དབུ་ཤོག >> སྐབས་དོན་གསར་འགྱུར། >> བོད་ཁུལ་གསར་འགྱུར།
སྐབས་ཉེར་དྲུག་པའི་སྲོང་བཙན་སྐྱེས་བུམ་གཟེབ་གྲུག་འགྲན་སྡུར་གྱི་འགོ་ཚུགས་མཛད་སྒོ།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-04-13 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 1327

   

       ཟླ་4ཚེས་5ཉིན། སྐབས་ཉེར་དྲུག་པའི་སྲོང་བཙན་སྐྱེས་བུམ་གཟེབ་གྲུག་འགྲན་སྡུར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ལུས་རྩལ་ར་བ་རུ་འགོ་ཚུགས་མཛད་སྒོ་སྤེལ་ཞིང་། ཅིན་སྡོད་བོད་མི་ལས་བྱེད་མི་སྣ་དང་སློབ་གཉེར་བྱེད་བཞིན་པའི་སློབ་མ་ཚོ་མ་གྲོས་གཅིག་མཐུན་ངང་མཉམ་དུ་མཛད་སྒོ་རུ་ཕེབས་ཡོད་པ་རེད། དགུན་གྱི་གྲང་རླུང་པེ་ཅིན་ནས་འགྲོ་ལ་ཁད་དང་། མི་རྣམས་ཀྱིས་དཔྱིད་ཀྱི་ལྭ་བ་གོན་ཞིང་། དཔྱིད་ཀྱི་མེ་ཏོག་ལ་བསྟོད་བསྔགས་འབུལ་བཞིན་པའི་མཚམས་འདིར། གློ་བུར་དུ་ཟླ་བཞི་བར་ཁ་བའི་མེ་ཏོག་ས་ལ་ལྷུང་ནས། གྲང་རླུང་ངར་མོ་ཕྱོགས་བཞི་མཚམས་བརྒྱད་ནས་ལྡང་མོད། ལོ་རེར་ཐེངས་རེར་སྤེལ་བའི་སྲོང་བཙན་སྐྱེས་བུམ་གཟེབ་དྲུག་འགྲན་སྡུར་ནི་དུས་ལྟར་འགོ་ཚུགས་ཡོད་ལ། འགྲན་ཞུགས་པ་དང་ལྟད་མོ་བ་ཚོའི་སེམས་སུ་དྲོད་ལྷང་ལྷང་གི་དགའ་སྤྲོ་ཡིས་ཕྱི་རོལ་གྱི་གྲང་ངར་སྣང་མེད་གྱུར་ཡོད་པ་རེད།

       སྐབས་འདིའི་སྲོང་བཙན་སྐྱེས་བུམ་གཟེབ་གྲུག་འགྲན་སྡུར་ལ་འགྲན་ཞུགས་རུ་ཁག་ཁྱོན་བསྡོམས་47ཡོད་ཅིང་། དེའི་ཁྲོད་དུ་ལས་ཁུངས་ཚོགས་ཆུང་གི་རུ་ཁག་6དང་། སློབ་མའི་ཚོགས་ཆུང་གི་རུ་ཁག་41ཡོད་པ་དང་། དུས་ཡུན་ཟླ་བ་གཅིག་ལྷག་གི་རིང་ལ་ཚ་ཚ་འུར་འུར་ངང་འགྲན་བསྡུར་བྱ་རྒྱུ་རེད།
       སྲོང་བཙན་སྐྱེས་བུམ་གཟེབ་གྲུག་འགྲན་སྡུར་ནི་1989ལོར་འགོ་ཚུགས་ཡོད་པ་དང་། ད་བར་དུ་ལོ་ངོ་20ལྷག་གི་ལོ་རྒྱུས་ལྡན་ཞིང་། པེ་ཅིན་ལ་བཅའ་སྡོད་བྱེད་པའི་བོད་མི་ལས་བྱེད་མི་སྣ་དང་སློབ་གྲྭ་ཆེ་ཁག་ལ་སློབ་གཉེར་བྱེད་བཞིན་པའི་སློབ་མ་ཚོས་དགའ་སྤྲོས་ངང་གཟབ་རྒྱས་ཆེ་བའི་དུས་འདི་རོལ་བཞིན་ཡོད་ཅིང་། སྲོང་བཙན་སྐྱེས་བུམ་གཟེབ་གྲུག་འགྲན་སྡུར་ལ་ཀྲུང་དབྱང་འཐབ་ཕྱོགས་གཅིག་འགྱུར་པུའུ་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས། རྒྱལ་ཁབ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་སོགས་ཀྱིས་ཤུགས་ཆེན་པོས་རྒྱབ་སྐྱོར་གནང་ཞིང་། འགྲན་ཞུགས་མི་སྣ་ཚོའི་ཧུར་བརྩོན་ཆེན་པོས་འགྲན་བསྡུར་ཞུགས་ཤིང་། པེ་ཅིན་གྱི་ཕྱོགས་སོ་སོ་ན་ཡོད་པའི་བོད་མི་ཚོ་མ་གྲོས་གཅིག་མཐུན་ངང་ཉིན་དེར་ལྟད་མོར་ཕེབས་ཀྱིན་ཡོད་པས། ལོ་རེའི་སྲོང་བཙན་སྐྱེས་བུམ་གཟེབ་གྲུག་འགྲན་སྡུར་གྱི་མཛད་སྒོ་ནི་གཟབ་རྒྱས་ཆེ་བའི་ལྟད་མོ་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་རེད།
      དེ་ཡང་སྲོང་བཙན་སྐྱེས་བུམ་གཟེབ་གྲུག་འགྲན་སྡུར་ནི་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོའི་མཚན་ནས་མིང་དུ་བཏགས་ཡོད་ཅིང་། སྐབས་གསུམ་པ་དང་བཞི་བ། ལྔ་བ། དྲུག་པ། བདུན་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། སྐབས་གསུམ་པ་དང་བརྒྱད་པ། དགུ་པ། བཅུ་པ། བཅུ་གཅིག་པའི་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཨུ་ཡོན་ཀྲང་གཞོན་པ་ང་ཕོད་ངག་དབང་འཇིགས་མེད་མཆོག་གིས་མཚན་གསོལ་བ་རེད།

རྩོམ་སྒྲིག་པ། (ཚེ་རིང་དོན་གྲུབ།)