དབུ་ཤོག >> སྐབས་དོན་གསར་འགྱུར། >> རྒྱལ་ཕྱི་ནང་གསར་འགྱུར།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོ་པེ་ཅིང་ དུ་འགོ་ཚུགས་པ།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-03-06 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས། 1102


     ཟླ་3ཚེས་5ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ཀྲང་ཀའོ་ལི། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་སོགས་ཚོགས་འདུར་ཕེབས་པ།


ཙུང་ལི་ལི་ཁེ་ཆང་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བཞིན་པ།


ལི་ཀྲན་ཧྲུའུ་ཡིས་ཚོགས་ཆེན་གཙོ་སྐྱོང་གནང་བཞིན་པ།

     ཟླ་3ཚེས་5ཉིན་གྱི་སྔ་དྲོ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོ་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་པ་རེད། འགོ་ཚུགས་ཚོགས་འདུར་གྲོས་རིམ་ཁག་བཞི་ཡོད་པ་སྟེ། སྲིད་གཞུང་གི་ལས་དོན་སྙན་སྒྲོན་གསན་རྒྱུ་དང་། འཆར་གཞིའི་སྙན་སྒྲོན་ཞིབ་བཤེར་གནང་རྒྱུ། སྔོན་རྩིས་སྙན་སྒྲོན་ཞིབ་བཤེར་གནང་རྒྱུ། རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་མ་ཟིན་སྐོར་གྱི་གསལ་བཤད་གསན་རྒྱུ་བཅས་རེད།

     དཔྱིད་འགོའི་དུས་ཀྱི་པེ་ཅིང་དུ་རླུང་བུ་དྲོ་སོབ་སོབ་ཏུ་ལྡང་ནས་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་ཞིང་། མི་དམངས་ཚོགས་ཁང་ཆེ་མོའི་མི་ཁྲི་གཤོང་བའི་ཚོགས་ཁང་ནང་ཟིལ་ཉམས་ཆེ་ལ་སྤྲོ་སེམས་འཁོལ་བ་ཞིག་དང་། དམར་མདངས་བཀྲ་བའི་དར་དམར་གྱི་སྤེལ་ཟླའི་འོག་ཀྲུའུ་ཞི་སྡིངས་ཆའི་ཡོལ་བའི་དབུས་སུ་བཀལ་བའི་རྒྱལ་རྟགས་ནས་གསེར་འོད་ཆེམ་ཆེམ་འཕྲོ། སྐབས་གསར་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་3000ཙམ་གྱིས་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཕྲག་ཐོག་ཏུ་འཁུར་ནས་ཚོགས་འདུ་གཟབ་རྒྱས་ལ་ཞུགས་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་ནན་ཏན་ངང་སྒྲུབ་བཞིན་ཡོད་པ་རེད།

     ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལག་བསྟར་ཀྲུའུ་ཞི་ལི་ཀྲན་ཧྲུའུ་ཡིས་ཚོགས་ཆེན་གཙོ་སྐྱོང་གནང་བ་དང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལག་བསྟར་ཀྲུའུ་ཞི་ཁྲེན་ཤིས་དང་། ཝང་ཁྲེན། ཚའོ་ཅན་མིང་། ཀྲང་ཁྲུན་ཞན། ཧྲེན་གཡོད་གཡོད། ཅི་པིང་ཤོན། ཨའེ་ལི་ཀེན·དབྱི་མིང་པཱ་ཧའེ། དབན་ཨེ་ཤང་། ཁྲེན་ཀྲུའུ་བཅས་ཀྲུའུ་ཞི་སྡིངས་ཆའི་ལག་བསྟར་ཀྲུའུ་ཞིའི་བཞུགས་གྲལ་དུ་བཞུགས་ཡོད་པ་རེད།

    ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ཀྲང་ཀའོ་ལི། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོར་འཐུས་མི་2980ཕེབས་དགོས་པ་དང་། ཚེས་5ཉིན་གྱི་སྔ་དྲོའི་ཚོགས་འདུར་འཐུས་མི་2970ཕེབས་ཡོད་པ་དང་འཐུས་མི་10ཕེབས་མེད་པས་ཕེབས་པའི་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།

    སྔ་དྲོའི་ཆུ་ཚོད་9པར་ལི་ཀྲན་ཧྲུའུ་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། ཚང་མ་ཡར་བཞེངས་ནས་དམག་མིའི་རོལ་ཆ་རུ་ཁག་གི་རམ་དཀྲོལ་རོལ་མོའི་འོག་རྒྱལ་གླུ་སྐད་གསང་མཐོན་པོས་བླངས་པ་རེད།

    ཚོགས་འདུའི་གྲོས་རིམ་གཞིར་བཟུང་། ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ་རེད། སྙན་སྒྲོན་དེ་ཁྱོན་ཆ་ཤས་གསུམ་ལ་དབྱེ་བ་སྟེ། དང་པོ། འདས་ཟིན་པའི་ལོ་ལྔ་ཡི་ལས་དོན་ལ་ཕྱིར་ལྟ་དང་། གཉིས་པ། 2018ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་དང་སྲིད་ཇུས་འདོན་ཕྱོགས། གསུམ་པ། 2018ལོའི་སྲིད་གཞུང་ལས་དོན་གྱི་གྲོས་འགོ་བཅས་རེད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཚུན་གྱི་ལོ་ལྔ་ནི་རང་རྒྱལ་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཀྱི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ལྔ་རེད། ལི་ཁེ་ཆང་གིས་ཕྱོགས་དགུ་ནས་འདས་ཟིན་པའི་ལོ་ལྔའི་ལས་དོན་ལ་ཕྱོགས་ཡོངས་ནས་ཕྱིར་ལྟ་གནང་བ་སྟེ། བརྟན་ཐོག་ཡར་བརྩོན་གྱི་ལས་དོན་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་སྤྱི་ཁོག་སྙོམས་སྒྲིག་བྱེད་སྟངས་ནུས་ཤུགས་ཡོད་རྒུས་གསར་གཏོད་དང་འཐུས་སྒོ་ཚང་དུ་བཏང་བས་དཔལ་འབྱོར་འཁོར་རྒྱུག་དེ་ལུགས་མཐུན་གྱི་བར་མཐོངས་ནང་རྒྱུན་འཁྱོངས་ཐུབ་པ་དང་བརྟན་ཐོག་ལེགས་འཕེལ་བྱུང་བ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་བྱ་རྒྱུ་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྒུལ་ནུས་གསར་པ་ནུས་ཤུགས་ཡོད་རྒུས་སྐྱེད་སྲིང་དང་སྟོབས་ཆེར་བཏང་བས་དཔལ་འབྱོར་གྲུབ་ཆ་ལེགས་སུ་དང་རིམ་སྤོར་མགྱོགས་པོ་བྱུང་བ། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་ནུས་ཤུགས་ཡོད་རྒུས་འཕེལ་བར་བྱས་པས་སྤྱི་ཡོངས་ཀྱི་གསར་གཏོད་ནུས་པ་དང་ལས་ཕྱོད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་སྒྲིག་སྲོལ་ལམ་སྲོལ་གྱི་ཞན་ཆ་ནུས་ཤུགས་ཡོད་རྒུས་བསལ་བས་འཕེལ་རྒྱས་ཀྱི་སྒུལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། ཕྱི་ཕྱོགས་སྒོ་དབྱེའི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་ཀྱིས་མཉམ་ལས་གཉིས་ཕན་ནུས་ཤུགས་ཡོད་རྒུས་མངོན་འགྱུར་བྱས་པས་སྒོ་དབྱེའི་རྣམ་པའི་དཔལ་འབྱོར་གྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དོ་སྙོམས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས་འཕར་གཞི་དང་འཕར་གནས་གསར་པ་མགྱོགས་མྱུར་ཆགས་པ། མི་དམངས་ལྟེ་བར་བྱས་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་དམངས་འཚོ་ནུས་ཤུགས་ཡོད་རྒུས་འགན་ལེན་དང་ལེགས་སུ་བཏང་བས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། མི་དང་རང་བྱུང་ཁམས་ཞི་མཐུན་འཕེལ་རྒྱས་ཡོང་རྒྱུ་མཐའ་འཁྱོངས་ཀྱིས་ཁོར་ཡུག་གི་སྦགས་བཙོག་ནུས་ཤུགས་ཡོད་རྒུས་བཅོས་སྒྲིག་བྱས་པས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ། སྲིད་གཞུང་གི་འགན་ནུས་ཁྲིམས་ལྟར་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་བཅོས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་དང་གསར་གཏོད་བྱས་པས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་བྱུང་བ་བཅས་རེད།

