དབུ་ཤོག >> སྐབས་དོན་གསར་འགྱུར། >> རྒྱལ་ཕྱི་ནང་གསར་འགྱུར།
ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་པ་འུ་ཏ་ཅིན་གྱིས་ཀྲུང་གོའི་འཐུས་མི་
རྩོམ་པ་པོ། མི་གསལ། དུས་ཚོད། 2018-02-25 རྩོམ་ཁུངས། ཀྲུང་གོའི་རླུང་འཕྲིན་དྲ་བ། ཀློག་གྲངས། 1319

        སྤྱི་ཚེས་༢༢ཉིན་གྱི་དགོང་མོར།ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་སྨིད་༥༠༠རྒྱུག་ཐུང་འཁྱགས་ཤུར་གྱི་མཐའ་མའི་འགྲན་བསྡུར་ཁྲོད།ཀྲུང་གོའི་ལུས་རྩལ་པ་འུ་ཏ་ཅིན་གྱིས་སྐར་ཆ་༣༩དང་སྐར་ཆུང་༥༨༤གྲུབ་འབྲས་ཀྱི་ཐོག་ནས་ཨང་དང་པོ་བླངས་པ་མ་ཟད།ཁོང་རང་ཉིད་ཀྱིས་གསར་གཏོད་བྱས་པའི་འཛམ་གླིང་གི་ཟིན་ཐོ་བཏོད་ནས།ཀྲུང་གོའི་འཐུས་མི་ཚོགས་པར་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐེངས་དང་པོ་དེ་བླངས་ཡོད་པ་དང་།དེ་ཡང་ཀྲུང་གོའི་རྒྱུག་ཐུང་འཁྱགས་ཤུར་རུ་ཁག་གིས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་ཐོག་བླངས་པའི་སྐྱེས་པའི་རྣམ་གྲངས་ཀྱི་གསེར་གྱི་རྟགས་མ་ཐེངས་དང་པོ་དེ་ཡང་ཡིན་པ་རེད།

        སྤྱི་ཚེས་༢༢ཉིན། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་།ཀྲུང་ཧྭ་རྒྱལ་ཡོངས་ལུས་རྩལ་སྤྱི་ཁྱབ་ཚོགས་པ།ཀྲུང་གོའི་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་གློག་འཕྲིན་བཏང་ནས་འུ་ཏ་ཅིན་གྱིས་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་གསེར་གྱི་རྟགས་མ་དང་པོ་དེ་བླངས་པར་བཀྲ་ཤིས་བདེ་ལེགས་ཞུས་གནང་ཡོད་པ་རེད།             

གློག་འཕྲིན་ནང་།རང་རྒྱལ་གྱི་རྒྱུག་ཐུང་འཁྱགས་ཤུར་ལུས་རྩལ་པ་འུ་ཏ་ཅིན་གྱིས་སྐབས་༢༣པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་སྨིད་༥༠༠རྒྱུག་ཐུང་འཁྱགས་ཤུར་གྱི་འགྲན་བསྡུར་ཁྲོད། དཔའ་ངར་ཞུམ་མེད་ཀྱི་བློ་སྟོབས་དང་། རྩེར་སོན་གྱི་འགྲན་རྩལ་ཆུ་ཚད། དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་བཅས་ཀྱི་ཐོག་ནས།རྣམ་གྲངས་དེའི་འཛམ་གླིང་གི་ཟིན་ཐོ་དང་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་ཟིན་ཐོ་གསར་པ་བསྐྲུན་པ་མ་ཟད།རང་རྒྱལ་གྱི་ལུས་རྩལ་འཐུས་མི་ཚོགས་པར་སྐབས་འདིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་དང་པོ་དེ་བླངས་ནས། མི་རིགས་ཀྱི་སྙིང་སྟོབས་ཆེས་ཆེར་འཕེལ་བ་དང་། རྒྱལ་ཁབ་དང་མི་དམངས་ལ་གཟི་བརྗིད་མཚན་སྙན་བསྐྲུན་ཡོད་པས། འདི་གར། ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་ཆེས་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།

 

རྩོམ་སྒྲིག་པ། (པདྨ་མཚོ།)