དབུ་ཤོག >> སྐབས་དོན་གསར་འགྱུར། >> བོད་ཁུལ་གསར་འགྱུར།
གནའ་བོའི་ལྷ་མོས་བོད་ས་ཁྱི་ལོའི་ལོ་སར་བསུ་བ།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-03-01 རྩོམ་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། ཀློག་གྲངས། 3511

མཚན་ཚོགས་ཡུལ་དངོས་ཀྱི་ལྷ་མོ་སྟེརྔོན་པ

        བོད་ཀྱི་ལོ་སར་ཇེ་ཉེ་ནས་ཇེ་ཉེར་ཕྱིན་པ་དང་བསྟུན།ཡུལ་ལུང་སོ་སོར་ལོ་སར་བསུ་བའི་རྟེན་འབྲེལ་བྱེད་སྒོ་ཁག་ཀྱང་གོ་རིམ་ཡོད་པའི་སྒོ་ནས་སྤེལ་བཞིན་ཡོད་ལ།ཟླ2པའི་ཚེས10ཉིན་གྱི་དགོང་མོར།བོད་ས་ཁྱི་ལོའི་སྲོལ་རྒྱུན་གླུ་གར་མཚན་ཚོགས་དེ་ལྷ་ས་ནས་ཕབ་སྐྲུན་ལེགས་འགྲུབ་བྱུང་ཡོད་འདུག
          ད་རེས་ཀྱི་མཚན་ཚོགས་ཀྱིས་ལེ་ཚན་སྒྲིག་བཟོ་ཞིབ་ཚགས་དང་།དང་དོད་ཆེ་བའི་གར་སྟེགས་ཀྱི་སྡིངས་ཆ་བསྐྲུན་པ།གློག་འོད་ཀྱི་འཕྲོས་སྣང་བརྒྱུད་རྒན་གཞོན་ཀུན་གྱི་སྤྱན་ལམ་དུ་སྟོན་མོ་གཟབ་རྒྱས་ཤིག་བཤམས་པར་འབད་བརྩོན་གནང་ཡོད་པ་དང་།ཕབ་བསྐྲུན་གྱི་བརྒྱུད་རིམ་ཁྲོད།  ཡིད་དབང་ཅིག་ཅར་འཕྲོག་པའི་རྐྱང་གཞས་དང་གནའ་བོའི་དབྱངས་རྟས་ཕྱུག་པའི་ལྷ་མོ།བཀྲ་ཤིས་སྤྲོ་སྐྱིད་ལྡན་པའི་སྟོད་གཞས་སྐོར་བྲོ་བཅས་ཀྱིས་ཡུལ་དངོས་ཀྱི་སྤྲོ་སྐྱིད་རྣམ་པར་འཁྲུག་ཆའི་ཚ་རླབས་ཤིག་འཕྱུར་ཞིང་།ཚོགས་ར་ཡོངས་སུ་ལྟད་མོ་བའི་ཐལ་མོའི་རྡེབ་སྒྲས་ཁེངས་ཡོད་པ་རེད།

