱོབ་དགོས་པའི་སྟོངས་ཉེའི་སྲོག་ཆགས་གྲས་སུ་བཅུག་པ་རེད། ཁྲུང་ཁྲུང་སྐེ་ནག་ནི་མཐོ་སྒང་གི་སྐྱེ་ཁམས་འགྱུར་ལྡོག་གི་ཕྱོགས་སྟོན་སྲོག་ཆགས་གྲས་ཡིན་ལ། འཚོ་གནས་ས་ཆ་ནི་ས་བབ་མཐོ་ཚད་སྨི་2500ནས་5000ཟིན་པའི་བར་གྱི་མཐོ་སྒང་གི་སྤང་ཐང་དང་ན་འདམ་དུ་འཚོ་བ་དང་། 1989ལོར། ཀྲུང་གོས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་བདག་མེད་སྲོག་ཆགས་གྲས་སུ་བཅུག་པར་མ་ཟད། 1997ལོར་《སྟོངས་ཉེའི་བདག་མེད་སྲོག་ཆགས་དང་སྐྱེ་དངོས་གྲས་ཀྱི་རྒྱལ་སྤྱིའི་ཉོ་འཚོང་སྤྱི་ཆིངས་》སུ་བཅུག་པ་རེད།

 

 

 

རྩོམ་སྒྲིག་པ། (ཚེ་རིང་དོན་འགྲུབ།)