དབུ་ཤོག >> སྐབས་དོན་གསར་འགྱུར། >> རྒྱལ་ཕྱི་ནང་གསར་འགྱུར།
ཞི་ཅིན་ཕིང་གིས་འཛམ་གླིང་ཡོངས་ལ་ལྷག་བསམ་ཟོལ་མེད་ངང"2022ལོར་པེ་ཅིང་དུ་མཇལ་ཡོང"ཞེས་གདན་ཞུ་གནང་བ།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-02-28 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས། 1327

    ཟླ་2ཚེས་25ཉིན་གྱི་དགོང་མོར། དགུན་དུས་ཨོ་རྩལ་འགྲན་ཚོགས་སྐབས་23པ་ཁོ་རེ་ཡ་ལྷོ་མའི་ཕིང་ཁྲང་གྲོང་ཁྱེར་ཨོ་ལིམ་ཕིག་ལུས་རྩལ་ར་བར་མཇུག་བསྒྲིལ་བ་རེད། ཀྲུང་གོ་ཡིས་སྐབས་རྗེས་མའི་དགུན་དུས་ཨོ་རྩལ་འགྲན་ཚོགས་གཙོ་གཉེར་བྱེད་མཁན་རྒྱལ་ཁབ་ཀྱི་ཐོག་ནས་མཇུག་སྒྲིལ་བའི་མཛད་སྒོའི་ཐོག་《2022ལོར་པེ་ཅིང་དུ་མཇལ་ཡོང་》ཞེས་པའི་སྐར་མ་བརྒྱད་རིང་གི་རིག་རྩལ་འཁྲབ་སྟོན་ཕུལ་བ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་རིས་བརྒྱུད་ནས་འཛམ་གླིང་ཡོངས་ལ་ལྷག་བསམ་ཟོལ་མེད་ངང་2022ལོར་པེ་ཅིང་དུ་མཇལ་ཡོང་ཞེས་གདན་ཞུ་གནང་བ་རེད།
    ཕིང་ཁྲང་ཨོ་ལིམ་ཕིག་ལུས་རྩལ་ར་བའི་སྡོད་གནས་ཚང་མར་མི་ཡིས་བཀང་ཡོད་ལ། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་པ་ཞེས་པའི་བརྗོད་བྱ་གཙོ་བོ་བྱེད་པའི་མཇུག་སྒྲིལ་མཛད་སྒོའི་ཐོག་གི་རིག་རྩལ་འཁྲབ་སྟོན་ངོ་མཚར་ཆེ་བ་རེད། ཉིན་17རིང་གི་ཛ་དྲག་ཆེ་བའི་འགྲན་བསྡུར་བྱས་པ་བརྒྱུད། ལུས་རྩལ་པ་ཚོ་དང་ཡུལ་དངོས་ཀྱི་ལྟད་མོ་བ་ཡོངས་ཀྱིས་མཉམ་དུ་ཨོ་ལིམ་ཕིག་ལུས་རྩལ་གྱི་ཕིང་ཁྲང་འགྲན་ཚོགས་མཇུག་སྒྲིལ་བར་བདེན་དཔང་བྱས་པ་རེད། མཇུག་སྒྲིལ་བའི་མཛད་སྒོའི་མཇུག་ཏུ"པེ་ཅིང་གི་སྐར་མ་བརྒྱད"ཅེས་པའི་རིག་རྩལ་འཁྲབ་སྟོན་གྱིས་ཡུལ་དངོས་ཀྱི་རྣམ་པ་ཡང་བསྐྱར་མཐོ་རླབས་འཕྱུར་བར་བྱས་པ་རེད།
    གར་སྟེགས་ཐོག་ཀྲུང་གོའི་འཁོར་ཤུད་ལུས་རྩལ་པ་22དང་། ལུས་རྩལ་པ་2ཀྱིས་ཆས་སྤྲས་ཏེ་འཁྲབ་པའི"ཕོ་ཉ་དོམ་ཁྲ"དང་དེ་བཞིན་རིག་ནུས་འཕྲུལ་མི་24བཅས་ཀྱིས་མཉམ་དུ་འཁྱགས་རྩེད་སྤོ་ལོ་དང་། འཁྱགས་ལྟིར། གངས་ཤུད་སོགས་དགུན་དུས་ལུས་རྩལ་རྣམ་གྲངས་བསྟན་པ་རེད། འཁོར་ཤུད་ལུས་རྩལ་པའི་ཤུར་རྗེས་དང་མཐོ་རིམ་ཚན་རྩལ་ལས་མངོན་འགྱུར་བྱུང་བའི་བརྙན་རིས་འགྱུར་ལྡོག་ལ་བརྟེན་ནས་ཀྲུང་གོའི་བཀྲ་ཤིས་མཚོན་མདུད་དང་། ཀྲུང་གོའི་འབྲུག བྱ་ཁྱུང་། མྱུར་བགྲོད་ལྕགས་ལམ། གནམ་གྲུ་ཆེན་པོ། མཁའ་སྐྱོད་འཕྲུལ་ཆས་སོགས་ཀྲུང་གོའི་ཁྱད་རྟགས་རིམ་བཞིན་བསྟན་པ་ལས། ཀྲུང་གོའི་ལོ་རྒྱུས་རིག་གནས་དང་དུས་རབས་ཀྱི་རྣམ་པ་མངོན་པ་དང་། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཚོགས་རྟགས"དགུན་དུས་ཕུགས་འདུན"དང་། ལྗང་མདོག་གི་སའི་གོ་ལ། བྱིས་པའི་འཛུམ་ཞལ། སྐྱུ་རུ་ཤིང་གི་ཡལ་ག་དང་ཅུ་ལིའི་མེ་ཏོག་གིས་བཟོས་པའི་མེ་ཏོག་ཕྲེང་བ་སོགས་བསྟན་པ་ལས་ཀྲུང་གོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་པར་སྐུལ་འདེད་གཏོང་བའི་རྒྱལ་ཁབ་ཆེན་པོའི་འགན་ཁུར་མཚོན་པ་རེད།