    ལི་ཁེ་ཆང་གིས་འདས་ཟིན་པའི་ལོ་ལྔར་ཕྱིར་མིག་ལྟ་སྐབས་འགལ་ཟླ་མང་པོ་ཞིག་སྡེབ་གཅིག་ལ་འཕྲད་པ་དང་། ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་གཅིག་རྗེས་གཉིས་མཐུད་ངང་ཐོན་ཡོད། རྒྱལ་ཁབ་ཕྱི་ནང་གི་གནས་ཚུལ་མང་པོ་ཞིག་ནི་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་འཕྲད་མྱོང་མེད་པ་ཤ་སྟག་ཡིན་པས་རང་རྒྱལ་གྱི་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་དག་ནི་དངོས་གནས་ལས་སླ་པོར་ཐོབ་པ་ཞིག་མིན། དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལས་བྱུང་བའི་འབྲས་བུ་ཞིག་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་ངང་མཛུབ་ཁྲིད་གནང་བ་ལས་བྱུང་བའི་འབྲས་བུ་ཞིག ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པ་ལས་བྱུང་བའི་འབྲས་བུ་ཞིག་བཅས་ཡིན་ཞེས་གསུངས།

    ལི་ཁེ་ཆང་གིས་རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་སུ་སྔར་བཞིན་གནས་ཡོད་ལ་ཡུན་རིང་གནས་རྒྱུ་ཡིན་པ་དང་། སྔར་བཞིན་འཛམ་གླིང་ཐོག་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པ། འཕེལ་རྒྱས་དོ་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་མངོན་གསལ་དོད་པོ་ཁག་གཅིག་སྔར་བཞིན་ཐག་གཅོད་ཐུབ་མེད་པ་བཅས་ང་ཚོས་ངོས་འཛིན་གསལ་པོ་ཐུབ་པ་བྱེད་དགོས། ང་ཚོས་ངེས་པར་དུ་རྒྱལ་ཁབ་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་བསམ་པ་དང་། དཀའ་སྡུག་ལ་མི་སྐྲག་པའི་བློ་སྟོབས། ཞུམ་པ་མེད་པའི་སྙིང་རུས་བཅས་ལ་བརྟེན་ཏེ་ནུས་ཤུགས་གང་ཡོད་ཀྱིས་ལས་དོན་ཡག་པོ་བསྒྲུབས་ནས་མི་དམངས་སྲིད་གཞུང་གིས་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་འགྲོ་བ་བྱེད་དགོས་ཞེས་གསུངས་པ་རེད།

