དབུ་ཤོག >> སྐབས་དོན་གསར་འགྱུར། >> རྒྱལ་ཕྱི་ནང་གསར་འགྱུར།
རང་རྒྱལ་གྱི་རྩ་ཁྲིམས་ནང་དོན་ཁག་གཅིག་བཟོ་བཅོས་བྱ་རྒྱུའི་གྲོས་འགོ
རྩོམ་པ་པོ། མི་གསལ། དུས་ཚོད། 2018-02-27 རྩོམ་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་གྱི་བོད་ཡིག་སྨྱན་སྦྱོར། ཀློག་གྲངས། 3856

ཀྲུང་གོའི་གུང་ཁྲན་ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཉིན་ཤས་གོང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ནང་དོན་ཁག་གཅིག་བཟོ་བཅོས་བྱ་རྒྱུའི་སྐོར་ལ་གྲོས་འགོ་བཏོན་ཡོད། གྲོས་འགོ་བཏོན་ནས་བཟོ་བཅོས་བྱ་རྒྱུའི་ནང་དོན་ཁག་ཉི་ཤུ་རྩ་གཅིག་ཡོད་པ་ཡིག་ཆ་ཆ་ཚང་གཤམ་གསལ།  

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ། 

    དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བའི་དུས་བབ་གསར་པ་དང་ལག་ལེན་གསར་པར་གཞིགས་ཏེ།  ཀྲུང་གོའི་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ནང་དོན་ཁག་གཅིག་བཟོ་བཅོས་བྱ་རྒྱུའི་སྐོར་ལ་བཏོན་པའི་གྲོས་འགོ་གཤམ་གསལ། 

      དང་པོ།  རྩ་ཁྲིམས་ཀྱི་གླེང་གཞིའི་རང་བྱུང་དུམ་མཚམས་བདུན་པའི་ནང་གི་མར་ཁེ་སི་ལེ་ཉིང་རིང་ལུགས་དང་།  མའོ་ཙེ་ཏུང་དགོངས་པ།  ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས།  མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་གྱི་མཛུབ་ཁྲིད་འོག་ཅེས་པ་མར་ཁེ་སི་ལེ་ཉིང་རིང་ལུགས།  མའོ་ཙེ་ཏུང་དགོངས་པ།  ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས།  མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན།  ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག་ཅེས་པར་བཟོ་བཅོས་བྱ་རྒྱུ་དང་།  སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་པ་དེ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་པར་བཟོ་བཅོས་བྱ་རྒྱུ།  རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་ཅེས་པའི་མདུན་དུ་གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་བྱ་དགོས་ཞེས་སྣོན་རྒྱུ། དངོས་པོའི་དཔལ་ཡོན་དང་ཆབ་སྲིད་དཔལ་ཡོན།  བསམ་པའི་དཔལ་ཡོན་བཅས་མཐུན་སྦྱོར་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ནས་རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་།  དམངས་གཙོ།  ཤེས་དཔལ་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ལ་འཛུགས་སྐྲུན་བྱ་དགོས་ཞེས་པ་དེ་དངོས་པོའི་དཔལ་ཡོན་དང་།  ཆབ་སྲིད་དཔལ་ཡོན།  བསམ་པའི་དཔལ་ཡོན།  སྤྱི་ཚོགས་དཔལ་ཡོན།  སྐྱེ་ཁམས་དཔལ་ཡོན་བཅས་མཐུན་སྦྱོར་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་།  དམངས་གཙོ།  ཤེས་དཔལ། ཞི་མཐུན། མཛེས་སྡུག་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་ལ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་ བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་བྱ་དགོས་ཞེས་པར་བཟོ་བཅོས་བྱ་རྒྱུ།

    རང་བྱུང་དུམ་མཚམས་དེ་དེ་བསྟུན་གྱིས་ཀྲུང་གོའི་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་རྒྱལ་ཁ་དང་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་གྲུབ་འབྲས་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་འགོ་ཁྲིད་བྱེད་པ་དང་།  མར་ཁེ་སི་ལེ་ཉིང་རིང་ལུགས་དང་།  མའོ་ཙེ་ཏུང་དགོངས་པའི་མཛུབ་ཁྲིད་འོག  བདེན་དོན་རྒྱུན་འཁྱོངས་དང་།  ནོར་འཁྲུལ་ཡོ་བསྲང་། དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ལས་རྣམ་པར་བརྒྱལ་ཏེ་ཐོབ་པ་ཞིག་ཡིན་པ། རང་རྒྱལ་འདི་ཉིད་དུས་ཡུན་རིང་པོའི་ནང་སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་མཚམས་ལ་གནས་རྒྱུ་ཡིན་པ།  རྒྱལ་ཁབ་ཀྱི་རྩ་བའི་ལས་འགན་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་བརྒྱུད་སྟོབས་ཤུགས་གཅིག་སྡུད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱ་རྒྱུ་དེ་ཡིན་པ།  ཀྲུང་གོའི་མི་རིགས་ཁག་གི་མི་དམངས་ནས་མུ་མཐུད་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་འོག་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ།  ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས།  མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན།  ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག  མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་རྒྱུན་འཁྱོངས་དང་།  སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་རྒྱུན་འཁྱོངས།  སྒྱུར་བཅོས་སྒོ་འབྱེད་རྒྱུན་འཁྱོངས།  སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཁག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ།  སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གོང་འཕེལ་གཏོང་བ།  སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་གོང་འཕེལ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ།  གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ།  རང་སྟོབས་རང་སྤེལ།  དཀའ་སྤྱད་འབད་བརྩོན་བཅས་བྱས་ཏེ།  བཟོ་ལས་དང་།  ཞིང་ལས།  རྒྱལ་སྲུང་།  ཚན་རིག་ལག་རྩལ་བཅས་རིམ་བཞིན་དེང་རབས་ཅན་ལ་མངོན་འགྱུར་ཡོང་བ་དང་། དངོས་པོའི་དཔལ་ཡོན་དང་།  ཆབ་སྲིད་དཔལ་ཡོན།  བསམ་པའི་དཔལ་ཡོན།  སྤྱི་ཚོགས་དཔལ་ཡོན།  སྐྱེ་ཁམས་དཔལ་ཡོན་བཅས་མཐུན་སྦྱོར་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ།  རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ།  ཤེས་དཔལ།  ཞི་མཐུན།  མཛེས་སྡུག་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེན་རྒྱལ་ཁབ་ལ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་བྱ་དགོས་ཞེས་པར་བཟོ་བཅོས་བྱ་རྒྱུ།

