དབུ་ཤོག >> སྐྱེ་ཁམས་ཡུལ་སྐོར། >> སྐྱེ་ཁམས་སྲུང་སྐྱོང་།
བདེ་ཆེན་ཁུལ་གྱི་ཆུའི་ཐོན་ཁུངས་སྐོར་གྱི་གནས་ཚུལ།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། ཚེ་དོན། དུས་ཚོད། 2018-03-28 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 238

      བོད་ཡུལ་ནི་ཆུ་སྣ་མང་པོའི་མགོ་ཁུངས་ཡིན།   དེ་བཞིན་དུ་ཡུན་ནན་བདེ་ཆེན་གྱི་ཡུལ་དུ་ཡང་ཆུ་སྣ་མང་པོ་ཞིག་བཞུར་གྱི་ཡོད་ཅིང་།  ཉེ་བའི་ལོ་འགའི་རིང་ལ་གྲགས་ཆེ་བ་ནི་གཙང་གསུམ་མཉམ་བཞུར་ཞེས་པ་དེ་ཡིན་ཞིང་འབྲི་ཆུ་དང་ཟླ་ཆུ།  རྒྱལ་མོ་རྔུལ་ཆུ་བཅས་མཉམ་གཤིབ་ཀྱི་སྒོ་ནས་བཞུར་བའི་ངོ་མཚར་བའི་སྣང་བརྙན་ཞིག་གྲུབ་ཡོད་པས།  སེམས་ཀྱི་ཉི་ཟླའི་སྤུས་རྟགས་ལ་སྔར་ལས་ལྷག་པར་དོ་སྣང་བྱེད་མཁན་གང་མང་བྱུང་ཡོད་པ་རེད། བདེ་ཆེན་ཡུལ་དུ་ཆུ་སྣ་གང་དག་ཡོད་པ་ངོ་སྤྲོད་རགས་བསྡུས་ཤིག་བྱེད་པ་ལ།   

 

      བདེ་ཆེན་གྱི་མངའ་ཁོངས་ནང་འབྲི་ཆུ་དང་ཟླ་ཆུ་གཉིས་བཞུར་གྱི་ཡོད་ཅིང་།   གཙང་བོ་གཉིས་ལ་རིམ་པ་དང་པོའི་ཡན་ལག་བཞུར་རྒྱུན221ཡོད།   ཁུལ་ཡོངས་ཀྱི་ཆུ་ནུས་ཆགས་ཚད་སྟོང་ཝ་ཁྲི1650ལ་སླེབས་ཀྱི་ཡོད་ཅིང་།   ཡུན་ནན་ཞིང་ཆེན་གྱི་ཆུ་ནུས་ཆགས་ཚད་ལས་བརྒྱ་ཆའི་བཅོ་ལྔ་ཟིན་ཡོད།  

 

      བདེ་ཆེན་གྱི་མངའ་ཁོངས་ནང་དུ་འབྲི་ཆུའི་བཞུར་རྒྱུན་ལ་སྟོང་སྨི430ཡོད།  འབྲི་ཆུ་ནི་མཚོ་བོད་མཐོ་སྒང་གདང་ལ་རི་བོའི་རྒྱུད་ནས་བྱུང་ཞིང་།   སི་ཁྲོན་འབའ་ཐང་བརྒྱུད་ནས་ཡུན་ནན་གྱི་མངའ་ཁོངས་ནང་ཐོན་ཡོད།   འཇོལ་རྫོང་གི་གཡག་རྭ་ཤང་དང་།  ཀོང་རྩེད་ར་གྲོང་རྡལ།  ཐང་སྟེང་ཤང་སོགས་ཡུལ་གྲུ་དང་།   འབའ་ལུང་རྫོང་གི་མཐའ་ཆུ་གྲོང་རྡལ།   སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཉི་ཤར་ཤང་དང་།   ལྔ་ཤོག་ཤང་།  ཧྲང་ཅང་ཤང་།  ཅིན་ཅང་གྲོང་རྡལ།   སྟག་མཆོང་གྲོག་རོང་གྲོང་རྡལ།  སན་པ་ཤང་།  ལུའོ་ཅི་ཤང་སོགས་བརྒྱུད་ནས་བཞུར་གྱི་ཡོད་ཅིང་།   ལིའོ་ཅི་ཤང་ནས་ས་དམ་གྲོང་ཁྱེར་གཡུ་ལུང་རྫོང་གི་ཁོངས་སུ་བཞུར་གྱི་ཡོད། 

