དབུ་ཤོག >> སྐབས་དོན་གསར་འགྱུར། >> རྒྱལ་ཕྱི་ནང་གསར་འགྱུར།
ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིང་དུ་འཚོགས་པ།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-03-02 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས། 3622

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་འོས་སྦྱོར་བྱེད་རྩིས་ཡོད་པའི་རྒྱལ་ཁབ་ལས་ཁུངས་ཀྱི་འགོ་ཁྲིད་མི་སྣའི་འོས་མི་གྲོས་འགོའི་མཚན་ཐོ་དང་།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོར་འོས་སྦྱོར་བྱེད་རྩིས་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཁྲིད་མི་སྣའི་འོས་མི་གྲོས་འགོའི་མཚན་ཐོར་གྲོས་འཆམ་བྱུང་བ་དང་།《ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》དང《ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཇུས་གཞིར》གྲོས་འཆམ་བྱུང་བ། 《ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཇུས་གཞིའི》ནང་དོན་ཁག་གཅིག་ཁྲིམས་འཁོད་གོ་རིམ་གཞིར་བཟུང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་མོས་མཐུན་བྱས་པ།

ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་2018ལོའི་ཟླ་2ཚེས་26ནས་28ཉིན་བར་པེ་ཅིང་དུ་འཚོགས་ཤིང་།ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་28ཉིན་གློག་འཕྲིན་འབྱོར་གསལ།ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་བསྒྲགས།(2018ལོའི་ཟླ་2ཚེས་28ཉིན་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཐེངས་གསུམ་པའི་ཐོག་གྲོས་འཆམ་བྱུང་བ)ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་2018ལོའི་ཟླ་2ཚེས་26ནས་28ཉིན་བར་པེ་ཅིང་དུ་འཚོགས་པ་རེད།

   ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་ཀྲུང་དབྱང་ཨུ་ཡོན་202དང་། རྗེས་སྣོན་ཀྲུང་དབྱང་ཨུ་ཡོན་171ཡོད་པ་རེད། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་གནང་ཡོད་པ་རེད།

   ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚང་འཛོམས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་།ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད།

   ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མངགས་བཅོལ་བཞིན་ཞི་ཅིན་ཕིང་གིས་གནང་བའི་ལས་དོན་སྙན་སྒྲོན་གསན་པ་དང་དེར་གྲོས་ཞིབ་གནང་བ་རེད།ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཏང་ཕྱི་ནང་དུ་བསམ་འཆར་བསྡུ་ལེན་རྒྱ་ཁྱབ་བྱས་པ་དང་།གྲོས་མོལ་གྲ་སྒྲིག་ཡང་ཡང་བྱས་པའི་རྨང་གཞིའི་ཐོག་བཏོན་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོར་འོས་སྦྱོར་བྱ་རྒྱུའི་རྒྱལ་ཁབ་ལས་ཁུངས་ཀྱི་འགོ་ཁྲིད་མི་སྣའི་འོས་མི་གྲོས་འགོའི་མཚན་ཐོ་དང་།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོར་འོས་སྦྱོར་བྱ་རྒྱུའི་རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཁྲིད་མི་སྣའི་འོས་མི་གྲོས་འགོའི་མཚན་ཐོར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་འབྲེལ།གྲོས་འགོའི་མཚན་ཐོ་དེ་གཉིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པར་འོས་སྦྱོར་བྱ་རྒྱུའི་གཏན་འབེབས་གནང་བ་རེད།ཚང་འཛོམས་གྲོས་ཚོགས་ཐོག《ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》དང《ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཇུས་གཞིར》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། 《ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཇུས་གཞིའི》ནང་དོན་ཁག་གཅིག་ཁྲིམས་འཁོད་གོ་རིམ་གཞིར་བཟུང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་མོས་མཐུན་བྱས་པ་རེད།

   ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་ཚུན་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་རེད།རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བའི་རྒྱལ་སྤྱིའི་དུས་བབ་དང་།དཀའ་ཚེགས་ཆེ་ལ་ལས་འགན་ལྕི་བའི་རྒྱལ་ནང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་གྱི་མདུན་དུ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་།སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་མར་ཁེ་སི་ལེ་ཉིན་རིང་ལུགས་དང་།མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན།ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བ།ཏང་གིས་ལས་དོན་མཐའ་དག་ལ་འགོ་ཁྲིད་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ།བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ།གསར་གཏོད་བྱེད་ཕོད་པ་དང་ལས་དོན་ཏན་ཏིག་སྤེལ་བ།“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ།“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ།ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱེད་པ།ཡིད་ཆེས་བརྟན་དུ་གཏོང་བ། སེམས་ནུས་གཅིག་སྒྲིལ་བྱེད་པ། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པ།དམ་པ་དོན་གཉེར་བྱེད་པ། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་ནུས་ལྡན་གཏོང་བ།དཔལ་འབྱོར་བརྟན་ལ་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུ་རྒྱུན་འཁྱོངས་བྱེད་པ།ཕྱོགས་ཡོངས་དང་ཁྲིམས་བཞིན་རྒྱལ་ཁབ་ནུས་ལྡན་སྐྱོང་བ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།ནུས་ཤུགས་ཡོད་རྒུས་ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་བ་དང་།གནད་སྨིན་དབུལ་སྒྲོལ།སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ།ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་ལས་ཀའི་སྤྱོད་ཚུལ་ལེགས་སུ་ནུས་ལྡན་གཏོང་བ།སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་།ཆབ་སྲིད་འཛུགས་སྐྱོང་།རིག་གནས་འཛུགས་སྐྱོང་།སྤྱི་ཚོགས་འཛུགས་སྐྲུན།སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་།ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་།སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་གོམ་སྟབས་གསར་པ་སྤོ་བ།ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་པའི་ངོས་འཛིན་གཅིག་མཐུན་བྱས་པ་རེད།

   ཚང་འཛོམས་གྲོས་ཚོགས་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོ་དང་།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོ་ཡག་པོ་འཚོག་རྒྱུ་དེ་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་།དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་པོ་ཆེ་བརྩོན་ལེན་བྱ་ཕྱིར་འབད་འཐབ་བྱ་རྒྱུའི་ངོས་ནས་བརྗོད་ཚེ་དོན་སྙིང་གལ་ཆེན་ལྡན་ཡོད་པའི་ངོས་འཛིན་བྱས་པ་རེད།

   ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན།ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་ནི་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་གསར་སྒྱུར་གཏིང་ཟབ་ཞིག་རེད།ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འགན་ནུས་མ་ལག་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད་ལ་རང་རེའི་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་འགན་ལེན་གལ་ཆེན་ཞིག་ཀྱང་རེད།ཀྲུང་གོ་གསར་པ་དབུ་བརྙེས་ཚུན། རང་རེའི་ཏང་གི་འགོ་ཁྲིད་འོག་རང་རྒྱལ་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་གཏན་འཁེལ་བྱས་ནས་རང་རྒྱལ་གྱི་ཁྱད་ཆོས་ལྡན་པའི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འགན་ནུས་མ་ལག་རིམ་བཞིན་བསྐྲུན་ཡོད།སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་སྒྱུར་བཅོས་སྒོ་དབྱེའི་བརྒྱུད་རིམ་ནང་རང་རེའི་ཏང་གིས་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་བས་ཕྱོགས་ཁག་གི་ལས་ཁུངས་ཀྱི་འགན་ནུས་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་རིམ་བཞིན་ཚད་ལྡན་དུ་གྱུར་ཡོད།ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་བ་དང་།རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་སྤྱིའི་དམིགས་ཚད་ལ་དམ་པོར་དམིགས་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་།ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ།གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ།གཙོ་གནད་ཁྱབ་ཁོངས་མངོན་གསལ་དོད་པོ་ཡོང་བ་བྱེད་པ། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ།ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིག་ཁག་གཅིག་ལ་འཕེལ་རྒྱས་ཆེན་པོ་ཡོང་བ་བྱེད་པ་བཅས་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བའི་འགན་ལེན་ནུས་ལྡན་བྱས་ཡོད།

ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་གནང་དོན།དུས་རབས་གསར་པ་དང་ལས་འགན་གསར་པས་བཏོན་པའི་བླང་བྱ་གསར་པའི་མདུན་དུ་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་ཀྱི་འཛུགས་སྟངས་དང་།འགན་ནུས་བཀོད་སྒྲིག་བྱ་རྒྱུ་དེ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི་”འཐབ་ཇུས་བཀོད་ཇུས་མཐུན་སྦྱོར་སྐུལ་འདེད་གཏོང་བའི་བླང་བྱ་དང་ད་དུང་ཡོངས་སུ་འཚམས་ཐུབ་མེད་ལ་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་བླང་བྱ་དང་ཡང་ཡོངས་སུ་འཚམས་ཐུབ་མེད།དེས་ན་ཏང་ཡོངས་ཀྱིས་ངེས་པར་དུ་བསམ་བློ་གཅིག་གྱུར་དང་།ཡིད་ཆེས་བརྟན་གཏོང་།གོ་སྐབས་དམ་འཛིན་བཅས་བྱས་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་གཏོང་བའི་བརྒྱུད་རིམ་ནང་སེམས་ཐག་གཙང་བཅད་ཀྱིས་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འགན་ནུས་མ་ལག་ཁྲོད་གནས་པའི་འགལ་རྐྱེན་དང་ཞན་ཆ་སེལ་བ་དང་།རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་མགྱོགས་མྱུར་བཏང་སྟེ།རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དེ་བས་ལེགས་པར་འདོན་སྤེལ་བྱེད་དགོས།

   ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་གནང་དོན།ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་མཛུབ་ཁྲིད་བསམ་བློ་ནི།ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་མར་ཁེ་སི་ལེ་ཉིང་རིང་ལུགས་དང་།མའོ་ཙེ་ཏུང་གི་དགོངས་པ།ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམགྱི་དགོངས་པ་གལ་ཆེན།ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པ་དང་།བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ།ཡང་དག་པའི་སྒྱུར་བཅོས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ།མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ།ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པ།ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་སྤྱི་འདོམས་དུ་བྱེད་པ།རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུ་ཁྲིད་སྟོན་དུ་བྱེད་པ།ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འགན་ནུས་ལེགས་གཏོང་དང་མཐུན་སྦྱོར་ནུས་ཆེར་སྐུལ་འདེད་གཏོང་རྒྱུ་ཤུགས་རྒྱག་གཞིར་བྱེད་པ།ལས་ཁུངས་འཛུགས་སྟངས་སྒྱུར་བཅོས་བྱེད་པ།འགན་ནུས་བཀོད་སྒྲིག་ལེགས་སུ་གཏོང་བ། འགན་ནུས་དང་། བྱ་ཐབས། སྤྱོད་ཚུལ་བཅས་ལེགས་སུ་གཏིང་ཟབ་གཏོང་བ།ལས་ཕྱོད་དང་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་།ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་རྒྱང་སྐྱོད་ལམ་བུ་གསར་པ་འབྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པ་བཅས་ཀྱི་ཆེད་ལམ་ལུགས་ཀྱི་འགན་ལེན་ནུས་ལྡན་བྱེད་དགོས།ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་ངེས་པར་དུ་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་།མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས། ལེགས་གཏོང་དང་མཐུན་སྦྱོར་ནུས་ཆེ་མཐའ་འཁྱོངས།ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་རྒྱུ་མཐའ་འཁྱོངས་བཅས་ཀྱི་རྩ་དོན་ངེས་པར་དུ་ལག་བསྟར་བྱེད་དགོས།

   ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན།ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་དམིགས་ཡུལ་ནི་མ་ལག་ཚང་བ་དང་།ཚན་རིག་དང་མཐུན་ལ་ཚད་དང་ལྡན་པ།འཁོར་རྒྱུག་ནུས་ཆེ་བཅས་ཀྱི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འགན་ནུས་མ་ལག་བསྐྲུན་ཐོག་སྤྱི་ཡོངས་ལ་གཅིག་འཛིན་དང་ཕྱོགས་ཁག་དང་མཐུན་སྦྱོར་བྱེད་པའི་ཏང་གི་འགོ་ཁྲིད་ཀྱི་མ་ལག་དང་།འགན་འཁྲི་ཁ་གསལ་དང་ཁྲིམས་ལྟར་སྲིད་འཛིན་པའི་སྲིད་གཞུང་བཅོས་སྐྱོང་གི་མ་ལགཀྲུང་གོའི་ཁྱད་ཆོས་དང་འཛམ་གླིང་ཐོག་རྩེར་སོན་གྱི་དྲག་ཆས་སྟོབས་ཤུགས་ཀྱི་མ་ལག འབྲེལ་གཏུག་བྱེད་རྒྱ་ཆེ་བ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་མང་ཚོགས་ཚོགས་པའི་ལས་དོན་གྱི་མ་ལག་བཅས་ཆགས་པར་བྱེད་པ་དང་མི་དམངས་འཐུས་ཚོགས་དང་།སྲིད་གཞུང་། སྲིད་གྲོས། ལྟ་ཞིབ་ལས་ཁུངས། འདྲི་གཅོད་ལས་ཁུངས། ཞིབ་དཔྱོད་ལས་ཁུངས། མི་དམངས་ཚོགས་པ།ཁེ་ལས་དང་བྱ་གཞག་ཚན་པ།སྤྱི་ཚོགས་རྩ་འཛུགས་སོགས་ཀྱིས་ཏང་གི་གཅིག་གྱུར་འགོ་ཁྲིད་འོག་མཐུན་སྦྱོར་ངང་བྱ་སྤྱོད་སྤེལ་བ་དང་མཉམ་ཤུགས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ།རྒྱལ་ཁབ་ཀྱི་བཅོས་སྐྱོང་ནུས་པ་དང་བཅོས་སྐྱོང་ཆུ་ཚད་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས།ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པར་གཞིགས་ནས་འགལ་ཟླ་མངོན་གསལ་དོད་པོར་དམིགས་པ་དང་།གཙོ་གནད་ལ་དམ་འཛིན་དང་།ཞན་ཆ་གསབ་པ།ཉམས་ཞན་སྟོབས་ཆེར་གཏོང་བ།ཉེན་ཁ་འགོག་པ་བཅས་བྱས་ཏེ་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འགན་ནུས་ཀྱི་ཐད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་ཆེད་འགན་ལེན་བྱེད་དགོས་ལ།ལོ་བརྒྱ་གཉིས་ཀྱི་་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པར་དམིགས་ནས་ཕུགས་དང་འབྲེལ་བ་ཡོད་པའི་སྒྲིག་སྲོལ་ལམ་སྲོལ་གྱི་གནད་དོན་ཐག་གཅོད་བྱ་རྒྱུར་མཐོང་ཆེན་བྱས་ཏེ་རྨང་གཞི་འདིང་བ་དང་།ཀ་རྟེན་འཛུགས་པ།སྒྲོམ་གཞི་གཏན་འཁེལ་བཅས་བྱས་ཏེ་དེ་བས་འཐུས་སྒོ་ཚང་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཆགས་ཆེད་ཕན་ཡོད་ཆ་རྐྱེན་བསྐྲུན་དགོས།

   ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན།ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལས་འགན་ཨང་དང་པོ་ནི་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཏང་གིས་ཁྱབ་ཁོངས་ཁག་དང་ཕྱོགས་ཁག་གི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཏང་གི་འགོ་ཁྲིད་ཁྱོན་ཡོངས་ལ་ཁྱབ་པའི་འགན་ལེན་བྱེད་པ་དང་ཏང་གི་འགོ་ཁྲིད་དེ་བས་འགྱུར་མེད་སྟོབས་ལྡན་ཡོང་བའི་འགན་ལེན་བྱེད་དགོས།ཏང་གིས་ལས་དོན་འགངས་ཆེན་ལ་འགོ་ཁྲིད་བྱེད་པའི་སྒྲིག་གཞི་དང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་རིམ་མཚུངས་རྩ་འཛུགས་ཁྲོད་ཀྱི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་གནས་བབ་ཤུགས་ཆེར་གཏོང་བ་དང་།ཏང་གི་འགན་ནུས་སྡེ་ཚན་གྱི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་པ།ཏང་སྲིད་སྒྲིག་གཞི་སྤྱི་འདོམས་ངང་བཀོད་སྒྲིག་བྱེད་པ་བཅས་བྱས་ཏེ་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་སྒྲིག་གཞི་དང་རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་བྱ་རྒྱུར་སྐུལ་འདེད་གཏོང་དགོས།

   ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན།སྲིད་གཞུང་གི་འགན་ནུས་ལེགས་སུ་གཏོང་བ་དང་།སྲིད་གཞུང་གི་ལས་ཁུངས་འཛུགས་སྟངས་དང་འགན་ནུས་བཀོད་སྒྲིག་བྱ་རྒྱུ་ལེགས་སུ་གཏོང་རྒྱུ་ནི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལས་འགན་གལ་ཆེན་ཞིག་རེད།ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་དང་དེ་བས་ལེགས་པའི་སྒོ་ནས་སྲིད་གཞུང་གི་ནུས་པ་འདོན་སྤེལ་བྱ་རྒྱུར་ཚོད་འཛིན་བཟོ་བའི་སྒྲིག་སྲོལ་ལམ་སྲོལ་གྱི་ཞན་ཆ་མཐའ་གཅིག་ཏུ་བསལ་ནས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུར་དམིགས་པ་དང་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་སྐྲུན་པ།སྲིད་གཞུང་ལས་ཁུངས་ཀྱི་འགན་ནུས་ལེགས་སྒྲིག་དང་བཟང་སྒྲིག་བྱེད་པ་དང་།སྤྱི་ཁོག་དོ་དམ་སྡེ་ཚན་གྱི་འགན་ནུས་ལུགས་མཐུན་ངང་བཀོད་སྒྲིག་བྱེད་པ།ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ།ཁྲོམ་རའི་ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ།རང་བྱུང་ཐོན་ཁུངས་དང་སྣོད་བཅུད་ཁོར་ཡུག་དོ་དམ་སྒྲིག་གཞི་སྒྱུར་བཅོས་བྱེད་པ།སྤྱི་པའི་ཞབས་ཞུའི་དོ་དམ་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ།ལས་དོན་སྒྲུབ་རིང་དང་སྒྲུབ་རྗེས་ཀྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ།སྲིད་འཛིན་ལས་ཕྱོད་ཆེ་རུ་གཏོང་བ། སྲིད་གཞུང་གི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱས་ཏེ་མི་དམངས་བློ་ཡིད་ཚིམ་པའི་ཞབས་ཞུ་རྣམ་པའི་སྲིད་གཞུང་གཏོད་དགོས།

   ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན།ཏང་སྲིད་དམག་དང་མང་ཚོགས་ཀྱི་སྒྲིག་གཞི་སྒྱུར་བཅོས་ལ་སྤྱི་འདོམས་བྱ་རྒྱུ་ནི་ཏང་གི་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ལས་ཁུངས་ཀྱི་འགན་ནུས་བཟང་སྒྲིག་དང་མཐུན་སྦྱོར་ནུས་ཆེ་ཡོང་བ་བྱེད་པའི་ལྡོག་མེད་གྱི་བླང་བྱ་ཞིག་རེད།འབྲེལ་ཡོད་ལས་ཁུངས་ཀྱི་སྒྲིག་བཀོད་འདྲ་མཚུངས་ཡིན་པའི་འགན་ནུས་སྤྱི་འདོམས་ངང་བཀོད་སྒྲིག་བྱས་ཏེ་ཏང་གི་སྡེ་ཚན་དང་།རྒྱལ་ཁབ་ཀྱི་ལས་ཁུངས།མང་ཚོགས་རང་བཞིན་གྱི་ཚོགས་པའི་རྩ་འཛུགས། བྱ་གཞག་ཚན་པའི་འགན་འཁྲི་བཅས་གསེད་བཀྲོལ་དང་བཟང་སྒྲིག་བྱས་ནས་ཏང་སྲིད་ལས་ཁུངས་ཀྱི་བཀོད་པ་ལེགས་སུ་གཏོང་བ་དང་།མི་དམངས་འཐུས་ཚོགས་དང་།སྲིད་གྲོས།ཁྲིམས་འཛིན་སྒྲིག་གཞི་བཅས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ།མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ།སྤྱི་ཚོགས་རྩ་འཛུགས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ།བྱ་གཞག་ཚན་པའི་སྒྱུར་བཅོས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ།དམག་དཔུང་དང་ས་གནས་སྒྲོལ་བའི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ།ཏང་གི་འགོ་ཁྲིད་ནུས་པ་ཆེ་རུ་གཏོང་བ།སྲིད་གཞུང་གི་ལག་བསྟར་ནུས་པ་ཆེ་རུ་གཏོང་བ།མང་ཚོགས་རང་བཞིན་གྱི་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ།མི་དམངས་དམག་དཔུང་གི་འཐབ་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ལས་ཁུངས་ཁག་འབྲེལ་མཐུད་ནུས་ལྡན་དང་ཕན་ཚུན་མཐུན་སྦྱོར་ཡོང་བ་བྱེད་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན།རང་རྒྱལ་ལྟ་བུའི་རྒྱལ་ཁབ་ཆེན་པོ་བཅོས་སྐྱོང་ཡག་པོ་བྱེད་པར་ཀྲུང་དབྱང་དང་ས་གནས་ཀྱི་འགན་འཁྲིའི་འབྲེལ་བ་གསེད་བཀྲོལ་བྱས་ནས་ཀྲུང་དབྱང་དང་ས་གནས་ཀྱི་ཧུར་བརྩོན་རང་བཞིན་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས།ས་གནས་ཀྱི་སྒྲིག་གཞི་བཀོད་སྒྲིག་དང་འགན་ནུས་བཀོད་སྒྲིག་བྱ་རྒྱུར་སྤྱི་འདོམས་དང་བཟང་སྒྲིག་བྱས་ཏེ་ཀྲུང་དབྱང་ནས་ས་གནས་བར་འཁོར་རྒྱུག་བདེ་བླག་དང་།གསོན་ཤུགས་ཀྱིས་ཁེངས་པ།གང་གསུང་དེ་སྒྲུབ་བཅས་ཀྱི་ལས་ཀའི་མ་ལག་བསྐྲུན་ནས་ཀྲུང་དབྱང་གིས་སྤྱི་ཁོག་ལས་དོན་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ས་གནས་ཀྱིས་ཏང་ཀྲུང་དབྱང་གིས་གང་གསུང་དེ་སྒྲུབ་ཞུ་རྒྱུ་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ས་ཁུལ་དེ་གའི་ལས་དོན་ལ་དོ་དམ་ཡག་པོ་བྱས་ནས་ཞིང་ཆེན་རིམ་པ་དང་དེ་བཞིན་དེ་མན་གྱི་ལས་ཁུངས་ལ་རང་བརྟེན་དབང་ཆ་དེ་བས་མང་བ་སྤྲོད་པ་དང་།རིམ་པ་ཁག་གི་ལས་ཁུངས་དང་དེ་བཞིན་འགན་ནུས་ལུགས་མཐུན་བཀོད་སྒྲིག་བྱེད་པ།ས་གནས་ཀྱི་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ།གཞི་རིམ་སྲིད་དབང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སྟབས་བདེ་ནུས་ཆེའི་གཞི་རིམ་དོ་དམ་སྒྲིག་གཞི་འཛུགས་དགོས།

   ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན།ལས་ཁུངས་ཀྱི་སྒྲིག་ཁོངས་ཁྲིམས་འཁོད་ཅན་ལ་བསྒྱུར་རྒྱུ་ནི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འགན་ལེན་གལ་ཆེན་ཞིག་རེད།ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཁྲིམས་སྲོལ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཁྲིམས་ལྟར་རིགས་ཁག་རྩ་འཛུགས་དང་ལས་ཁུངས་ལ་དོ་དམ་བྱེད་པ་དང་ལས་ཁུངས་དང་།འགན་ནུས། དབང་ཚད། གོ་རིམ། འགན་འཁྲི་བཅས་ཁྲིམས་འཁོད་ཅན་ལ་བསྒྱུར་རྒྱུར་སྐུལ་འདེད་མགྱོགས་མྱུར་བཏང་སྟེ་སྲིད་གཞུང་སྡེ་ཚན་གྱི་དབང་ཆ་དང་འགན་འཁྲི་གསལ་ཐོའི་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་བ་དང་འགན་སྒྲུབ་བྱ་སྤྱོད་ཚད་ལྡན་དང་ཚོད་འཛིན་བྱེད་པ།དབང་ཆ་ཁ་གསལ་དུ་སྤྱོད་པ། ལས་ཁུངས་ཀྱི་སྒྲིག་ཁོངས་དོ་དམ་གྱི་བཙན་ཞིང་ནན་པའི་གཅུན་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ལས་ཁུངས་ཀྱི་སྒྲིག་ཁོངས་ཀྱི་སྒྲིག་འགལ་ཁྲིམས་འགལ་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་དགོས།

   ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་གནང་དོན།ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་ནི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཡིན་པས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བསམ་བློ་དང་བྱ་སྤྱོད་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ།བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ།སྒྱུར་འཕེལ་བརྟན་གསུམ་གྱི་འབྲེལ་བ་ཁོང་དུ་ཡག་པོ་ཆུད་པ། ཆད་ལུས་མེད་པའི་སྒོ་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ།བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་སྒྱུར་བཅོས་འགན་ལེན་བྱེད་པ།སྒྱུར་བཅོས་ཀྱི་མ་ལག་རང་བཞིན་དང་།སྤྱི་ཡོངས་རང་བཞིན།མཐུན་སྦྱོར་རང་བཞིན་བཅས་ཆེ་རུ་གཏོང་བ།ཏང་སྲིད་དམག་དང་མང་ཚོགས་ཀྱི་ཕྱོགས་ཁག་གི་སྒྲིག་གཞི་སྒྱུར་བཅོས་ལ་གཞོགས་འདེགས་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སྒྱུར་བཅོས་ཁག་ཕན་ཚུན་སྐུལ་འདེད་དང་ཕན་ཚུན་གཞོགས་འདེགས་ཐུབ་པ་བྱས་ཏེ་སྤྱི་ཡོངས་ཀྱི་ཕན་ནུས་ཆགས་པ་བྱེད་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་བསམ་བློ་གཅིག་གྱུར་དང་།བྱ་སྤྱོད་གཅིག་གྱུར།བློ་བརྟན་འགྱུར་མེད་ཀྱིས་སྒྱུར་བཅོས་བཅས་བྱས་ནས་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལས་འགན་ཁག་ལེགས་འགྲུབ་ཡོང་བའི་འགན་ལེན་བྱས་ཏེ་མ་ལག་ཚང་བ་དང་།ཚན་རིག་དང་མཐུན་ལ་ཚད་དང་ལྡན་པ། འཁོར་རྒྱུག་ནུས་ཆེ་བཅས་ཀྱི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འགན་ནུས་ཀྱི་མ་ལག་རྒྱུན་ཆད་མེད་པར་གཏོད་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་།སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ།ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བཅས་ཀྱི་ཆེད་འབད་འཐབ་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།


རྩོམ་སྒྲིག་པ། (སྒྲོལ་མ་གཡང་མཚོ།)