    གཉིས་པ།  རྩ་ཁྲིམས་ཀྱི་གླེང་གཞིའི་རང་བྱུང་དུམ་མཚམས་བཅུ་པའི་ནང་གི་དུས་ཡུན་རིང་པོའི་གསར་བརྗེ་དང་འཛུགས་སྐྲུན་གྱི་བརྒྱུད་རིམ་ཁྲོད་ཅེས་པ་དེ་དུས་ཡུན་རིང་པོའི་གསར་བརྗེ་དང་།  འཛུགས་སྐྲུན།  སྒྱུར་བཅོས་བཅས་ཀྱི་བརྒྱུད་རིམ་ཁྲོད་ཅེས་པར་བཟོ་བཅོས་བྱ་རྒྱུ།  སྤྱི་ཚོགས་རིང་ལུགས་ཀྱི་ངལ་རྩོལ་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཛུགས་སྐྲུན་པ།  སྤྱི་ཚོགས་རིང་ལུགས་ལ་བརྩི་བཀུར་ཞུ་མཁན་རྒྱལ་གཅེས་པ།  མེས་རྒྱལ་གཅིག་གྱུར་ལ་བརྩི་བཀུར་ཞུ་མཁན་རྒྱལ་གཅེས་པ་བཅས་ཚུད་པའི་ཁྱབ་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་ཞེས་པ་དེ་སྤྱི་ཚོགས་རིང་ལུགས་ཀྱི་ངལ་རྩོལ་པ་དང་།  སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཛུགས་སྐྲུན་པ།  སྤྱི་ཚོགས་རིང་ལུགས་ལ་བརྩི་བཀུར་ཞུ་མཁན་རྒྱལ་གཅེས་པ།  མེས་རྒྱལ་གཅིག་གྱུར་ལ་བརྩི་བཀུར་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་ལ་ཤུགས་སྣོན་རྒྱག་མཁན་རྒྱལ་གཅེས་པ་བཅས་ཚུད་པའི་ཁྱབ་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་ཞེས་པར་བཟོ་བཅོས་བྱ་རྒྱུ།

    རང་བྱུང་དུམ་མཚམས་དེ་དེ་བསྟུན་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་བྱ་གཞག་དེ་ངེས་པར་དུ་བཟོ་པ་དང་། ཞིང་པ། ཤེས་ཡོན་ཅན་བཅས་ལ་བརྟེན་དགོས་པ་དང་།  མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱེད་དགོས། དུས་ཡུན་རིང་པོའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་བྱེད་པའི་བརྒྱུད་རིམ་ཁྲོད། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པ་དང་དམངས་གཙོ་ཏང་ཤོག་ཁག་དང་མང་ཚོགས་ཀྱི་ཚོགས་པ་ཁག་རྣམས་ཞུགས་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངལ་རྩོལ་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཛུགས་སྐྲུན་བྱེད་མཁན། སྤྱི་ཚོགས་རིང་ལུགས་ལ་བརྩི་བཀུར་ཞུ་མཁན་གྱི་རྒྱལ་གཅེས་པ། མེས་རྒྱལ་གོང་བུ་གཅིག་གྱུར་ལ་བརྩི་བཀུར་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་བཅས་ཚུད་ཡོད།  འཐབ་ཕྱོགས་གཅིག་གྱུར་དེ་མུ་མཐུད་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ནི་ཁྱབ་ཆེ་བའི་འཐུས་ཚབ་རང་བཞིན་ལྡན་པའི་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་ཡིན་པ་དང་།  འདས་ཟིན་པའི་ལོའི་ནང་ལོ་རྒྱུས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། སླད་ཕྱིན་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བ་དང་། སྤྱི་ཚོགས་འཚོ་བ། ཕྱི་ཕྱོགས་མཛའ་མཐུན་བྱེད་སྒོ་བཅས་ཀྱི་ནང་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ལ་འགྱུར་བའི་འཛུགས་སྐྲུན་དང་། རྒྱལ་ཁབ་ཀྱི་གོང་བུ་གཅིག་གྱུར་དང་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི་འཐབ་རྩོད་ནང་། མུ་མཐུད་དེའི་ནུས་པ་སྔར་ལས་ཆེ་བ་འདོན་སྤེལ་བྱ་རྒྱུ།  ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་གྱི་ལམ་ལུགས་ཡུན་རིང་གནས་རྒྱུ་དང་འཕེལ་རྒྱས་འགྲོ་ངེས་ཡིན་ཞེས་པར་བཟོ་བཅོས་བྱ་རྒྱུ།