མཚན་ཚོགས་ཀྱི་ཡུལ་དངོས།

          བསོད་ནམས་ནི་སློབ་ཆུང་གི་དགེ་རྒན་ཅིག་ཡིན་ཏེ།  ལོ་ན20ལ་སོན་མ་ཐག་པའི་དུས་ཁོ་རང་ནམ་རྒྱུན་ལྷ་མོར་ལྟ་རྒྱུར་ཤིན་ཏུ་དགའ་བོ་ཡོད་པ་དང་།ད་རེས་ཁོ་སྟོད་ལུང་བདེ་ཆེན་ཆུས་ནས་ཆེད་དུ་མཚན་ཚོགས་ལ་ལྟ་རུ་ཡོང་པ་ཡིན་ལ།“ བོད་ཀྱི་ལོ་སར་སླེབས་ལ་ཉེ་ཞིང་།ལོ་སར་གྱི་མཁོ་ཆས་ཀྱང་གྲ་སྒྲིག་བྱས་ཚར་ཡོད།ཡུལ་དངོས་ནས2018ལོའི་བོད་ས་ཁྱི་ལོའི་ལོ་སར་གྱི་སྲོལ་རྒྱུན་གླུ་གར་གྱི་མཚན་ཚོགས་ཕབ་སྐྲུན་ལ་ལྟ་ཐུབ་པ་བྱུང་པར་ཧ་ཅང་དགའ་སྤྲོ་སྐྱེས་ཡོད”ཅེས་ཁོས་ལྟད་མོར་བལྟས་ཚར་རྗེས་ད་དུང་ཁ་པར་གྱིས་བླངས་པའི་མཚན་ཚོགས་ཀྱི་བརྙན་དུམ་ཞིག་སྐད་འཕྲིན་གྲོགས་ཚོམས་སུ་བཀོལ་པར་ཀུན་གྱིས་བསྟོད་བསྔགས་དང་ལོ་སར་གྱི་འཚམས་འདྲི་མི་ཉུང་པ་ཕུལ་ཡོད་འདུག
          ལྷ་ས་གྲོང་ཁྱེར་སྣེའུ་མཐོ་རིམ་སློབ་འབྲིང་དུ་མཐོ་གཅིག་འདོན་བཞིན་པའི་ཕུར་བསམ་གྱིས་ཧ་ཅང་སྤྲོ་བ་ལྡན་པའི་ངང་ལྟད་མོར་རོལ་བཞིན་ཡོད་ལ།མ་ཟད་འཁྲིས་སུ་སྡོད་པའི་རྨོ་མོ་དང་ཁ་བརྡ་བྱེད་ཀྱི་འདུག  ཁོང་གིས“ངའི་རྨོ་མོ་ལྷ་མོར་ལྟ་རྒྱུར་ཤིན་ཏུ་དགའ་པོ་ཡོད་ལ།ད་ཐེངས་ང་ནི་རྨོ་མོར་ལྷ་མོར་ལྟ་རོགས་ལ་ཡོང་པ་ཡིན་ལ།  དེ་ལས་གོ་རིམ་ཁ་ཤས་ནི་ངས་ནི་ཅུང་རྟོགས་དཀའ་ལ།རྨོ་མོས་ང་ལ་འགྲེལ་བཤད་གནང་རོགས་མཛད་པ་ཡིན”ཞེས་བཤད་བྱུང་།

