དབུ་ཤོག >> སྐབས་དོན་གསར་འགྱུར། >> རྒྱལ་ཕྱི་ནང་གསར་འགྱུར།
ཞི་ཅིན་ཕིང་ནས་དྲ་བའི་སྟོབས་ལྡན་རྒྱལ་ཁབ་འཛུགས་རྒྱུར་ཁ་ཕྱོགས་བསྟན།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-04-23 རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། ཀློག་གྲངས། 2669

        སྤྱི་ཚེས་༢༠ཉིན་དང་༢༡ཉིན་འཚོགས་པའི་རྒྱལ་ཡོངས་དྲ་བའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་གྲོས་ཚོགས་ཐོག  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་དང་།  མིའི་རིགས་ཀྱི་ལོ་རྒྱུས་ཀྱི་གོང་འཕེལ་དང་ཏང་དང་རྒྱལ་ཁབ་ཀྱི་གནས་བབ་ཧྲིལ་པོའི་མཐོ་ཚད་ལ་གཞིགས་ཏེ།  ཚན་རིག་དང་མཐུན་པའི་སྒོ་ནས་ཆ་འཕྲིན་ཅན་གྱི་འཕོ་འགྱུར་གྱི་འཕེལ་ཕྱོགས་དང་ཕྲག་སྟེང་གི་ལོ་རྒྱུས་འགན་འཁྲིར་དབྱེ་ཞིབ་གནང་བ་དང་།  དྲ་བའི་སྟོབས་ཆེན་རྒྱལ་ཁབ་ཀྱི་འཐབ་ཇུས་དགོངས་པ་རྒྱས་བཤད་ཞིབ་ཕྲ་གནང་བ།  དྲ་བའི་ཆ་འཕྲིན་བྱ་གཞག་གོང་འཕེལ་དང་འབྲེལ་བ་ཡོད་པའི་རིགས་གཞུང་གལ་ཆེན་དང་ལག་ལེན་གནད་དོན་ལ་ལན་གཏིང་ཟབ་བསྐྱོན་གནང་ཡོད་པས།དྲ་བའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད་པ་རེད།

        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ནང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།  རང་རྒྱལ་གྱི་དྲ་བའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བར་ཁྱོན་ཡོངས་ནས་ཕྱོགས་སྡོམ་གནང་བ་དང་།  ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་དྲ་བ་བཅོས་སྒྲིག་བྱེད་པའི་ལམ་བུའི་ཐོག་སྐྱོད་དེ་དྲ་བའི་སྟོབས་ལྡན་རྒྱལ་ཁབ་ཀྱི་འཐབ་ཇུས་དགོངས་པ་ཆགས་པ་བྱས་ཡོད་པའི་ངོས་འཛིན་གནང་ཡོད།

        སྤྱི་ཁྱབ་ཧྲུའུ་ཅིས།  དྲ་བའི་ཕྱོགས་བསྡུས་བཅོས་སྐྱོང་ནུས་པ་མཐོ་རུ་བཏང་ནས་ཏང་ཨུད་འགོ་ཁྲིད་དང་།  སྲིད་གཞུང་གི་དོ་དམ།  ཁེ་ལས་ཀྱི་འགན་ཁྲི་ལག་བསྟར།  སྤྱི་ཚོགས་ཀྱི་ལྟ་སྐུལ།  དྲ་གྲོགས་ཀྱི་རང་གཅུན་སོགས་ཕྱོགས་མང་པོས་ཐེ་ཞུགས་བྱས་ཏེ།  དཔལ་འབྱོར་དང་། ཁྲིམས་ལུགས།  ལག་རྩལ་སོགས་ཐབས་མང་མཉམ་བཟུང་ཟུང་དུ་སྦྲེལ་བའི་ཕྱོགས་བསྡུས་དྲ་བ་བཅོས་སྒྲིག་བྱེད་པའི་གནས་སྟངས་ཤིག་འགྲུབ་པ་བྱེད་དགོས་ཞེས་གསུངས་གནང་ཡོད།