    གསུམ་པ། རྩ་ཁྲིམས་ཀྱི་གླེང་གཞིའི་རང་བྱུང་དུམ་མཚམས་བཅུ་གཅིག་པའི་ནང་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས་བཅས་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་གཏན་འཁེལ་ཟིན་ཡོད་པ་མ་ཟད། ད་དུང་མུ་མཐུད་ཤུགས་སྣོན་རྒྱག་དགོས་ཞེས་པ་དེ་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་གཏན་འཁེལ་ཟིན་ཡོད་པ་མ་ཟད། ད་དུང་མུ་མཐུད་ཤུགས་སྣོན་རྒྱག་དགོས་ཞེས་པར་བཟོ་བཅོས་བྱ་རྒྱུ།

    བཞི་པ།   རྩ་ཁྲིམས་ཀྱི་གླེང་གཞིའི་རང་བྱུང་དུམ་མཚམས་བཅུ་གཉིས་པའི་ནང་། ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན་གྱི་གྲུབ་འབྲས་ནི་འཛམ་གླིང་མི་དམངས་ཀྱིས་རྒྱབ་སྐྱོར་བྱེད་པ་དང་ཁ་བྲལ་ཐབས་མེད་ཅེས་པ་དེ།  ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་གྲུབ་འབྲས་ནི་འཛམ་གླིང་མི་དམངས་ཀྱིས་རྒྱབ་སྐྱོར་བྱེད་པ་དང་ཁ་བྲལ་ཐབས་མེད།  ཀྲུང་གོས་རང་བཙན་རང་བདག་གི་ཕྱི་འབྲེལ་སྲིད་ཇུས་རྒྱུན་འཁྱོངས་བྱེད་པ་དང་། ཕན་ཚུན་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་ལ་བརྩི་འཇོག་བྱེད་པ། ཕན་ཚུན་བཙན་གནོད་མི་བྱེད་པ། ཕན་ཚུན་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ།   འདྲ་མཉམ་གཉིས་ཕན།  ཞི་བདེ་མཉམ་གནས་བཅས་ཀྱི་རྩ་དོན་དོན་ཚན་ལྔ་ཞེས་པ་དེའི་མཇུག་ཏུ་ཞི་བདེའི་འཕེལ་རྒྱས་འགྲོ་ལམ་རྒྱུན་འཁྱོངས་བྱེད་པ་དང་། གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་རྒྱུན་འཁྱོངས་བྱེད་ཅེས་པ་ཁ་སྣོན་བྱ་རྒྱུ།   རྒྱལ་ཁབ་ཁག་བར་དང་ཕྱི་འབྲེལ་གྱི་འབྲེལ་བ་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་སྤེལ་རེས་གོང་འཕེལ་གཏོང་དགོས་ཞེས་པ་དེ་རྒྱལ་ཁབ་ཁག་བར་གྱི་ཕྱི་འབྲེལ་འབྲེལ་བ་དང་། དཔལ་འབྱོར། རིག་གནས་བཅས་སྤེལ་རེས་གོང་འཕེལ་གཏོང་བ་དང་།  མིའི་རིགས་ཀྱི་ལས་དབང་ཐུན་མོང་མ་ལག་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་པར་བཟོ་བཅོས་བྱ་རྒྱུ།    རང་བྱུང་དུམ་མཚམས་དེ་དེ་བསྟུན་གྱིས་ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་གྲུབ་འབྲས་ནི་འཛམ་གླིང་མི་དམངས་ཀྱིས་རྒྱབ་སྐྱོར་བྱས་པ་དང་ཁ་བྲལ་ཐབས་མེད། ཀྲུང་གོའི་མདུན་ལམ་ནི་འཛམ་གླིང་གི་མདུན་ལམ་དང་མཉམ་དུ་དམ་པོར་འབྲེལ་ཡོད། ཀྲུང་གོས་རང་བཙན་རང་བདག་གི་ཕྱི་འབྲེལ་སྲིད་ཇུས་རྒྱུན་འཁྱོངས་བྱེད་པ་དང་། ཕན་ཚུན་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་ལ་བརྩི་འཇོག་བྱེད་པ།  ཕན་ཚུན་བཙན་གནོད་མི་བྱེད་པ།  ཕན་ཚུན་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ། འདྲ་མཉམ་གཉིས་ཕན། ཞི་བདེ་མཉམ་གནས་བཅས་ཀྱི་རྩ་དོན་དོན་ཚན་ལྔ་རྒྱུན་འཁྱོངས་བྱེད་པ་དང་།  ཞི་བདེའི་གོང་འཕེལ་འགྲོ་ལམ་རྒྱུན་འཁྱོངས་བྱེད་པ། གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་རྒྱུན་འཁྱོངས་བྱེད་པ། རྒྱལ་ཁབ་ཁག་དང་ཕྱི་འབྲེལ་གྱི་འབྲེལ་བ་དང་། དཔལ་འབྱོར། རིག་གནས་སྤེལ་རེས་གོང་འཕེལ་གཏོང་བ།    མིའི་རིགས་ཀྱི་ལས་དབང་ཐུན་མོང་མ་ལག་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་རྒྱུ།  བཙན་རྒྱལ་རིང་ལུགས་དང་།  བཙན་དབང་རིང་ལུགས། མི་སེར་སྤེལ་བྱེད་རིང་ལུགས་བཅས་ལ་ངོ་རྒོལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ།  འཛམ་གླིང་རྒྱལ་ཁབ་ཁག་དབར་གྱི་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ།  གཉའ་གནོན་ཕོག་པའི་མི་རིགས་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་མི་རིགས་རང་བཙན་བརྩོན་ལེན་དང་སྲུང་སྐྱོང་བྱེད་པ།  མི་རིགས་ཀྱི་དཔལ་འབྱོར་གོང་དུ་སྤེལ་བའི་དྲང་བདེན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་པ། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་མིའི་རིགས་ཀྱི་བྱ་གཞག་གོང་འཕེལ་གཏོང་ཆེད་འབད་བརྩོན་བྱ་རྒྱུ་རེད་ཅེས་པར་བཟོ་བཅོས་བྱ་རྒྱུ།

