དབུ་ཤོག >> སྐབས་དོན་གསར་འགྱུར། >> བོད་ཁུལ་གསར་འགྱུར།
དུས་བྱ་ཁྲི་1.6ལྷག་ཙམ་མཚོ་སྔོན་པོའི་ངོགས་སུ་འབྱོར་བ།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-04-05 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས། 1581

      ཟི་ལིང་དགོང་དྲོའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། དཔྱིད་ཀ་འཆར་བ་དང་སྦྲགས་དུས་བྱ་རྣམས་ལོག་འགོ་ཚུགས་ཡོད། ཉེ་ཆར། མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱིས་དཔྱིད་དུས་ཆུ་བྱ་གནས་སྤོར་ཆེད་དོན་བརྟག་ཞིབ་བྱས་ཤིང་། བརྟག་ཞིབ་བྱས་འབྲས་ལས་མངོན་དོན། འདི་ལོའི་ཟླ་3པར་མཚོ་སྔོན་པོར་ཆུ་བྱ་ཁྲི་1.6ལྷག་ཙམ་འབྱོར་ཡོད་པ་རེད།
     ལྟ་ཞིབ་ཚད་ལེན་མི་སྣས་ཆུ་བྱའི་མ་དཔེ་ལེན་ཡུལ་21ནས་རིགས་30ཡི་ཆུ་བྱ་ཁྲི་1.6ལྷག་ཙམ་ཟིན་ཐོར་བཀོད་ཡོད། སྐབས་དེ་དུས་མཚོ་སྔོན་པོའི་དར་ཁ་འབྱེད་མེད་ནའང་མཚོ་མོའི་ཉེ་འཁོར་གྱི་འདམ་རྭ་དང་། ཚྭ་མེད་མཚེའུ། ན་འདམ་སོགས་རིམ་གྱིས་བཞུར་འགོ་ཚུགས་པས་ཆུ་བྱ་མང་ཆེ་བ་འདམ་ར་དེ་དག་ནང་འདུས་ཡོད། ཁྲུང་ཁྲུང་མགོ་ཁྲ་དང་། ཆུ་སྐྱར། སོ་བྱ་སོགས་4000ལྷག་ཙམ་སྔ་རྗེས་སུ་མཚོ་སྔོན་པོར་འབྱོར་ཡོད་པ་རེད།
     མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཧོ་ཡུས་པང་གིས་ལོ་རེའི་ཟླ་གསུམ་པ་དང་བཞི་པར་ཆུ་བྱ་རྣམས་ལྷོ་ཕྱོགས་དགུན་སྒྲོལ་བྱ་ཡུལ་ནས་ཁ་བྲལ་ཏེ་བྱང་ཕྱོགས་ཀྱི་རྒྱུད་སྤེལ་བྱ་ཡུལ་དུ་གནས་སྤོ་བྱེད་ཀྱི་ཡོད། བྱ་རིགས་རྣམས་གནས་སྤོ་བྱེད་རིང་མཚོ་སྔོན་པོ་ནི་ངལ་གསོ་ཡུལ་ཧ་ཅང་གལ་ཆེན་པོ་ཞིག་རེད། བྱང་ཕྱོགས་སུ་གནས་སྤོ་བྱེད་རིང་། བྱ་རིགས་ཀྱིས་མཚོ་སྔོན་པོར་ངལ་གསོས་ནས་བསྡད་དེ་ལུས་ཟུངས་ཡག་པོ་གསོས་རྗེས་ཐག་རིང་བྱང་ཕྱོགས་སུ་འཕུར་རྒྱུའི་སྟ་གོན་བྱེད་བཞིན་ཡོད། མཚོ་སྔོན་པོར་ཡོང་མཁན་ཆུ་བྱ་9000ལྷག་ཙམ་ཡོད་ཅིང་། གཙོ་བོ་ངང་པ་དང་བྱ་གག་ཡིན་པའི་ཁྲོད་གནས་སྤོའི་ཁྱུ་ཚོགས་ཆེ་ཤོས་ནི་བྱ་གག་ཕུད་ཅན་དང་བྱ་གག་མགོ་དམར་ཡིན་པ་དང་ཆུ་བྱ་དེ་རིགས་ཀྱི་ཁ་གྲངས་6000ལྷག་ཙམ་ཟིན་ཡོད། མཚོ་སྔོན་པོར་དགུན་སྒྲོལ་དུ་ཡོང་བའི་ཆུ་བྱ་དེ་རིགས་ཀྱིས་སྒུག་ཡུན་རིང་བའི་དགུན་དུས་ཀྱི་ཉིན་100ལྷག་ཙམ་སོང་རྗེས་མཚོ་སྔོན་པོ་ལས་ཁ་བྲལ་ཏེ་ཐག་རིང་བྱང་ཕྱོགས་སུ་ཡོད་པའི་རང་ཁྱིམ་དུ་ལོག་རྒྱུའི་སྟ་གོན་བྱེད་བཞིན་ཡོད་པ་དང་། ད་ལྟ་མཚོ་སྔོན་པོ་ལས་ཁ་བྲལ་མེད་པའི་ཆུ་བྱ་གཙོ་བོ་ནི་ངང་སྐྱ་དང་ངང་སེར་ཡིན་ཞིང་། ཆུ་བྱ་དེ་རིགས་ཀྱི་ཁ་གྲངས་3600ལྷག་ཙམ་ཡོད་ཅེས་བཤད་པ་རེད།
     ཟླ་4པའི་ཟླ་དཀྱིལ་དང་ཟླ་སྨད་ནི་མཚོ་སྔོན་པོར་དཔྱིད་དུས་གནས་སྤོས་ཆུ་བྱ་མང་ཤོས་ཀྱི་དུས་ཚིགས་ཤིག་ཡིན་པས། སྲུང་སྐྱོང་ཁུལ་གྱིས་ཀྱང་ཆུ་བྱའི་ལྟ་ཞིབ་ཚད་ལེན་དང་སྐོར་སྲུང་སྐོར་ཞིབ་ལས་དོན་རྒྱུན་མཐུད་ངང་སྤེལ་ནས་དུས་བྱ་བདེ་བླག་ངང་བྱང་ཕྱོགས་སུ་གནས་སྤོ་དང་མཚོ་སྔོན་པོར་གནས་བཟོད་བདེ་པོ་ཡོང་ཆེད་འབད་བརྩོན་ཧུར་ཐག་བྱ་རྒྱུ་ཡིན་པ་རེད།

རྩོམ་སྒྲིག་པ། (པདྨ་མཚོ།)