དབུ་ཤོག >> སྐབས་དོན་གསར་འགྱུར། >> བོད་ཁུལ་གསར་འགྱུར།
མཚོ་སྔོན་བིས་མདོ་བོད་རིགས་ཞང་གིས་སྐབས་བཅོ་བརྒྱད་པའི་མཐུན་སྒྲིལ་བུམ་པ་རྟགས་མའི་ལྒང་ལི་འགྲན་སྡུར་གྱི་བྱ་འགུལ་སྤེལ་བ།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-02-26 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས། 3575

    མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་རྫོང་བིས་མདོ་བོད་རིགས་ཞང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་གནང་ཞིང་། ཞོན་ཧྭ་རྫོང་རིག་གནས་ཡུལ་སྐོར་ལུས་རྩལ་ཅུའུ་ཡིས་རོགས་སྒྲུབ་དང་བིས་མདོ་ཞང་ཉ་གཤོང་སྡེ་བའི་ཨུ་ཡོན་ལྷན་ཁང་གིས་འགན་སྒྲུབ་གནང་བའི་བིས་མདོ་བོད་རིགས་ཞང་གི་སྐབས་བཅོ་བརྒྱད་པའི་མཐུན་སྒྲིལ་བུམ་པ་རྟགས་མའི་ལྒང་ལི་འགྲན་སྡུར་གྱི་བྱ་འགུལ་མཛད་སྒོ་དེ་ཟླ2པའི་ཚེས24ཉིན་ཞོན་ཧྭ་བོད་ཡིག་སློབ་འབྲིང་གི་རྩལ་སྦྱོང་ར་བ་ནས་གཟབ་རྒྱས་ངང་བསྡུས།
    མཛད་སྒོའི་སྟེང་རྫོང་གི་འབྲེལ་ཡོད་འགོ་ཁྲིད་དང་ཕྱོགས་ཡོངས་ནས་ཕེབས་པའི་ལྟད་མོ་བ་ཁྲི་ལྔ་ལྷག་ཞུགས་ཏེ་ལོ་སར་གྱི་རྣམ་པས་ཁེངས་པའི་རིག་རྩལ་འཁྲབ་སྟོན་གྱིས་མདུན་བསུས་ཏེ་བྱ་འགུལ་གྱི་ཡོ་ལང་རྣམ་པར་རྒྱས།
    སྐྱིད་ཀྱི་གནམ་ལོ་གསར་བའི་བཀྲ་ཤིས་དགའ་འཛོམས་ཀྱི་དུས་སྐབས་བཟང་བོ་འདི་དང་བསྡོངས་ནས་ཞོན་ཧྭ་རྫོང་གིས་ད་ལྟའི་བར་དུ་ལྒང་ལི་འགྲན་སྡུར་གྱི་བྱ་འགུལ་འདི་ཉིད་རྒྱུན་བསྲིངས་ནས་ལོ་རེར་ཐེངས་རེར་སྤེལ་བཞིན་ཡོད་ལ། འདི་ལྟ་བུའི་བྱ་འགུལ་རིགས་ཀྱིས་དམངས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་དང་དམངས་ཡོངས་ཀྱི་ལུས་ཁམས་བདེ་ཐང་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་བར་དགེ་མཚན་བླ་ལྷག་ལྡན།
    ཏང་གི་སྲིད་ཇུས་བཟང་བོའི་བཀའ་དྲིན་དང2017ལོར་བིས་མདོ་ཞང་གིས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་དེ་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་དུས་སྐབས་བཟང་བོ་འདིར་བསྟུན་ནས་དམངས་ཡོངས་མཉམ་ཞུགས་དང་། ལས་སྐྲུན་གསར་གཏོད། མཐུན་སྒྲིལ་གཙོ་གནད་དུ་བཟུང་བའི་ད་རེབ་ཀྱི་བྱ་འགུལ་འདི་ནི་ལོ་སྔོན་མ་དང་བསྡུར་ན་གཞི་རྒྱ་ཆེ་ཞིང་ནང་དོན་ཕུན་སུམ་ཚོགས་པའི་འགྲན་སྡུར་གྱི་རྣམ་པ་ཞིག་ཏུ་ཆགས་འདུག་པས། བྱ་འགུལ་འདིར་བསྟུན་ནས་ཞོན་ཧྭ་ས་ཆའི་ས་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་ཨ་རྩེད་དང་། ལྷ་རྩེད། སྐོར་བྲོ། ཟློས་གར། རྡུང་ལེན། མདའ་རྩེད་སོགས་ཕྱོགས་བསྡུས་རང་བཞིན་ལྡན་པའི་རིག་གནས་སྣ་མང་ཞིག་སྔོག་འདོན་དང་ས་གནས་ཀྱི་རིག་གནས་དྲིལ་སྒྲོག་བྱེད་པའི་ཕྱོགས་ལའང་ནུས་པ་གལ་ཆེན་ཞིག་ཐོན་བཞིན་ཡོད།