    ལྔ་པ།  རྩ་ཁྲིམས་ཀྱི་དོན་ཚན་དང་པོའི་ནང་ཚན་གཉིས་པ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་བའི་ལམ་ལུགས་ཡིན་ཞེས་པ་དེའི་མཇུག་ཏུ།  ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་ཡིན་ཞེས་པའི་སྐད་ཆ་དུམ་བུ་གཅིག་ཁ་སྣོན་བྱ་རྒྱུ།  

    དྲུག་པ།  རྩ་ཁྲིམས་དོན་ཚན་གསུམ་པའི་ནང་ཚན་གསུམ་པའི་ནང་གི་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་དང་འདྲི་གཅོད་ལས་ཁུངས།  ཞིབ་དཔྱོད་ལས་ཁུངས་བཅས་ཚང་མ་མི་དམངས་འཐུས་མི་ཚོགས་ཆེན་ཐོག་ཐོན་དགོས་པ།  དེར་འགན་འཁུར་བ་དང་།  དེའི་ལྟ་སྐུལ་དང་ལེན་བྱེད་དགོས་ཞེས་པ་དེ་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་དང་ལྟ་ཞིབ་ལས་ཁུངས།  འདྲི་གཅོད་ལས་ཁུངས།  ཞིབ་དཔྱོད་ལས་ཁུངས་བཅས་ཚང་མ་མི་དམངས་འཐུས་མི་ཚོགས་ཆེན་ཐོག་ཐོན་དགོས།  དེར་འགན་འཁུར་བ།  དེའི་ལྟ་སྐུལ་དང་ལེན་བྱེད་པ་ཞེས་པར་བཟོ་བཅོས་བྱ་རྒྱུ།

    བདུན་པ།  རྩ་ཁྲིམས་དོན་ཚན་བཞི་པའི་ནང་ཚན་དང་པོའི་ནང་གི་རྒྱལ་ཁབ་ནས་གྲངས་ཉུང་མི་རིགས་ཁག་གི་ཁྲིམས་མཐུན་དབང་ཆ་དང་ཁེ་ཕན་འགན་ལེན་བྱེད་པ་དང་།  མི་རིགས་ཁག་གི་འདྲ་མཉམ་དང་མཐུན་སྒྲིལ།  ཕན་ཚུན་རོགས་རེས་བཅས་ཀྱི་འབྲེལ་བར་སྲུང་སྐྱོབ་བྱེད་དགོས་ཞེས་པ་དེ་རྒྱལ་ཁབ་ནས་གྲངས་ཉུང་མི་རིགས་ཁག་གི་ཁྲིམས་མཐུན་དབང་ཆ་དང་ཁེ་ཕན་འགན་ལེན་བྱེད་པ་དང་།  མི་རིགས་ཁག་གི་འདྲ་མཉམ་དང་མཐུན་སྒྲིལ།  ཕན་ཚུན་རོགས་རེས།  འཆམ་མཐུན་བཅས་ཀྱི་འབྲེལ་བར་སྲུང་སྐྱོབ་བྱེད་དགོས་ཞེས་པར་བཟོ་བཅོས་བྱ་རྒྱུ།

    བརྒྱད་པ།  རྩ་ཁྲིམས་དོན་ཚན་ཉི་ཤུ་རྩ་བཞི་པའི་ནང་ཚན་གཉིས་པའི་ནང་གི་རྒྱལ་ཁབ་ནས་མེས་རྒྱལ་ལ་དགའ་ཞེན་དང་།  མི་དམངས་ལ་དགའ་ཞེན།  ངལ་རྩོལ་ལ་དགའ་ཞེན། ཚན་རིག་ལ་དགའ་ཞེན།  སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་ཀྱི་སྤྱི་པའི་ཀུན་སྤྱོད་དར་སྤེལ་གཏོང་དགོས་ཞེས་པ་དེ་རྒྱལ་ཁབ་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་གཏོང་བ་དང་།  མེས་རྒྱལ་ལ་དགའ་ཞེན་དང་།  མི་དམངས་ལ་དགའ་ཞེན།  ངལ་རྩོལ་ལ་དགའ་ཞེན། ཚན་རིག་ལ་དགའ་ཞེན།  སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་ཀྱི་སྤྱི་པའི་ཀུན་སྤྱོད་དར་སྤེལ་གཏོང་དགོས་ཞེས་པར་བཟོ་བཅོས་བྱ་རྒྱུ།  ནང་ཚན་དེ་དེ་བསྟུན་གྱིས་རྒྱལ་ཁབ་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་གཏོང་བ་དང་།  མེས་རྒྱལ་ལ་དགའ་ཞེན་དང་།  མི་དམངས་ལ་དགའ་ཞེན།  ངལ་རྩོལ་ལ་དགའ་ཞེན། ཚན་རིག་ལ་དགའ་ཞེན།  སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་ཀྱི་སྤྱི་པའི་ཀུན་སྤྱོད་དར་སྤེལ་གཏོང་བ།  མི་དམངས་ཀྱི་ཁྲོད་རྒྱལ་གཅེས་རིང་ལུགས་དང་མཉམ་སྡེབ་རིང་ལུགས།  རྒྱལ་སྤྱིའི་རིང་ལུགས།  གུང་ཁྲན་རིང་ལུགས་བཅས་ཀྱི་སློབ་གསོ་གཏོང་བ་དང་།  རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་སློབ་གསོ་གཏོང་བ།  མ་རྩ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་རིང་ལུགས།  རུལ་སུངས་བསམ་བློ་གཞན་དག་བཅས་ལ་ངོ་རྒོལ་བྱེད་དགོས་ཞེས་པར་བཟོ་བཅོས་བྱ་རྒྱུ།