    ལི་ཁེ་ཆང་གིས་སྙན་སྒྲོན་ནང་2018ལོའི་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་བཏོན་པ་སྟེ། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་འཕར་ཚད་6.5%ཡས་མས་ཟིན་པ་བྱ་རྒྱུ་དང་། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་3%ཡས་མས་ཟིན་པ་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་ཁྲི་1100ཡན་གསར་དུ་ལས་ཞུགས་ཐུབ་པ་བྱ་རྒྱུ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་པའི་ལས་ཤོར་ཚད་གཞི་5.5%ནང་ཚུན་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་འགོད་བྱས་པའི་ལས་ཤོར་ཚད་གཞི་4.5%ནང་ཚུན་དུ་ཚོད་འཛིན་བྱ་རྒྱུ། གྲོང་མིའི་ཡོང་འབབ་འཕར་ཚད་དང་དཔལ་འབྱོར་འཕར་ཚད་གཉིས་ཀ་གཞི་རྩའི་ཆ་ནས་གཅིག་མཚུངས་ཡོང་བ་བྱ་རྒྱུ། ཕྱིར་གཏོང་ནང་འདྲེན་བརྟན་ཐོག་ལེགས་འཕེལ་དང་རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་སྙོམས་ཡོང་བ་བྱ་རྒྱུ། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་རྩིས་གཞིའི་ནུས་རྒྱུ་ཟད་གྲོན་3%ཡན་ཆག་པ་བྱ་རྒྱུ་དང་སྦགས་བཙོག་དངོས་པོ་གཙོ་བོ་བཤངས་འབུད་བྱེད་ཚད་མུ་མཐུད་ཆག་པ་བྱ་རྒྱུ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་ཡོང་བ་བྱ་རྒྱུ་དང་། སྤྱི་ཁོག་གི་འདེགས་ཤིང་ཚད་གཞི་གཞི་རྩའི་ཆར་བརྟན་པོ་ཡོང་བ་བྱ་རྒྱུ། ཉེན་ཁ་སྣ་ཚོགས་གོ་རིམ་ལྡན་པ་དང་ནུས་ལྡན་ངང་སྔོན་འགོག་ཚོད་འཛིན་བྱ་རྒྱུ་བཅས་རེད།

    ལི་ཁེ་ཆང་གིས་2018ལོའི་ལས་དོན་ཡག་པོ་བསྒྲུབ་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དགོངས་པ་ལག་བསྟར་ནན་ཏན་བྱས་ཏེ་བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། བརྟན་པོ་དང་འཕེལ་བ་གཉིས་སྤྱི་ཁོག་ཅིག་ལ་བརྩིས་ནས་སྟངས་འཛིན་བྱས་ཏེ་གཤམ་གསལ་གྱི་དོན་ཚན་འགར་སྣང་ཆེན་བྱེད་དགོས་ཞེས་གསུངས་པ་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པ་དང་གཅིག སྒྱུར་བཅོས་སྒོ་དབྱེ་བྱ་ཤུགས་ཆེ་རུ་གཏོང་དགོས་པ་དང་གཉིས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་སྒྲོལ་དམག་འཐབ་གསུམ་ལ་དམ་འཛིན་ཡག་པོ་བྱེད་དགོས་པ་དང་གསུམ་བཅས་རེད།

    ལི་ཁེ་ཆང་གིས་2018ལོར་ལས་དོན་ཁག་དགུ་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་ཞེས་གསུངས་པ་སྟེ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་པ་དང་གཅིག གསར་གཏོད་རྣམ་པའི་རྒྱལ་ཁབ་མགྱོགས་མྱུར་བསྐྲུན་དགོས་པ་དང་གཉིས། རྨང་གཞིའི་རང་བཞིན་གྱི་འགག་རྩའི་ཁྱབ་ཁོངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས་པ་དང་གསུམ། འགག་སྒྲོལ་གྱི་དམག་འཐབ་ཆེན་པོ་གསུམ་མཐའ་གཅིག་ཏུ་ཡག་པོ་རྒྱག་དགོས་པ་དང་བཞི། གྲོང་གསེབ་དར་རྒྱས་འཐབ་ཇུས་ནུས་ཤུགས་ཡོད་རྒུས་ལག་ལེན་བསྟར་དགོས་པ་དང་ལྔ། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་དང་དྲུག འཛད་སྤྱོད་རྒྱ་སྐྱེད་དང་མ་དངུལ་ནུས་ལྡན་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་པ་དང་བདུན། ཕྱོགས་ཡོངས་ནས་སྒོ་འབྱེད་རྣམ་པ་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་བརྒྱད། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་དགུ་བཅས་སོ།

