དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
གླེགས་བམ་གྲོང་ཚོའི་སྣོད་བཅུད་ཀྱི་བཀོད་པ།
རྩོམ་པ་པོ། པདྨ་མཚོ། དུས་ཚོད། 2018-04-02 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 595

    གླེགས་བམ་གྲོང་སྡེ་ནི་ཡུན་ལིང་ཤང་སྲིད་གཞུང་ཆགས་ཡུལ་གྱི་ལྷོ་ནུབ་ཕྱོགས་སུ་ཆགས་ཡོད།གླེགས་ནི་གླེགས་ཤིང་གི་དོན་ཡིན་པ་དང་།བམ་ནི་བམ་པོའི་དོན་ཡིན་པ་སྟེ།གྲོང་སྡེ་དེའི་ཉེ་འདབས་སུ་གླེགས་བམ་ལྟ་བུའི་བྲག་རྡོ་ཞིག་ཡོད་པས།གྲོང་སྡེའི་མིང་ནི་གླེགས་བམ་ཞེས་བཏགས་པར་གྲགས།གླེགས་བམ་གྲོང་སྡེ་ལ་གྲོང་སྟོད་དང་གྲོང་སྨད་གཉིས་ཡོད་ལ།གྲོང་སྟོད་སྨད་གཉིས་ཀ་ནི་བོད་གྲོང་སྡེ་ཡིན་པ་དང་མཐོ་གྲང་ས་ཁུལ་ཡིན།

    དེ་སྔོན།གླེམས་བམ་གྲོང་སྡེ་ནི་ཕྱུགས་ལས་གཙོ་བོ་བྱེད་པའི་མཐོ་གྲངས་ས་ཆ་ཞིག་ཡིན་ཞིང་།ནགས་རི་སྟུག་པོ་ཡོད་པ་དང་འབྲོག་རའང་ལེགས་པོ་ཡོད་དེ།འབྲི་དང་གཡག་གསོ་མཁན་དུད་ཚང་ཅང་མང་།ཞིང་ལས་ལོ་ཏོག་ནི་གཙོ་བོ་ནས་དང་གྲོ་འདེབས་སྲོལ་ཡོད་ལ།གཞན་ཡང་ཡུང་མ་དང་ཞོག་ཁོག་འདེབས་འཛུགས་བྱེད་པའི་སྲོལ་ཡང་ཡོད་དོ།

    དེ་བཞིན་གླེགས་བམ་གྲོང་སྡེའི་རང་བྱུང་ཐོན་ཁུངས་ནི་འབེལ་པོ་ཡོད།ཉེ་བའི་ལོ་འགའི་རིང་ལ།ཡུལ་མི་ཚོས་ལོ་ལྟར་གྱི་དབྱར་ཁར་ནགས་གསེབ་ཏུ་བེ་ཤ་ཤ་མོ་འཐུ་བ་དང་།གངས་རིར་དབྱར་རྩྭ་དགོན་འབུ་འཐུ་བར་བརྟེན་ནས་ལག་དངུལ་འབོར་ཆེན་ཞིག་རག་ཐུབ་པ་རེད།

   གླེགས་བམ་གྲོང་སྡེ་ནི་གནས་ཆེན་ཁ་བ་དཀར་པོའི་མིང་གྲགས་ལྡན་པའི་ལྗོངས་ཁུལ་ཞིག་ཡིན་ཞིང་།དེར་གནས་ཆེན་ཁ་བ་དཀར་པོ་ནས་བཞུར་བའི་ངོ་མཚར་ཆེ་བའི་གླེགས་བམ་ཆུ་གཤར་དང་།པད་མ་སྒྲུབ་ཕུག་སོགས་ཀྱི་མཇལ་ཁ་ཞུ་ཡུལ་ཡོད་པས།རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས་རྒྱུན་མི་ཆད་པར་ཡོང་ཡོད།དེའི་ཕྱིར།ཡུལ་སྐོར་ལས་རིགས་གཉེར་རྒྱུ་ནི་ཉེ་བའི་ལོ་འགའི་རིང་ལ་གླེགས་བམ་གྲོང་སྡེར་དར་ཆེ་བའི་ཐོན་ལས་གལ་ཆེན་ཞིག་ཡིན།ད་ལྟ་གྲོང་མི་མང་པོ་ཞིག་གིས་མགྲོན་ཁང་བཙུགས་ནས་ཡུལ་སྐོར་འགྲུལ་པར་སྣེ་ལེན་ཞབས་ཞུའི་ལས་རིགས་གཉེར་བ་དང་།རྟ་དྲེལ་ལ་བརྟེན་ནས་ཡུལ་སྐོར་འགྲུལ་པ་འདྲེན་པ་སོགས་ཀྱི་ལས་གཉེར་བཞིན་ཡོད་དེ།ཚོང་ལམ་རྒྱུགས་པོ་འདུག    

 


 

རྩོམ་སྒྲིག་པ། (པདྨ་མཚོ། )