    དགུ་པ།  རྩ་ཁྲིམས་དོན་ཚན་ཉི་ཤུ་རྩ་བདུན་པའི་ནང་ནང་ཚན་གཅིག་སྣོན་ནས། རྒྱལ་ཁབ་ཀྱི་ལས་དོན་མི་སྣས་ལས་གནས་འགན་བཞེས་བྱེད་སྐབས་ཁྲིམས་ལུགས་ཀྱི་གཏན་འབེབས་ལྟར་ཡོངས་བསྒྲགས་ཐོག་རྩ་ཁྲིམས་ལ་དམ་བཅའ་འཇོག་དགོས་ཞེས་པ་ཁ་སྣོན་བྱས་ནས་ནང་ཚན་གསུམ་པར་འཇོག་རྒྱུ།

    བཅུ་པ།  རྩ་ཁྲིམས་ཀྱི་དོན་ཚན་དྲུག་ཅུ་རེ་གཉིས་པའི་ནང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་གཤམ་གསལ་འགན་དབང་སྤྱོད་པའི་ནང་ནང་ཚན་གཅིག་སྣོན་ཏེ། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་འདེམས་བསྐོ་ཞེས་པ་ཁ་སྣོན་བྱས་ནས་ནང་ཚན་བདུན་པར་འཇོག་རྒྱུ།  ནང་ཚན་བདུན་པ་ནས་ནང་ཚན་བཅོ་ལྔ་བར་དེ་བསྟུན་གྱིས་ནང་ཚན་བརྒྱད་པ་ནས་བཅུ་དྲུག་པར་བཟོ་བཅོས་བྱ་རྒྱུ།

    བཅུ་གཅིག  རྩ་ཁྲིམས་ཀྱི་དོན་ཚན་དྲུག་ཅུ་རེ་གསུམ་པའི་ནང་གི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་གཤམ་གསལ་མི་སྣ་གནས་དབྱུང་གཏོང་བའི་དབང་ཆ་ཡོད་ཅེས་པའི་ནང་ནང་དོན་གཅིག་ཁ་སྣོན་བྱས་ཏེ།  རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞེས་པ་ཁ་སྣོན་བྱས་ནས་ནང་ཚན་བཞི་པར་འཇོག་རྒྱུ།  ནང་ཚན་བཞི་པ་དང་ལྔ་པ་དེ་བསྟུན་གྱིས་ནང་ཚན་ལྔ་པ་དང་དྲུག་པར་བཟོ་བཅོས་བྱ་རྒྱུ། 

    བཅུ་གཉིས།  རྩ་ཁྲིམས་དོན་ཚན་དྲུག་ཅུ་རེ་ལྔ་པའི་ནང་ཚན་བཞི་པའི་ནང་གི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣས་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་དང་།  འདྲི་གཅོད་ལས་ཁུངས།  ཞིབ་དཔྱོད་ལས་ཁུངས་བཅས་ཀྱི་འགན་གནས་འཁུར་མི་ཆོག་པ་ཞེས་པ་དེ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣས་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་དང་།  ལྟ་ཞིབ་ལས་ཁུངས།  འདྲི་གཅོད་ལས་ཁུངས།  ཞིབ་དཔྱོད་ལས་ཁུངས་བཅས་ཀྱི་འགན་གནས་འཁུར་མི་ཆོག་པ་ཞེས་པར་བཟོ་བཅོས་བྱ་རྒྱུ། 

    བཅུ་གསུམ རྩ་ཁྲིམས་དོན་ཚན་དྲུག་ཅུ་རེ་བདུན་པའི་ནང་གི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཤམ་གསལ་འགན་དབང་སྤྱོད་དགོས་ཞེས་པའི་ནང་གི་ནང་ཚན་དྲུག་པ།  རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་།  ཆེས་མཐོའི་མི་དམངས་ཁྲིམས་ཁང་།  ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ལས་དོན་ལ་ལྟ་སྐུལ་བྱེད་དགོས་ཞེས་པ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་།  རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་།  ཆེས་མཐོའི་མི་དམངས་ཁྲིམས་ཁང་།  ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ལས་དོན་ལ་ལྟ་སྐུལ་བྱེད་དགོས་ཞེས་པར་བཟོ་བཅོས་བྱ་རྒྱུ།  ནང་དོན་གཅིག་ཁ་སྣོན་བྱས་ཏེ། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་རེ་ཞུར་གཞིགས་ནས།  རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་།  ཨུ་ཡོན་བསྐོ་འཐེན་བྱེད་དགོས་ཞེས་པ་ཁ་སྣོན་བྱས་ནས་ནང་ཚན་བཅུ་གཅིག་པར་འཇོག་རྒྱུ།  ནང་ཚན་བཅུ་གཅིག་པ་ནས་ནང་ཚན་ཉི་ཤུ་རྩ་གཅིག་པ་བར་དེ་བསྟུན་གྱིས་ནང་ཚན་བཅུ་གཉིས་པ་ནས་ནང་ཚན་ཉི་ཤུ་རྩ་གཉིས་པར་བཟོ་བཅོས་བྱ་རྒྱུ། 

    བཅུ་བཞི།  རྩ་ཁྲིམས་དོན་ཚན་བདུན་ཅུ་དོན་དགུའི་ནང་ཚན་གསུམ་པའི་ནང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པའི་སྐབས་རེའི་འགན་ཡུལ་དེ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྐབས་རེའི་འགན་ཡུན་དང་གཅིག་མཚུངས་ཡིན་དགོས་པ་དང་།  བསྟུད་མར་འགན་གནས་བཞེས་རྒྱུ་སྐབས་གཉིས་ལས་བརྒལ་མི་ཆོག་པ་ཞེས་པ་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པའི་སྐབས་རེའི་འགན་ཡུལ་དེ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྐབས་རེའི་འགན་ཡུན་དང་གཅིག་མཚུངས་ཡིན་ཞེས་པར་བཟོ་བཅོས་བྱ་རྒྱུ།  