གྲལ་བསྒྲིགས་པའི་རུ་དཔུང་ཞིག་གིས་མཛད་སྒོའི་མདུན་བསུས་པ། 

ལྷ་རྩེད་རུ་ཁག 

ཨ་རྩེད་རུ་ཁག 

མདའ་རྩེད་རུ་ཁག 

ཟློས་གར་ཚོགས་པ། 

རྡུང་ལེན་རུ་ཁག 

ཤན་འབྱེད་པའི་རུ་ཁག

    དེ་ལས་གཞན་བིས་མདོ་ཞང་གི་སྐབས་བཅོ་བརྒྱད་པའི་མཐུན་སྒྲིལ་བུམ་པ་རྟགས་མའི་ལྒང་ལི་འགྲན་སྡུར་འདིས་ལུས་རྩལ་པར་ལྒང་རྒྱག་གི་ཆུ་ཚད་ངོམས་སའི་སྟེགས་བུ་གལ་ཆེན་ཞིག་བསྐྲུན་ཡོད་པ་མ་ཟད། སྡེ་མི་ཡོངས་ཀྱི་བསམ་བློའི་གོ་རྟོགས་དང་མི་གཤིས་སྤུས་ཚད། འཆམ་མཐུན་གྱི་འདུ་ཤེས་དང་ཀུན་སྤྱོད་ཀྱི་རྨང་གཞི། སྤྱི་མཐུན་གྱི་སེམས་ཁམས་སོགས་ཇེ་ལེགས་སུ་འགྲོ་བར་སྣ་འཛོམས་ཕྱོགས་བསྡུས་རང་བཞིན་ཅན་གྱི་སྟེགས་བུ་ཞིག་ཀྱང་བསྐྲུན་ཡོད། སྤྱིར་བིས་མདོ་ཞང་གི་སྤྱི་ཚོགས་འཆམ་མཐུན་དང་། སྤྱི་ཚོགས་བདེ་འཇགས། མི་རིགས་མཛའ་མཐུན་སོགས་ཕྱོགས་གང་ཐད་ནས་ཇེ་རྒྱས་ཇེ་ལེགས་སུ་གཏོང་ཆེད། མཐུན་སྒྲིལ་གསེར་གྱི་ཟམ་འོག་ནས་མཛའ་བརྩེ་འོ་མའི་ཆུ་རྒྱུན་ཡུན་ནས་ཡུན་དུ་སྤེལ་ཞིང་། ལུས་རྩལ་པ་རྣམས་ཀྱིས་མཛའ་བརྩེ་ཨང་དང་པོ་དང་འགྲན་སྡུར་ཨང་གཉིས་པའི་རྩ་དོན་གཞིར་བཟུང་སྟེ། ཆུ་ཚད་འགྲན་པ་དང་ཁྱད་ཆོས་ངོམས་པ། མཛའ་བརྩེ་སྲུང་བའི་དུས་རབས་རང་བཞིན་གྱི་ལུས་རྩལ་དགོངས་དོན་དར་སྤེལ་བྱེད་པ་དང་། ཤན་འབྱེད་པ་རྣམས་ཀྱིས་ཀྱང་འདྲ་མཉམ་དང་དྲང་བཞག ཞི་མཐུན་བཅས་ཀྱི་རྩ་དོན་དམིགས་སུ་བཟུང་ནས་ཤན་འབྱེད་པ། དེ་མིན་འབྲེལ་ཡོད་མི་སྣ་དག་གིས་རྩ་འཛུགས་གང་ལེགས་དང་ཞབས་ཕྱི་གང་བཟང་། ལས་གནས་དམ་སྲུང་གིས་སྐབས་འདིའི་ལྒང་ལི་འགྲན་སྡུར་བདེ་ལེགས་ངང་མཇུག་སྒྲིལ་བར་རང་ནུས་གང་ཡོད་བཏོན་ཏེ། བིས་མདོ་ཞང་གི་མ་འོངས་པའི་ལྒང་ལི་འགྲན་སྡུར་བདེ་ཐང་ཅན་དང་འཆམ་མཐུན་ཅན། དཔལ་ཡོན་ཅན་གྱི་ཕྱོགས་སུ་བགྲོད་པར་བརྩོན་ལེན་གང་ལེགས་བྱ་རྒྱུའོ།

མདོ་འཛིན་པ་ལྷན་རྒྱས།

སྐད་གྲགས་ཆེ་བའི་གླུ་མ་གཡང་མོ་སྒྲོལ་མས་དམངས་གླུ་ངག་ལ་འགུག་བཞིན་པ། 

 

ན་གཞོན་གླུ་བ་དཔལ་ལྡན་གྱིས་སྙན་གཞས་གཏོང་བཞིན་པ།

ཀུན་གྱིས་དགའ་བསུ་ཐོབ་བཞིན་པའི་གླུ་བ་སྟོབས་ཆེན་རྒྱལ་གྱི་སིང་སིང་ངག་གི་འགྱུར་ཁུགས། 

གཞོན་སྐྱེས་གླུ་བ་རིན་ཆེན་དོན་གྲུབ་ཀྱིས་གྲེ་འགྱུར་ངག་གི་དབྱངས་སྙན་རྫོགས་པ། 

གསར་སྐྱེས་གླུ་མ་པད་མ་འཚོས་སྙན་དབྱངས་ངག་ལ་འགུག་བཞིན་པ།

མེས་པོའི་སྲོལ་རྒྱུན་རིག་གནས། སློབ་རྭའི་གླིང་ལ་དྲངས་ཡོད།

གར་གྱི་སྟངས་སྟབས་དབུས་ནས། མཛེས་པའི་སྒེག་ཉམས་མངོན་ཡོང་།

 

ལྒང་ལི་འགྲན་སྡུར་གྱི་ཡུལ་དངོས།

སྐར་མ་འགོད་བཞིན་པ།

རྩོམ་སྒྲིག་པ། (ཚེ་རིང་སྒྲོལ་མ།)