    ལི་ཁེ་ཆང་གིས་ད་དུང་སྲིད་གཞུང་གི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ་དང་། མི་རིགས་དང་། ཆོས་ལུགས། ཕྱིར་སྡོད་རང་མིའི་ལས་དོན། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་། ཤང་ཀང་དང་ཨའོ་མོན་འཕེལ་རྒྱས་དང་ངོགས་གཉིས་ཀྱི་འབྲེལ་བ། དེ་བཞིན་རང་རྒྱལ་གྱི་ཕྱི་འབྲེལ་སྲིད་ཇུས་བཅས་སྐོར་རྒྱས་བཤད་གནང་བ་རེད།

    ཚོགས་འདུའི་གྲོས་རིམ་གཞིར་བཟུང་ཚོགས་ཆེན་ཐོག་2017ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ལག་བསྟར་བྱས་ཚུལ་དང་2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་འཆར་ཟིན་སྐོར་གྱི་སྙན་སྒྲོན། དེ་བཞིན་2018ལོའི་འཆར་འགོད་འཆར་ཟིན་དང་། 2017ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2018ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་སྒྲོན། 2018ལོའི་རྒྱལ་ཡོངས་ཀྱི་སྔོན་རྩིས་འཆར་ཟིན་བཅས་ལ་ཞིབ་བཤེར་གནང་བ་རེད།

    ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་དྲུང་ཆེ་གཅིག་ལྕོགས་ཝང་ཁྲེན་གྱིས་གནང་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་མ་ཟིན་སྐོར་གྱི་གསལ་བཤད་གསན་པ་རེད།

    ཝང་ཁྲེན་གྱིས་རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་ཆེན་དང་། རྒྱལ་སྐྱོང་བདེ་འཁོད་ཀྱི་སྤྱིའི་སྒྲིག་ཡིག ཏང་དང་མི་དམངས་ཀྱི་འདུན་པ་གཅིག་སྡུད་མཚོན་པ་བཅས་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བར་དང་ཐོག་རྒྱལ་ཁབ་རྩ་ཁྲིམས་བཞིན་སྐྱོང་བ་མཐའ་འཁྱོངས་བྱེད་དགོས་པ་དང་ཁྲིམས་བཞིན་སྲིད་སྐྱོང་བ་མཐའ་འཁྱོངས་བྱེད་པར་དང་ཐོག་རྩ་ཁྲིམས་བཞིན་སྲིད་སྐྱོང་བ་མཐའ་འཁྱོངས་བྱེད་དགོས་ཞེས་ནན་བཤད་ཐེངས་མང་གནང་ཡོད། རྩ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པ་ནས་འགོ་བཙུགས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་སྤྱི་ཡོངས་དང་འཐབ་ཇུས་མཐོ་ཚད་ནས་བཏིངས་པའི་ཐབས་ཇུས་གལ་ཆེན་ཞིག་དང་། ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད་ཅེས་བསྟན་གནང་བ་རེད།