    བཅོ་ལྔ།  རྩ་ཁྲིམས་ཀྱི་དོན་ཚན་བརྒྱད་ཅུ་གྱ་དགུའི་ནང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཤམ་གསལ་གྱི་འགན་དབང་སྤྱོད་པའི་ནང་གི་ནང་ཚན་དྲུག་པ་སྟེ།  དཔལ་འབྱོར་ལས་དོན་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ལ་འགོ་ཁྲིད་དང་དོ་དམ་བྱ་རྒྱུ་ཞེས་དེ། ནང་ཚན་དྲུག་པ་དཔལ་འབྱོར་ལས་དོན་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་དང་།  སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་འགོ་ཁྲིད་དང་དོ་དམ་བྱ་རྒྱུ་ཞེས་པར་བཟོ་བཅོས་བྱ་རྒྱུ།   ནང་ཚན་བརྒྱད་པའི་དམངས་སྲིད་དང་སྤྱི་བདེ།   ཁྲིམས་འཛིན་སྲིད་འཛིན།  ལྟ་ཞིབ་སོགས་ཀྱི་ལས་ཀར་འགོ་ཁྲིད་དང་དོ་དམ་བྱ་རྒྱུ་ཞེས་པ་དེ།    དམངས་སྲིད་དང་སྤྱི་བདེ།    ཁྲིམས་འཛིན་སྲིད་འཛིན་སོགས་ཀྱི་ལས་ཀར་འགོ་ཁྲིད་དང་དོ་དམ་བྱ་རྒྱུ་ཞེས་པར་བཟོ་བཅོས་བྱ་རྒྱུ།   

    བཅུ་དྲུག རྩ་ཁྲིམས་ཀྱི་དོན་ཚན་བརྒྱ་ཐམ་པའི་ནང་དོན་ཚན་གཅིག་ཁ་སྣོན་བྱས་ཏེ།    ཁུལ་བཙུགས་པའི་གྲོང་ཁྱེར་གྱི་མི་དམངས་འཐུས་མི་ཚོགས་ཆེན་དང་དེ་ཚོའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས།  རྩ་ཁྲིམས་དང་བཅའ་ཁྲིམས།  སྲིད་འཛིན་ཁྲིམས་སྲོལ།  དེ་བཞིན་ཞིང་ཆེན་དང་རང་སྐྱོང་ལྗོངས་དེ་རང་གི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་འགལ་བའི་སྔོན་འགྲོའི་ཆ་རྐྱེན་འོག   བཅའ་ཁྲིམས་ཀྱི་གཏན་འབེབས་ལ་གཞིགས་ནས་ས་གནས་རང་བཞིན་གྱི་ཁྲོམས་སྲོལ་བཟོ་ཆོག་པ་དང་།  ཞིང་ཆེན་དང་རང་སྐྱོང་ལྗོངས་དེ་གའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་ཞུ་ཕུལ་ནས་ཆོག་མཆན་ཐོབ་རྗེས་ལག་བསྟར་བྱ་ཆོག་པ་ཞེས་པའི་ནང་དོན་ཁ་སྣོན་བྱས་ནས་དོན་ཚན་གཉིས་པར་འཇོག་རྒྱུ།

    བཅུ་བདུན། རྩ་ཁྲིམས་ཀྱི་དོན་ཚན་བརྒྱ་དང་བཅུ་མེད་གཅིག་ནང་གི་ནང་ཚན་གཉིས་པའི་ནང་རྫོང་རིམ་པ་ཡན་གྱི་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱིས་རིམ་པ་དེ་གའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན་དང་རིམ་པ་དེ་གའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་འདེམས་བསྐོ་བྱ་རྒྱུ་མ་ཟད་གནས་དབྱུང་གཏོང་བའི་དབང་ཆ་ཡོད་པ་ཞེས་པ་དེ།  རྫོང་རིམ་པ་ཡན་གྱི་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་ལ་རིམ་པ་དེ་གའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་རིམ་པ་དེ་གའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན།   རིམ་པ་དེ་གའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་འདེམས་བསྐོ་བྱ་རྒྱུ་མ་ཟད་གནས་དབྱུང་གཏོང་བའི་དབང་ཆ་ཡོད་པ་ཞེས་པར་བཟོ་བཅོས་བྱ་རྒྱུ། 

    བཅོ་བརྒྱད། རྩ་ཁྲིམས་ཀྱི་དོན་ཚན་བརྒྱ་དང་བཅུ་མེད་གསུམ་ནང་གི་ནང་ཚན་གསུམ་པའི་རྫོང་རིམ་པ་ཡན་གྱི་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣས་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་དང་འདྲི་གཅོད་ལས་ཁུངས།  ཞིབ་དཔྱོད་ལས་ཁུངས་བཅས་ཀྱི་འགན་གནས་འཁུར་མི་ཆོག་པ་ཞེས་པ་དེ་རྫོང་རིམ་པ་ཡན་གྱི་ས་གནས་རིམ་ཁག་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣས་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་དང་ལྟ་ཞིབ་ལས་ཁུངས།    འདྲི་གཅོད་ལས་ཁུངས།    ཞིབ་དཔྱོད་ལས་ཁུངས་བཅས་ཀྱི་འགན་གནས་འཁུར་མི་ཆོག་ཅེས་པར་བཟོ་བཅོས་བྱ་རྒྱུ། 

