དབུ་ཤོག >> བོད་ཀྱི་རིག་གནས། >> གསོ་རིག >> བདེ་ཐང་མཛུབ་སྟོན།
དུས་ཚིགས་འགྱུར་ལྡོག་བྱེད་དུས་ཀྱི་ལུས་གསོ་བྱ་ཐབས།
རྩོམ་པ་པོ། ཚེ་རིང་སྒྲོལ་མ། དུས་ཚོད། 2018-03-19 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 435

       དགུན་ཁ་དང་དཔྱིད་ཀའི་དུས་ཚིགས་གཉིས་འགྱུར་ལྡོག་བྱུང་བའི་དུས་སྐབས་སུ།  གནམ་གཤིས་ཇེ་དྲོར་གྱུར་ཡོད་ཀྱང་།  ཞོགས་ནུབ་གཉིས་ཀྱི་དྲོད་ཚད་ཀྱི་བར་ཁྱད་ཆེན་མོ་ཡོད་ལ།  གོས་གྱོན་པ་དང་ལུས་སྦྱོང་བྱེད་པ་ལ་ངེས་པར་དུ་གཟབ་གཟབ་བྱེད་དགོས།

        སེམས་ཀྱི་ཉི་ཟླ་ནས་བཤད་ན།  ཉེ་བའི་དུས་འདིར་ཞོགས་ནུབ་ཀྱི་དྲོད་ཚད་ད་དུང་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་དྲུག་བདུན་འདྲ་ཡོད་པ་དང་།   ཉི་དགོང་གི་དྲོད་ཚད་ཧྲེ་ཧྲི་ཏུའུ་བརྒྱད་དགུ་རུ་ཟིན་ཡོད་པས་དྲོད་ཚད་ཀྱི་བར་ཁྱད་ཆེན་མོ་འདུག   ཁྱིམ་ཚང་འགའ་རེས་ཁང་པའི་ནང་དུ་མེ་འབུད་པ་དང་དྲོད་སྙོམས་འཕྲུལ་ཆས་སྤྱོད་པ།  ཡང་མིན་ན་དྲོད་རླངས་གཏོང་བས་དྲོད་ཚད་ཅུང་མཐོན་པོ་ཡོད་པས་གོས་ཉུང་ཙམ་གྱོན་ནས་སྡོད་ཡོད།  མི་འགའ་ཡིས་ཕྱིར་ཐོན་དུས་ཀྱང་གོས་མི་སྣོན་པར་སྲབ་སྲབ་གྱོན་ནས་འདུག   དེ་འདྲ་བྱེད་ན་ལུས་ཐོག་གི་དྲོད་ཚད་མི་སྙོམས་པས་ཆམ་པ་སོགས་ཀྱི་ནད་ཕོག་སླ།  དེའི་ཕྱིར།   ཁང་པའི་ནང་དྲོད་ཚད་ཅུང་མཐོན་པོ་ཡོད་ན་ཕྱིར་ཐོན་དུས་གོས་སྣོན་པར་གཟབ་དགོས་ལ།   མི་རྒན་དང་བྱིས་པས་དེ་བས་གཟབ་དགོས་པ་རེད།

       གོང་དུ་ཁང་པ་ནས་ཕྱིར་ཐོན་དུས་གོས་སྣོན་དགོས་པར་སྲབ་སྲབ་གྱོན་མི་རུང་བ་བཤད་ཡོད་ཀྱང་།  དུས་ཚིགས་འགྱུར་ལྡོག་བྱུང་དུས་གོས་གྱོན་པར་ཇི་ལྟར་མང་ན་དེ་ལྟར་བཟང་བ་མིན།  ཞོགས་ནུབ་གོས་མཐུག་པོ་གྱོན་དགོས་ཀྱང་ཉིན་དགོང་དྲོད་ཚད་མཐོ་བས་གོས་ཉུང་དུ་གཏོང་དགོས།

       མི་འགའ་ཡིས་དུས་རྒྱུན་དུ་ལུས་སྦྱོང་བྱེད་པའི་གོམས་གཤིས་ཡོད་པ་དེ་ཡག་པོ་ཡིན་ཡང་།   ཞོགས་ནུབ་དྲོད་ཚད་ཀྱི་བར་ཁྱད་ཆེ་བའི་སྐབས་ལུས་སྦྱོང་བྱེད་པ་ལ་གཟབ་གཟབ་བྱེད་དགོས།   ཞོགས་པར་ཉི་མ་ཤར་རྗེས་ལུས་སྦྱོང་བྱེད་ན་རུས་ཚིགས་ལ་གནོད་པ་ཕོག་མི་སླ།  གནམ་གཤིས་ཡག་པ་དང་དྲོད་ཚད་དེ་འདྲ་དམའ་བ་མིན་པའི་དུས་སུ་ལག་པ་དང་རྐང་པ་མང་ཙམ་འགུལ་དགོས་ཏེ།  རྐང་ཐང་འགྲོ་བ་དང་ལྕགས་རྟ་བཞོན་པ་སོགས་བྱེད་ཆོག

       དགུན་དུས་ལུས་གསོ་བྱེད་དུས་སྨན་བཟས་མང་ཙམ་བཟའ་དགོས་པའི་བཤད་སྲོལ་ཡོད་ལ།   དགུན་ཁ་དང་དཔྱིད་ཀའི་དུས་ཚིགས་འགྱུར་ལྡོག་བྱུང་དུས།   སྨན་བཟས་བཟའ་བ་དེ་རིམ་བཞིན་ཉུང་དུ་གཏོང་དགོས།

       དགུན་ཁ་དང་དཔྱིད་ཀའི་དུས་ཚིགས་འགྱུར་ལྡོག་བྱུང་བའི་སྐབས་སུ། ཀུན་གྱིས་བཟའ་བཏུང་དང་གྱོན་ཆས།   ལུས་སྦྱོང་སོགས་ལ་གཟབ་གཟབ་བྱེད་དགོས་པ་དང་། མི་རྒན་དང་བྱིས་པ།   དེ་མིན་དལ་གཤིས་ནད་རིམས་ཕོག་ཡོད་པའི་མི་སྣ་ཡིས་དེ་བས་གཟབ་དགོས།

   

རྩོམ་སྒྲིག་པ། (ཚེ་རིང་སྒྲོལ་མ།)