   ཝང་ཁྲེན་གྱིས་རང་རྒྱལ་དུ་ད་ལྟ་ལག་ལེན་བསྟར་བཞིན་པའི་རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་གནས་ཚུལ་དང་། དོན་དངོས། དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་བཅས་དང་མཐུན་པའི་རྩ་ཁྲིམས་ཡག་པོ་ཞིག་རེད། སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་རྩ་བའི་ཁྲིམས་སྐྱོང་འགན་ལེན་བྱས་ཡོད། དེས་ན་ངེས་པར་དུ་སྲུང་སྐྱོང་མཐའ་གཅིག་ཏུ་དང་། ཡུན་རིང་མཐའ་འཁྱོངས། ཕྱོགས་ཡོངས་ནས་ལག་བསྟར་བཅས་བྱེད་དགོས། དུས་བབ་གསར་པ་དང་ཟམ་མི་ཆད་པར་བསྟུན་པ་དང་། ཉམས་མྱོང་གསར་པ་བསྡུ་ལེན། གྲུབ་འབྲས་གསར་པར་ཁས་ལེན། ཚད་གཞི་གསར་པ་བཟོ་བ་བཅས་བྱས་ཚེ་རྩ་ཁྲིམས་ལ་གཞི་ནས་གསོན་ཤུགས་ཡུན་རིང་ལྡན་ཐུབ། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་དུས་བབ་གསར་པ་དང་ལག་ལེན་གསར་པར་གཞིགས་ཏེ་རང་རྒྱལ་གྱི་རྩ་ཁྲིམས་ཀྱི་རྒྱུན་མཐུད་རང་བཞིན་དང་། བརྟན་ལྷིང་རང་བཞིན། དབང་གྲགས་རང་བཞིན་བཅས་ཁྱོན་ཡོངས་ནས་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་རང་རྒྱལ་གྱི་རྩ་ཁྲིམས་ལ་བཟོ་བཅོས་འོས་འཚམ་རྒྱག་པའི་དགོས་པ་ཡོད་ཅེས་གསུངས།

    ཝང་ཁྲེན་གྱིས་རྩ་ཁྲིམས་བཟོ་བཅོས་ལས་དོན་ནི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་བྱེད་སྒོ་གལ་ཆེན་དང་ཁྲིམས་འཛུགས་བྱེད་སྒོ་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག་སྒྲུབ་དགོས། ཏང་ཀྲུང་དབྱང་གིས་གཏན་འཁེལ་གནང་བའི་ད་ཐེངས་ཀྱི་རྩ་ཁྲིམས་བཟོ་བཅོས་ཀྱི་སྤྱིའི་བླང་བྱ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་ཀྱི་མཛུབ་ཁྲིད་མཐའ་འཁྱོངས་དང་། ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བ་བཅས་གཅིག་གྱུར་ནུས་ལྡན་མཐའ་འཁྱོངས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་འཁེལ་གནང་བའི་རིགས་པའི་གཞུང་ལུགས་ཀྱི་ལྟ་བ་གལ་ཆེན་དང་མཛད་ཕྱོགས་སྲིད་ཇུས་གལ་ཆེན་དང་ལྷག་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་ནང་འཇུག་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་དང་། ཉམས་མྱོང་གསར་པ། བླང་བྱ་གསར་པ་བཅས་མཚོན་པར་བྱེད་པ། རང་རྒྱལ་གྱི་རྩ་ཁྲིམས་ཀྱི་རྒྱུན་མཐུད་རང་བཞིན་དང་། བརྟན་ལྷིང་རང་བཞིན། དབང་གྲགས་རང་བཞིན་བཅས་ཁྱོན་ཡོངས་ནས་རྒྱུན་འཁྱོངས་བྱས་པའི་རྨང་གཞིའི་ཐོག་རྩ་ཁྲིམས་དུས་བསྟུན་འཕེལ་རྒྱས་དང་འཐུས་སྒོ་ཚང་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་རྩ་ཁྲིམས་ཀྱི་འགན་ལེན་ནུས་ལྡན་བྱེད་དགོས་ཞེས་བསྟན་གནང་བ་རེད།