    བཅུ་དགུ རྩ་ཁྲིམས་ཀྱི་དོན་ཚན་བརྒྱ་དང་བཅུ་མེད་བཞིའི་ནང་གི་རིམ་པ་དེ་གའི་མི་དམངས་སྲིད་གཞུང་དང་མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་གི་ལས་ཀར་ལྟ་སྐུལ་བྱ་རྒྱུ་ཞེས་པ་དེ།    རིམ་པ་དེ་གའི་མི་དམངས་སྲིད་གཞུང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་།  མི་དམངས་ཁྲིམས་ཁང་།  མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ལས་ཀར་ལྟ་སྐུལ་བྱ་རྒྱུ་ཞེས་པར་བཟོ་བཅོས་བྱ་རྒྱུ། དོན་ཚན་དེ་དེ་བསྟུན་གྱིས།    རྫོང་རིམ་པ་ཡན་གྱི་ས་གནས་རིམ་ཁག་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྲིད་འཛིན་ཁུལ་དེའི་ཕྱོགས་གང་ཅིའི་ཐད་ཀྱི་ལས་ཀའི་བྱ་དོན་ལ་གྲོས་བསྡུར་དང་གཏན་འབེབས་བྱ་རྒྱུ་ཞེས་པ་དང་།  རིམ་པ་དེ་གའི་མི་དམངས་སྲིད་གཞུང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་།   མི་དམངས་ཁྲིམས་ཁང་།  མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ལས་ཀར་ལྟ་སྐུལ་བྱ་རྒྱུ།   རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་འཚམས་མཐུན་མེད་པའི་གཏན་འབེབས་དང་བཀའ་རྒྱ་མེད་པ་བཟོ་རྒྱུ།   འོག་རིམ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཚམས་མཐུན་མེད་པའི་གཏན་འབེབས་མེད་པ་བཟོ་རྒྱུ།     བཅའ་ཁྲིམས་གཏན་འབེབས་ཀྱི་དབང་ཚད་ལ་གཞིགས་ནས་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣ་བསྐོ་འཐེན་གྱི་གཏན་འབེབས་བྱ་རྒྱུ།     རིམ་པ་དེ་གའི་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་གྲོལ་རིང་རིམ་པ་གོང་མའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རེ་འགའ་གནས་དབྱུང་གཏོང་བ་དང་གསབ་འདེམས་བཅས་སུ་བཟོ་བཅོས་བྱ་རྒྱུ།

 ཉི་ཤུ    རྩ་ཁྲིམས་ཀྱི་དོན་ཚན་བརྒྱ་དང་བཅུ་མེད་བདུན་གྱི་ནང་ཚན་དང་པོའི་ནང་གི་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་ཁྲིམས་ལུགས་ཀྱི་གཏན་འབེབས་དང་དབང་ཚད་ལྟར་སྲིད་འཛིན་ཁུལ་དེ་གའི་དཔལ་འབྱོར་དང་། སློབ་གསོ། ཚན་རིག རིག་གནས། འཕྲོད་བསྟེན།  ལུས་རྩལ་བྱ་གཞག    གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་བྱ་གཞག་བཅས་དང་།   ནོར་སྲིད་དང་།  དམངས་སྲིད།  སྤྱི་བདེ།   མི་རིགས་བྱ་དོན།  ཁྲིམས་འཛིན་སྲིད་འཛིན།   ལྟ་ཞིབ།  འཆར་ལྡན་བུ་བཙའ་སོགས་སྲིད་འཛིན་ལས་ཀར་དོ་དམ་བྱ་རྒྱུ་དང་། གཏན་འབེབས་དང་བཀའ་རྒྱ་ཁྱབ་བསྒྲགས་བྱ་རྒྱུ།    སྲིད་འཛིན་ལས་དོན་མི་སྣ་བསྐོ་འཐེན་དང་གསོ་སྦྱོང་། དཔྱད་ཞིབ།  བྱ་དགའ་དང་ཆད་པ་གཅོད་རྒྱུ་ཞེས་པ་དེ།   རྫོང་རིམ་པ་ཡན་གྱི་ས་གནས་རིམ་ཁག་མི་དམངས་སྲིད་གཞུང་གིས་བཅའ་ཁྲིམས་གཏན་འབེབས་ཀྱི་དབང་ཚད་གཞིར་བཟུང་།  སྲིད་འཛིན་ཁུལ་དེའི་དཔལ་འབྱོར་དང་སློབ་གསོ།   ཚན་རིག  རིག་གནས།  འཕྲོད་བསྟེན། ལུས་རྩལ་བྱ་གཞག གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་བྱ་གཞག  ནོར་སྲིད།    དམངས་སྲིད། སྤྱི་བདེ། མི་རིགས་བྱ་དོན།  ཁྲིམས་འཛིན་སྲིད་འཛིན།  འཆར་ལྡན་བུ་བཙའ་སོགས་སྲིད་འཛིན་ལས་ཀར་དོ་དམ་བྱ་རྒྱུ་དང་།   གཏན་འབེབས་དང་བཀའ་རྒྱ་ཁྱབ་བསྒྲགས་བྱ་རྒྱུ།  སྲིད་འཛིན་ལས་དོན་མི་སྣ་བསྐོ་འཐེན་དང་གསོ་སྦྱོང་ཞིབ་དཔྱད།  བྱ་དགའ་དང་ཆད་པ་གཅོད་རྒྱུ་བཅས་སུ་བཟོ་བཅོས་བྱ་རྒྱུ།

