དབུ་ཤོག >> སྐབས་དོན་གསར་འགྱུར། >> རྒྱལ་ཕྱི་ནང་གསར་འགྱུར།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིང་འདོན་གནང་བ་ལྟར་ལི་ཁེ་ཆང་རྒྱལ་སྲིད་སྤྱི་ཁྱབ་ཁང་
རྩོམ་པ་པོ། མི་གསལ། དུས་ཚོད། 2018-03-19 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས། 4721

       ཟླ་3ཚེས་18ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིང་འདོན་གནང་བ་ལྟར། འདེམས་ཤོག་འཕངས་ནས་བརྡས་ཐག་བཅད་པ་བརྒྱུད། ལི་ཁེ་ཆང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིར་གཏན་འཁེལ་བྱས་ཤིང་། འདི་ནི་ཞི་ཅིན་ཕིང་དང་ལི་ཁེ་ཆང་མཛའ་བརྩེའི་ངང་ཕྱག་གཏོང་གནང་བའི་གནས་ཚུལ་ཡིན་པ།
        ཟླ་3ཚེས་18ཉིན་གྱི་སྔ་དྲོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོས་མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིང་འདོན་གནང་བ་ལྟར་འདེམས་ཤོག་འཕངས་ནས་བརྡས་ཐག་བཅད་པ་བརྒྱུད། ལི་ཁེ་ཆང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིར་གཏན་འཁེལ་བྱས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང་དང་པོར་མཚན་རྟགས་བཀོད་པ་དང་ཚོགས་ཆེན་གྱི་གཏན་འབེབས་གཞིར་བཟུང་། ལི་ཁེ་ཆང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིར་བསྐོ་གཞག་བྱས་པ་རེད།
        ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཚོགས་འདུར་ཕེབས་ཡོད་པ་རེད།
        ཚོགས་འདུར་འཐུས་མི་2980ཕེབས་དགོས་པ་དང་། འཐུས་མི་2966ཕེབས་ཡོད་པ་དང་། འཐུས་མི་14ཕེབས་ཐུབ་མེད་པས་ཕེབས་པའི་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།
        ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཧྲེན་གཡོད་གཡོད་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཡུས་ཝུའེ་གོ་དང་། ཁྲེ་ཅུན། ཧྲེ་ཐའེ་ཧྥེང་། སུན་ཀྲི་ཀང་། ཏུའུ་ཅ་ཧའོ། ལི་ཅི་ཧེང་བཅས་ཀྲུའུ་ཞི་སྡིངས་ཆའི་ལག་བསྟར་ཀྲུའུ་ཞིའི་བཞུགས་གྲལ་དུ་བཞུགས་ཡོད་པ་རེད།
        ཐེངས་འདིའི་ཚོགས་འདུའི་གྲོས་རིམ་ནི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིང་འདོན་གནང་བ་ལྟར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འོས་མི་གཏན་འཁེལ་བྱ་རྒྱུ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིང་འདོན་གནང་བ་ལྟར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་ཨུ་ཡོན་གྱི་འོས་མི་གཏན་འཁེལ་བྱ་རྒྱུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་འདེམས་བསྐོ་བྱ་རྒྱུ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་འདེམས་བསྐོ་བྱ་རྒྱུ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་འདེམས་བསྐོ་བྱ་རྒྱུ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་འདེམས་བསྐོ་བྱ་རྒྱུ་བཅས་ཡིན་པ་རེད།
        ཞི་ཅིན་ཕིང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འོས་མི་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་དང་ཨུ་ཡོན་གྱི་འོས་མིའི་མིང་འདོན་གནང་རྗེས་འཐུས་མི་ཚོགས་པ་ཁག་གིས་ནང་མོལ་གནང་བ་རེད། འཐུས་མི་ཚོགས་པ་ཁག་གི་ནང་མོལ་བསམ་འཆར་གཞིར་བཟུང་། ཀྲུའུ་ཞི་ཚོགས་པའི་ཚོགས་འདུས་ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ཐོག་བསྐོ་གཞག་གཏན་འཁེལ་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས་པ་རེད།
        ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འོས་མིའི་སྐོར་གྱི་མིང་འདོན་ཡི་གེ་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་དང་ཨུ་ཡོན་གྱི་འོས་མིའི་སྐོར་གྱི་མིང་འདོན་ཡི་གེ་སྒྲོག་སྦྱངས་གནང་བ་རེད།
        རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འོས་མི་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གི་འོས་མི། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་གི་འོས་མི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འོས་མི་བཅས་ཀྲུའུ་ཞི་ཚོགས་པས་མིང་འདོན་བྱས་རྗེས་འཐུས་མི་ཚོགས་པ་ཁག་གིས་ནང་མོལ་གྲོས་བསྡུར་གནང་བ་རེད། འཐུས་མི་མང་ཆེ་བའི་བསམ་འཆར་གཞིར་བཟུང་། ཀྲུའུ་ཞི་ཚོགས་པའི་ཚོགས་འདུའི་ཐོག་འོས་མིའི་དངོས་གཞིའི་མཚན་ཐོ་གཏན་འཁེལ་གནང་སྟེ། ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ཐོག་འདེམས་བསྐོ་བྱ་རྒྱུར་ཕུལ་ཡོད་པ་རེད།
        སྔ་དྲོའི་ཆུ་ཚོད་9དང་སྐར་མ་15ཡི་ཐོག་སྤྱི་ཁྱབ་འདེམས་ཤོག་ལྟ་སྐུལ་བ་དང་། འདེམས་ཤོག་ལྟ་སྐུལ་བས་གློག་རྡུལ་འདེམས་ཤོག་སྒམ་དང་གློག་རྡུལ་འདེམས་བསྐོའི་མ་ལག་ལ་ཞིབ་བཤེར་བྱས་རྗེས་ལས་དོན་མི་སྣས་འདེམས་ཤོག་སྤྲོད་འགོ་ཚུགས་པ་དང་། འཐུས་མི་མི་རེ་ངོ་རེར་ཚོས་གཞི་མི་འདྲ་བའི་འདེམས་ཤོག་6སྤྲད་པ་རེད།
        ཚོགས་ཆེན་གྱི་འདེམས་བསྐོ་དང་བསྐོ་གཞག་གཏན་འབེབས་བྱ་ཐབས་གཞིར་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འོས་མི་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་ཨུ་ཡོན་གྱི་འོས་མིར་བརྡས་ཐག་གཅོད་པའི་འདེམས་ཤོག་སྤྱོད་པ་དང་། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ལ་འདེམས་བསྐོའི་འདེམས་ཤོག་སྤྱོད་རྒྱུའི་གཏན་འཁེལ་གནང་བ་རེད།
        འདེམས་ཤོག་འབྲི་བ་དང་། འཕེན་པ། རྩིས་རྒྱག་པ་བཅས་བྱས་པ་བརྒྱུད། ཆུ་ཚོད་10དང་སྐར་མ་44ཡི་ཐོག་ལས་དོན་མི་སྣས་བརྡས་ཐག་བཅད་པ་དང་། འདེམས་བསྐོའི་འདེམས་ཤོག་རྩིས་བརྒྱབ་པའི་འབྲས་བུ་སྒྲོག་སྦྱངས་བྱེད་འགོ་ཚུགས་པ་རེད།
        གཙོ་སྐྱོང་བས་བློ་མཐུན་ལི་ཁེ་ཆང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལིར་བསྐོ་གཞག་བྱ་རྒྱུའི་ཁྱབ་བསྒྲགས་བྱས་རྗེས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་དང་། ལི་ཁེ་ཆང་ཡར་བཞེངས་ནས་འཐུས་མི་རྣམས་ལ་གུས་འདུད་ཞུས་ཏེ་གུས་ལུགས་མཚོན་པ་གནང་བ་དང་། ཁོང་གིས་ཞི་ཅིན་ཕིང་ལ་ཞལ་ཕྱོགས་ཏེ་མཛའ་བརྩེའི་ཕྱག་བཏང་གནང་བ་དང་། ཞི་ཅིན་ཕིང་གིས་ཁོང་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།
        དེ་རྗེས་གཙོ་སྐྱོང་བས་གོ་རིམ་ལྟར། བློ་མཐུན་ཞུས་ཆི་ལེང་དང་ཀྲང་ཡིའུ་ཞ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་བ་དང་། བློ་མཐུན་ཝུའེ་ཧྥེང་ཧོ་དང་། ལི་ཙུའོ་ཁྲེང་། མེའོ་ཧྭ། ཀྲང་ཧྲེང་མིན་བཅས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བདམས་ཐོན་བྱུང་བ། བློ་མཐུན་དབྱང་ཞའོ་ཏུའུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལ་བདམས་ཐོན་བྱུང་བ། བློ་མཐུན་ཀྲོའུ་ཆང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ལ་བདམས་ཐོན་བྱུང་བ། བློ་མཐུན་ཀྲང་ཅུན་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་ལ་བདམས་ཐོན་བྱུང་བ། གདམ་བྱའི་འོས་མི་159རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བདམས་ཐོན་བྱུང་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད། བརྡས་ཐག་བཅད་པ་དང་འདེམས་བསྐོའི་འབྲས་བུ་ཁག་རེ་རེ་བཞིན་ཁྱབ་བསྒྲགས་བྱེད་སྐབས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་རེད།
        རྩ་ཁྲིམས་དམ་འཇོག་སྐོར་གྱི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་སྒྲིག་འཛུགས་བྱ་ཐབས་གཞིར་བཟུང་། ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་རིམ་ཁག་ལེགས་གྲུབ་ཟིན་རྗེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དབྱང་ཞའོ་ཏུའུ་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲོའུ་ཆང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་ཀྲང་ཅུན་བཅས་ཀྱིས་ཁག་སོ་སོར་རྩ་ཁྲིམས་དམ་འཇོག་གནང་བ་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་དང་ཨུ་ཡོན་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱིས་ཁག་སོ་སོར་མཉམ་སྡེབ་དམ་འཇོག་གནང་བ་རེད།

    

རྩོམ་སྒྲིག་པ། (ཚེ་རིང་སྒྲོལ་མ།)