    ཝང་ཁྲེན་གྱིས་གོང་གསལ་གྱི་སྤྱིའི་བླང་བྱ་ལག་བསྟར་དང་མཚོན་པར་བྱས་ཏེ་ད་ཐེངས་རྩ་ཁྲིམས་བཟོ་བཅོས་རྒྱག་པར་གཤམ་གསལ་རྩ་དོན་ལ་བརྩི་སྲུང་ཞུ་དགོས་ཞེས་གསུངས། རྩ་ཁྲིམས་བཟོ་བཅོས་རྒྱག་པར་ཏང་གིས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་གཅིག ཁྲིམས་དང་གོ་རིམ་བཞིན་རྩ་ཁྲིམས་བཟོ་བཅོས་ལ་སྐུལ་འདེད་ནན་པོ་གཏོང་དགོས་པ་དང་གཉིས། དམངས་གཙོ་དར་སྤེལ་གང་ལེགས་གཏོང་བ་དང་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ཏུ་བསྡུ་རུབ་བྱེད་དགོས་པ་དང་གསུམ། རྩ་ཁྲིམས་ལ་བཟོ་བཅོས་ཕྲན་བུ་རྒྱག་པ་ལས་བཟོ་བཅོས་ཆེན་པོ་མི་རྒྱག་པ་མཐའ་འཁྱོངས་བྱེད་དགོས་པ་དང་བཞིའོ།

    ཀྲུང་དབྱང་གིས་རྩ་ཁྲིམས་ལ་བཟོ་བཅོས་རྒྱག་པའི་གྲོས་འགོ་དང་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་མ་ཟིན་གྲུབ་པའི་བརྒྱུད་རིམ་གསལ་བཤད་གནང་རྗེས་ཝང་ཁྲེན་གྱིས་ཕྱོགས་11ནས་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་ཞིབ་ཕྲའི་ནང་དོན་ངོ་སྤྲོད་གནང་བ་སྟེ། རྒྱལ་ཁབ་ཀྱི་ཆབ་སྲིད་དང་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་གནས་བབ་གཏན་འཁེལ་བྱ་རྒྱུ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་སྤྱིའི་བཀོད་ཇུས་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ནང་དོན་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་རྒྱུ། རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བ་དང་རྩ་ཁྲིམས་ལག་བསྟར་བྱ་ཐབས་འཐུས་ཚང་དུ་གཏོང་རྒྱུ། རང་རྒྱལ་གྱི་གསར་བརྗེ་དང་འཛུགས་སྐྲུན་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་ཚད་ཀྱི་ནང་དོན་འཐུས་ཚང་དུ་གང་ལེགས་གཏོང་རྒྱུ། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་འབྲེལ་བའི་ནང་དོན་འཐུས་ཚང་དུ་གང་ལེགས་གཏོང་རྒྱུ། ཞི་བའི་ཕྱི་འབྲེལ་སྲིད་ཇུས་ཐད་ཀྱི་ནང་དོན་འཐུས་ཚང་དུ་གཏོང་རྒྱུ། ཀྲུང་གོ་གུང་ཁྲན་ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པའི་ནང་དོན་འཐུས་ཚང་དུ་གཏོང་རྒྱུ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་བའི་ནང་དོན་ཁ་སྣོན་རྒྱག་རྒྱུ། རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་གོ་གནས་བཞེས་པའི་ཐད་ཀྱི་འབྲེལ་ཡོད་གཏན་འབེབས་ལ་བཟོ་བཅོས་རྒྱག་རྒྱུ། ཆུས་བཙུགས་པའི་གྲོང་ཁྱེར་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་བའི་གཏན་འབེབས་ཁ་སྣོན་རྒྱག་རྒྱུ། ལྟ་ཞིབ་ཨུ་ཡོན་ལྷན་ཁང་སྐོར་གྱི་གཏན་འབེབས་ཁག་ཁ་སྣོན་རྒྱག་རྒྱུ་བཅས་རེད།

    རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་མཁན་སྲིད་གྲོས་ཨུ་ཡོན་ཚོགས་ཆེན་ལ་ཟུར་ཞུགས་གནང་ཡོད་པ་རེད།



རྩོམ་སྒྲིག་པ། (སྒྲོལ་མ་གཡང་མཚོ།)