མཚན་ཚོགས་ཀྱི་ཡུལ་དངོས།

          རྒྱུས་ལོན་བྱུང་པ་ལྟར་ན།   ད་རེས་ཀྱི་མཚན་ཚོགས་འདི་ནི་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དང་བོད་ཀྱི་རིག་གནས་སྒྱུ་རྩལ་སྡེ་ཚོགས་ཀྱིས་མཉམ་འབྲེལ་བྱས་ནས་སྒྲུབ་པ་ཡིན་ལ།འདི་ནི་ཕྱོགས་གཉིས་ནས་ལོ་གཉིས་པར་མཉམ་ལས་གཏིང་ཟབ་གནང་པ་རེད།བོད་ཀྱི་རིག་གནས་སྒྱུ་རྩལ་སྡེ་ཚོགས་ཀྱི་འགན་ཁུར་པ་ས་ལ་ཚེ་དབང་རིག་འཛིན་གྱིས“བོད་ཀྱི་རིག་གནས་སྒྱུ་རྩལ་གྱི་སྐྱེ་ཁམས་ལ་དོ་ཁུར་དང་ནུས་ཤུགས་ཡོད་རྒུས་རིག་གནས་མིང་རྟགས་རྩེ་གྲ་གཏོད་པ།སྒྱུ་རྩལ་གཞི་རིམ་དུ་བསྐྱོད་པ་དང་འཚོ་བར་མཉམ་འདྲེས་བཅས་དམངས་ཀྱི་བསམ་པའི་ལོངས་སྤྱོད་དུ་གྱུར་ཡོད་ལ།དེ་དག་ནི་ང་ཚོས་ཐོག་མཐའ་བར་གསུམ་དུ་འབད་བརྩོན་བྱ་རྒྱུའི་ཁ་ཕྱོགས་ཡིན”ཞེས་བཤད་བྱུང་། 
          ཡུལ་དངོས་ཀྱི་ལས་བྱེད་མི་སྣ་ཝང་ཧའོ་ཁོ་ཡིས།“ཐེངས་འདིའི་དགོང་ཚོགས་ཕབ་སྐྲུན་བྱ་བར་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་སྤྲོ་སེམས་འཁོལ་བའི་ངང་ནས་ངོས་ལེན་གནང་པ་དང་།བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་ཟློས་གར་ཁང་དུ་སྡོད་མིས་ཁེངས་ནས་སྡོད་གནས་གཅིག་ཀྱང་ལྷག་མ་བྱུང་པར།  ལེ་ཚན་འཁྲབ་སྟོན་ལ་སྤྲོ་སེམས་ཆེས་ཆེར་འཕེལ་བའི་རྣམ་པ་མངོན་འདུག་ཅིང་། རྣམ་པ་འདི་མཐོང་ཚེ། ང་རང་ཉིད་ལ་མཚོན་ན།མཚན་ཚོགས་འདིའི་རྒྱབ་ཕྱོགས་ཀྱི་ལས་བྱེད་མི་སྣ་ཐམས་ཅད་ལ་མཚོན་ནས་བཤད་ན། ཚང་མ་ཡིད་སེམས་ཀུན་ནས་སྐྱིད་པ་ཞིག་རེད”ཅེས་བརྗོད་བྱུང་།

མཚན་ཚོགས་ཀྱི་ཡུལ་དངོས།

        ལྷ་མོའི་ཟློས་གར《རྔོན་པ》དང་སྐྱེས་པའི་རྐྱང་གཞས《སྐྱེས་ཡུལསོགས་རྣམ་གྲངས17རིམ་པ་ལྟར་འཁྲབ་སྟོན་བྱས་ཤིང་།དུས་ཡུན་ཆུ་ཚོད3ལྷག་རིང་ཕབ་སྐྲུན་བྱས་ནས་ཡུལ་དངོས་ནི་དགའ་སྤྲོའི་རྣམ་པས་ཁེངས་ཡོད་ཅིང་།དགོང་ཚོགས་ལྟད་མོ་བའི་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་ཡོངས་སུ་མཇུག་གྲིལ་བ་རེད།
          མཚན་ཚོགས་འདི་ཉིད་ནི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་པ་དང་།བདེ་སྐྱིད་ཚོར་སེམས་དང་གཟི་བརྗིད་ལྡན་པའི་བསམ་པ་ཇེ་ཆེར་གཏོང་པ། ཁྱོན་ཡོངས་ནས་དུས་རབས་གསར་པའི་བོད་ལྗོངས་ཀྱི་མང་ཚོགས་ཀྱི་ཉམས་འགྱུར་མངོན་པ། མང་ཚོགས་དེ་བས་མང་བ་དེའི་ནང་ཞུགས་ནས་རོལ་མྱོང་བྱེད་པ་དང་།རྒྱུས་ལོན་བྱེད་པ།བོད་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དྲིལ་བསྒྲགས་དང་།བདག་སྐྱོང་།རྒྱུན་འཛིན་བྱེད་པར་བྱས་རྗེས་འཇོག་རྒྱུར་དམིགས་ནས་གཉེར་བ་ཞིག་གོ། 

 

རྩོམ་སྒྲིག་པ། (ཚེ་རིང་སྒྲོལ་མ།)