    ཉི་ཤུ་རྩ་གཅིག  རྩ་ཁྲིམས་ཀྱི་དོན་ཚན་རྒྱལ་ཁབ་ཀྱི་ཚན་པ་ཞེས་པའི་ནང་ས་བཅད་གཅིག་ཁ་སྣོན་བྱས་ནས། ས་བཅད་བདུན་པ་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ཞེས་པར་འཇོག་རྒྱུ། དོན་ཚན་ཁག་ལྔ་ཁ་སྣོན་བྱས་ནས། ཁག་སོ་སོར་དོན་ཚན་ཨང་བརྒྱ་དང་ཉི་ཤུ་རྩ་གསུམ་ནས་དོན་ཚན་ཨང་ཉི་ཤུ་རྩ་བདུན་བར་ཡིན་པ་དང་། དེའི་ནང་དོན་གཤམ་གསལ་ལྟར་ཡིན་པ་སྟེ།

     ས་བཅད་བདུན་པ།ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་། 

    དོན་ཚན་བརྒྱ་དང་ཉི་ཤུ་རྩ་གསུམ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིམ་པ་ཁག་གི་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ནི་རྒྱལ་ཁབ་ཀྱི་ལྟ་སྐུལ་ཚན་པ་ཡིན།


    དོན་ཚན་བརྒྱ་དང་ཉི་ཤུ་རྩ་བཞི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱལ་ཁབ་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ས་གནས་ཁག་གི་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་ཡིན་པ། ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཁོངས་མི་གཤམ་གསལ་ལྟར་གྲུབ་དགོས་པ་སྟེ། ཀྲུའུ་རེན་དང་། ཀྲུའུ་རེན་གཞོན་པ་ཁ་ཤས། ཨུ་ཡོན་ཁ་ཤས། སྐབས་སོ་སོའི་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་ཡུན་རིམ་པ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྐབས་སོ་སོའི་འགན་ཡུན་དང་གཅིག་མཚུངས་ཡིན་པ་དང་། རྒྱལ་ཁབ་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་རྒྱུན་མཐུད་དུ་འགན་གནས་འཁོར་ཡུན་སྐབས་གཉིས་ལས་བརྒལ་མི་ཆོག ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་དང་འགན་དབང་ཁྲིམས་ལུགས་ཀྱིས་གཏན་འབེབས་བྱ་རྒྱུ་ཡིན་པ།

    དོན་ཚན་བརྒྱ་དང་ཉི་ཤུ་རྩ་ལྔ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ནི་ཆེས་མཐོའི་ལྟ་སྐུལ་ཞིབ་བཤེར་ཚན་པ་ཡིན། རྒྱལ་ཁབ་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ས་གནས་ཀྱི་རིམ་ཁག་གི་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་གྱི་འགོ་ཁྲིད་བྱ་རྒྱུ་དང་། གོང་རིམ་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་འོག་རིམ་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ།

    དོན་ཚན་བརྒྱ་དང་ཉི་ཤུ་རྩ་དྲུག  རྒྱལ་ཁབ་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འགན་ཁུར་བྱ་རྒྱུ་ཡིན་པ་དང་། ས་གནས་རིམ་པ་ཁག་གི་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་རང་དང་ཐད་ཀར་འབྲེལ་བ་ཡོད་པའི་རྒྱལ་ཁབ་དབང་ཆའི་ལས་ཁུངས་དང་རིམ་པ་གོང་མའི་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་འགན་ཁུར་རྒྱུ་ཡིན་པ།

    དོན་ཚན་བརྒྱ་དང་ཉི་ཤུ་རྩ་བདུན། ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལུགས་ཀྱི་གཏན་འབེབས་གཞིར་བཟུང་རང་ཚུགས་སུ་ལྟ་སྐུལ་དབང་ཆ་ལག་བསྟར་བྱ་རྒྱུ་ཡིན་པ་དང་། དེར་སྲིད་འཛིན་ཚན་པ་དང་སྤྱི་ཚོགས་ཚོགས་པ། དེ་བཞིན་མི་སྒེར་བཅས་ཀྱི་ཐེ་ཇུས་བྱ་མི་ཆོག ལྟ་སྐུལ་ཚན་པས་གོ་གནས་ལས་བྱུང་བའི་ཁྲིམས་འགལ་དང་། གོ་གནས་ཉེས་གསོག་གི་གྱོད་གཞི་ཐག་གཅོད་བྱེད་སྐབས། འདྲི་གཅོད་ལས་ཁུངས་དང་། ཞིབ་དཔྱོད་ལས་ཁུངས། ཁྲིམས་འཛིན་ཚན་པ་བཅས་དང་ཕན་ཚུན་གཞོགས་འདེགས་དང་ཕན་ཚུན་བཀག་འཛིན་བྱེད་དགོས།

    ས་བཅད་བདུན་པ་དེ་དེ་བསྟུན་གྱིས་ས་བཅད་བརྒྱད་པར་བསྒྱུར་ཡོད་པ་དང་། ས་བཅད་བརྒྱ་དང་ཉི་ཤུ་རྩ་གསུམ་ནས་ས་བཅད་བརྒྱ་དང་སུམ་ཅུ་སོ་བརྒྱད་བར་དེ་མཚུངས་སུ་ས་བཅད་བརྒྱ་དང་ཉི་ཤུ་རྩ་བརྒྱད་ནས་ས་བཅད་བརྒྱ་དང་བཞི་བཅུ་ཞེ་གསུམ་ལ་བསྒྱུར་དགོས།

    གོང་གསལ་གྲོས་འགོ་དེ་དག རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་གཏན་འཁེལ་བའི་ལས་རིམ་བཞིན་རྩ་ཁྲིམས་ལ་བཟོ་བཅོས་བྱ་རྒྱུའི་གྲོས་གཞི་འདོན་དགོས་པ་དང་། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་ཐོག་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུ་ཡིན་པ་རེད། 

 

རྩོམ་སྒྲིག་པ། (ཚེ་རིང་སྒྲོལ་མ།)