       བདེ་ཆེན་གྱི་མངའ་ཁོངས་ནང་ཟླ་ཆུའི་རིམ་པ་དང་པོའི་ཡན་ལག་བཞུར་རྒྱུན80ཡོད།   རིམ་པ་དང་པོའི་བཞུར་རྒྱུན་ལ་གཙོ་བོ་མྱི་ཟུར་ཆུ་བོ་དང་།    ཞོ་རྡོ་སྒང་ཆུ་བོ།  གཏེར་མ་རོང་ཆུ་བོ།   སྒང་ཆུ་ཆུ་བོ།   སྐྱིད་རེན་ཆུ་བོ།   འཇོལ་རྫོང་གི་འབྲུག་པ་ལོ་ཆུ་བོ།    བརྟན་དར་ཆུ་བོ།   འབའ་ལུང་རྫོང་གི་བླ་འཕེལ་ཆུ་བོ་སོགས་ཡོད།   

      བདེ་ཆེན་གྱི་མངའ་ཁོངས་ནང་མཚེའུ་ཡང་མང་པོ་ཡོད་དེ།   རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3000ཡན་གྱི་རི་མཐོའི་བར་མཚམས་སུ་འཁྱིལ་ཡོད་པ་དང་དེ་དག་ཚང་མ་ཚྭ་མེད་མཚེའུ་ཡིན། སེམས་ཀྱི་ཉི་ཟླའི་མངའ་ཁོངས་ནང་གྲགས་ཆེ་བ་འགའ་ནི་བལ་འཐག་མཚོ་དང་།   ཞོ་རྡོ་མཚོ།   ནགས་ཕག་མཚོ་བཅས་ཡིན།

       བལ་འཐག་མཚོ་ནི་སེམས་ཀྱི་ཉི་ཟླའི་ཤར་རྒྱུད་དུ་འཁྱིལ་ཡོད།   རྫོང་མཁར་དང་སྟོང་སྨི30ལྷག་གི་མཚམས་ན་ཡོད་ལ།   མཚོ་ངོས་ཀྱི་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི3538ཡིན།  མཚོ་ངོས་ཀྱི་རྒྱ་ཁྱོན་ལ་ཀུང་ཆིང159ཡོད།  འདི་ལ་མཐོ་སྒང་གི་མུ་ཏིག་ཞེས་པའི་མཚན་སྙན་གྲགས་ཡོད།  མཚོ་འདིའི་ནང་དུ་མིང་ལ་ཡེ་ཞུས་ཟེར་བའི་ཉ་རིགས་ཡོད།  

       ཞོ་རྡོ་མཚོ་ནི་བལ་འཐག་མཚོ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ནུབ་ངོས་སུ་འཁྱིལ་ཡོད་ཅིང་།   རྫོང་མཁར་དང་སྟོང་མི36གི་མཚམས་ན་ཡོད།   མཚོ་ངོས་ཀྱི་རྒྱ་ཁྱོན་ལ་ཀུང་ཆིང120ཡོད།   

       ནགས་ཕག་མཚོ་ནི་ནགས་རའི་རྒྱབ་ངོས་ཀྱི་མཚེའུ་ཞེས་པའི་དོན་ཡིན་པར་བཤད་ལ།  སེམས་ཀྱི་ཉི་ཟླ་རྫོང་མཁར་ནུབ་ཕྱོགས་ཀྱི་སྟོང་སྨི8ཡས་མས་ཀྱི་མཚམས་ན་ཆགས་ཡོད།   མཚོ་འདི་ནི་ཡུན་ནན་ཞིང་ཆེན་གྱི་རྒྱ་ཁྱོན་ཆེས་ཆེ་བའི་འདམ་གཞུང་སྤང་ཐང་ཁྱབ་ས་དང་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ་ས་གནས་ཤིག་ཡིན།    འདིའི་ནང་གི་སྲུང་སྐྱོབ་བྱ་ཡུལ་གཙོ་བོ་ནི་རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོབ་བྱ་ཡུལ་གྱི་འདབ་ཆགས་ཁྲུང་ཁྲུང་སྐེ་ནག་དང་།   འདམ་གཞུང་སྤང་ཐང་གཉིས་ཡིན།  

 

རྩོམ་སྒྲིག་པ། (ཚེ་རིང་དོན་འགྲུབ།)