འབྲུ་རིགས་དང་སྒོ་ཁྱི།
དབུ་ཤོག >> བོད་ཀྱི་རིག་གནས། >> རྩོམ་རིག >> གནའ་རབས་བརྩམས་ཆོས།
འབྲུ་རིགས་དང་སྒོ་ཁྱི།
རྩོམ་པ་པོ། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། དུས་ཚོད། 2018-02-21 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 973

བསྐལ་པ་ཡ་ཐོག་གི་དུས་སུ་མི་རྣམས་ཀྱི་འཚོ་བར་ལོངས་སྤྱོད་ཆེན་པོ་ཡོང་ཆེད། སྟེང་ལྷ་ཡི་ཡུལ་ནས་འཇིག་རྟེན་མི་ཡུལ་ལ་མ་རྨོས་ལོ་ཏོག་ཅེས་པའི་ འབྲུ་རིགས་ཀྱི་ས་བོན་གནང་ངོ་། །དེར་ཞིང་རྨོ་བ་དང་ལུད་རྒྱག་པ། ཆུ་གཏོང་བ་སོགས་འདེབས་ལས་གཏན་ནས་བྱེད་མི་དགོས་པར། འབྲུ་རྡོག་གཅིག་ལ་མྱུ་གུ་མང་པོ་སྐྱེ་བ་དང་། ལོ་ཏོག་སྡོང་རྐང་གཅིག་ལའང་ཚིགས་རེ་རེའི་མཚམས་ནས་སྙེ་མ་འགའ་རེ་ཤར་བ། སྙེ་མ་ཡང་ཕྲུ་གུ་ལོ་བརྒྱད་ཀྱི་གཟུགས་ཚད་ཙམ་དང་། འབྲུ་རྡོག་ཀྱང་བྱ་སྐྱུང་ཀའི་སྒོ་ང་ཙམ་ཡོད་པར་གྲགས། དེའི་དུས་སུ་འབྲུ་རིགས་རྫོགས་པའི་སེམས་ཁྲལ་གཏན་ནས་བྱེད་དགོས་མེད་སྟབས། མི་རྣམས་ཀྱིས་འབྲུ་རིགས་ལ་ཕངས་སེམས་བྱ་རྒྱུ་ལྟ་ཅི། བག་མེད་ལོངས་སྤྱོད་དང་ཆུད་ཟོས་ཚད་མེད་གཏོང་འགོ་ཚུགས་ཤིང་། ཐ་ན་སྤགས་ལྡག་གོང་འབེན་ལ་འཛུགས་པ་དང་། བག་ལེབ་ཀྱི་རྡོ་གོར་འཕེན་པ་སོགས་བཟའ་ཆས་ཀྱིས་རྩེད་མོ་རྩེ་ཆས་བྱས་ནས་མི་ཚེ་སྐྱེལ་བཞིན་ཡོད།

ནམ་མཁའི་མཐོངས་ནས་ལྷ་རྣམས་ཀྱིས་འགྲོ་བ་མིའི་སྤྱོད་ངན་དེ་རྣམས་གཟིགས་རྗེས། ཐུགས་ཧ་ཅང་ཁྲོས་ཤིང་ལྷ་ཡི་རྒྱལ་པོས་འཕྲལ་དུ་མི་ཡུལ་ལ་ཕེབས་ནས། འཇིག་རྟེན་མི་རྣམས་ཀྱིས་འབྲུ་རིགས་ལ་གཅེས་སྤྲས་མེད་པར་ཆུད་ཟོས་གཏོང་གི་འདུག་པས། ཁོ་ཚོར་སྣ་བསུན་ཞིག་མ་སྤྲད་ན་གཏན་ནས་ཡོང་བ་མི་འདུག་ཅེས་གསུངས་མ་ཐག འབྲུའི་སྙེ་མ་རྣམས་རེ་རེ་བཞིན་ལྷ་གྲི་རྣོན་པོས་གཅོད་བཞིན་ནམ་མཁར་འཁྱེར་བའི་སྐབས། སྒོ་ཁྱིའི་བསམ་པར། ད་ནི་དཔེ་བསགས་སོང་། འབྲུ་སྙེ་མ་ཚང་མ་ལྷ་ཡིས་བསྡུས་ན་རྗེས་སུ་མི་ཡུལ་དུ་འབྲུ་རིགས་ཀྱི་མིང་ཙམ་ལས་ལྷག་པ་མི་འདུག་སྙམ་སྟེ། འཕྲལ་དུ་ལྷའི་རྒྱལ་པོ་ལ་སྙེ་མ་གཅིག་རང་ང་ཡི་སྐལ་བར་འཇོག་རོགས་གནང་། ང་རང་ཁྱི་རྒན་མི་ཡུལ་དུ་སླེབས་པ་ནས་བཟུང་འབྲུ་རིགས་ལ་བག་མེད་ལོངས་སྤྱོད་གཏན་ནས་བྱེད་མ་མྱོང་ཞེས་ཞུ་བ་ཡང་ཡང་འཐེན། ལྷའི་རྒྱལ་པོས་སྒོ་ཁྱི་དེའི་དྲང་གཞག་གི་སྐད་ཆ་གསན་རྗེས་སྙིང་རྗེ་དགོངས་ཏེ། སྡོང་རྐང་གཅིག་གི་རྩེ་མོར་ཡོད་པའི་སྙེ་མ་གཅིག་རལ་གྲིས་བཅད་དེ་ཁྱི་དེར་སྟེར་བས། མི་ཡུལ་དུ་འབྲུ་རིགས་རྩ་མེད་མ་སོང་ཙམ་ཞིག་བྱུང་། དེ་ནས་བཟུང་མི་རྣམས་ཀྱིས་སྒོ་ཁྱིའི་བཀའ་དྲིན་གྱིས་འཇིག་རྟེན་མི་ཡུལ་དུ་ད་ལྟའི་འབྲུ་རིགས་འདི་རྣམས་ལྷག་བསྡད་པ་རེད་ཅེས་ཤོད་སྲོལ་ཕ་གཏམ་བུ་འཇགས་སུ་གྱུར།

དུས་དེ་ནས་བཟུང་། བོད་མིའི་གོམས་སྲོལ་ལ་འབྲུ་རིགས་དང་བཟའ་བཅས་རྩེད་མོ་རྩེད་ཆས་བྱེད་སྲོལ་གཏན་ནས་མེད་ཅིང་། ཁྱིམ་ཚང་གི་འཚོ་བ་ཇི་ཙམ་དབུལ་ནའང་། སྒོ་ཁྱི་ལྟོགས་པར་འཇོག་པའི་ལུགས་སྲོལ་མེད། དེ་ནི་སྒོ་ཁྱིའི་བཀའ་དྲིན་ལ་བསམ་ཤེས་དང་དྲིན་ལན་འཇལ་བ་ཞིག་དང་། ལས་རྒྱུ་འབྲས་ལ་སྲུང་བརྩི་ཞུས་པ་ཡིན་ཞེས་གྲག་གོ

 

རྩོམ་སྒྲིག་པ། (ཚེ་རིང་དོན་འགྲུབ།)