    སྐབས་དེར། "ཕོ་ཉག་དོམ་ཁྲ"གཉིས་འཆར་ཤེལ་ཆེན་པོར་མངོན་ཞིང་། དེ་གཉིས་ཀྱིས་ཀྲུང་གོའི་ས་གནས་ཁག་ཏུ་ཀྲུང་གོ་མི་དམངས་ཀྱིས་འཛམ་གླིང་ལ་བཏང་བའི་ལྷག་བསམ་རྣམ་དག་གིས་གདུན་ཞུ་བསྡུ་ལེན་བྱེད་བཞིན་ཡོད་པ་རེད། དེ་རྗེས། འཆར་ཤེལ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་ཤར་བ་དང་། ཁོང་གིས་འཆར་ཤེལ་ནས"ང་དང་ཀྲུང་གོའི་མི་དམངས་དུང་ཕྱུར་དུ་མས་འཛམ་གླིང་ཡོངས་ཀྱི་གྲོགས་པོ་2022ལོར་པེ་ཅིང་དུ་མཇལ་ཡོང་བར་དགའ་བསུ་ཞུ། ཁྱེད་ཚོར་དགའ་བསུ་ཞུ། གྲོགས་པོ་ཚོར་དགའ་བསུ་ཞུ"ཞེས་གསུངས་པ་རེད།
    ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུངས་མ་ཐག"ཕོ་ཉ་དོམ་ཁྲ"ཡིས་ཀྲུང་གོ་ནས་ཡོང་བའི་མཛའ་མཐུན་བརྩེ་དུང་ཡིག་ཤུབས་ནང་བཅུག་རྗེས་ཕིང་ཁྲང་ཨོ་ལིམ་ཕིག་ལུས་རྩལ་ར་བར་བསྣམས་ཡོང་བ་རེད། དེའི་རྗེས་སུ་ཡིག་ཤུབས་ཧ་ཅང་ཆེན་པོ་ཞིག་གར་སྟེབས་ཀྱི་དབུས་སུ་ཐོན་ཞིང་། ཡིག་ཤུབས་ཀྱི་ཁ་ཕྱེ་བ་ན། ཞི་ཅིན་ཕིང་དང་ཀྲུང་གོའི་མི་དམངས་ཀྱི་འཛུམ་ཞལ་རེ་རེ་བཞིན་ཤར་ཡོང་སྟེ་འཛམ་གླིང་ལ་གདན་ཞུ་གནང་བ་རེད། ཡིག་ཤུབས་ཀྱི་གཤམ་ཕྱོགས་སུ་1924ལོར་དགུན་དུས་ཨོ་རྩལ་འགྲན་ཚོགས་སྐབས་དང་པོ་ནས་བཟུང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་སྐབས་23པ་འཚོགས་པའི་ལོ་རིམ་པ་བཞིན་ཤར་བ་རེད། ཀྲུང་གོའི་འཁོར་ཤུད་ལུས་རྩལ་པས་ཡུལ་དངོས་སུ"2022"ཞེས་པའི་ཡིག་གཟུགས་བཤུད་འབྲི་བྱས་ཏེ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་རེ་སྒུག་དང་སྨོན་འདུན་ཞུ་བ་མཚོན་པ་རེད།
    སྐར་མ་བརྒྱད་ཀྱི་རིག་རྩལ་འཁྲབ་སྟོན་མ་བྱས་གོང་ལ། རྒྱལ་སྤྱིའི་ཨོ་རྩལ་ཨུ་ལྷན་གྱི་ཀྲུའུ་ཞི་པཱ་ཧེ་ཡིས་ཨོ་རྩལ་འགྲན་ཚོགས་ཀྱི་དར་ཆ་དེ་པེ་ཅིང་གྲོང་ཁྱེར་གྱི་འགོ་འཛིན་ནམ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ལག་བསྟར་ཀྲུའུ་ཞི་ཁྲེང་ཅི་ཉིང་གི་ལག་ཏུ་སྤྲད་པ་རེད། ཡུལ་དངོས་སུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བཏང་སྟེ་འོད་མདངས་འཕྲོ་བའི་སྐར་ལྔའི་དར་དམར་བསྒྲེངས་པ་རེད།
    རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཆེད་བསྐོས་འཐུས་ཚབ་བམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་མཇུག་སྒྲིལ་མཛད་སྒོར་ཞུགས་པ་རེད།
    2015ལོའི་ཟླ་7ཚེས་31ཉིན། པེ་ཅིང་དང་ཀྲང་ཅ་ཁོའུ་ལ་མཉམ་དུ་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་དབང་ཐོབ་པ་རེད། ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་རིམ་བཞིན་ཞི་བ་དང་ཆབས་ཅིག་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི"པེ་ཅིང་དུས་འཁོར"འགོ་ཚུགས་པ་རེད།

    

རྩོམ་སྒྲིག་པ། (ཚེ་རིང་སྒྲོལ་མ།)