        པེ་ཅིང་ཕྱིའི་སྐད་ཡིག་སློབ་ཆེན་གྱི་ཁྲིམས་རིག་པ་སློབ་གླིང་གི་དགེ་རྒན་ཆེན་མོ་ཝང་ཝུན་ཧྭ་ཡིས།  ཕྱོགས་བསྡུས་དྲ་བ་བཅོས་སྒྲིག་བྱས་པ་དེས་དྲ་བའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་ཀའི་མཉམ་བཅོས་མཉམ་རྒྱལ་མངོན་འགྱུར་ཐུབ་པའི་ངོས་འཛིན་གནང་བ་རེད།

        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས།  དྲ་བའི་བདེ་འཇགས་མེད་ཚེ་རྒྱལ་ཁབ་བདེ་འཇགས་ལྡན་པ་ཡོང་མི་སྲིད་པ་དང་།  དཔལ་འབྱོར་སྤྱི་ཚོགས་བརྟན་པོའི་ངང་འཁོར་རྒྱུག་མི་ཐུབ་ལ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཁེ་ཕན་ཡང་འགན་སྲུང་ཐུབ་ཁག་པོ་རེད།  དྲ་བའི་བདེ་འཇགས་ལྟ་བ་ཡང་དག་པ་འཛུགས་པར་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་དྲ་བའི་བདེ་འཇགས་འགོག་སྲུང་ལ་ཤུགས་སྣོན་དང་།  དྲ་བའི་བདེ་འཇགས་ཆ་འཕྲིན་ལ་གཅིག་གྱུར་འཆར་འགོད་བྱེད་པའི་སྒྲིག་གཞི་དང་།  ཐབས་ལམ། སྟེགས་བུ་བཅས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ།  དྲ་བའི་བདེ་འཇགས་དོན་རྐྱེན་གྱི་སྟབས་བསྟུན་བཀོད་འདོམས་ནུས་པའི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ།  དྲ་བའི་བདེ་འཇགས་ཐོན་ལས་གོང་འཕེལ་ཧུར་ཐག་བཏང་སྟེ་ཁ་སྒོ་མདུན་དུ་སྤོ་བ་དང་།  ཆུ་མ་ཤོར་གོང་ནས་ཆུ་རགས་རྒྱག་དགོས།  རྒྱལ་ཁབ་ཆ་འཕྲིན་ལག་རྩལ་བདེ་འཇགས་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་བཟོ་སྐྲུན་དབུ་ཆེན་ལི་ཅིང་ཁྲུན་གྱིས།  ཆ་འཕྲིན་ཅན་བྱ་འཕུར་བ་ལྟར་གོང་འཕེལ་འགྲོ་བའི་དུས་འདིར་དྲ་བའི་བདེ་འཇགས་དེ་རྒྱལ་ཁབ་ཀྱི་བདེ་འཇགས་བར་མཐོ་རུ་གཏོང་དགོས་ངེས་ཡིན་ཞེས་གསུངས་པ་རེད།

        ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ར་མང་པོར་ཚན་རྩལ་གསར་སྐྲུན་གྱི་གལ་ཆེའི་རང་བཞིན་ནན་བཤད་ཐེངས་མང་གནང་མྱོང་བ་དང་།  ཁོང་གིས་ད་དུང་སྲོག་ཤིང་ལག་རྩལ་ཁོང་དུ་ཆུད་པ་བྱེད་དགོས་པ་མ་ཟད།  སྲོག་ཤིང་ལག་རྩལ་གཞན་དབང་དུ་ཚུད་པ་ནི་མངོན་མེད་རྐྱེན་ངན་ཆེ་ཤོས་དེ་ཡིན་པ་དང་།  སྲོག་ཤིང་ལག་རྩལ་གཞན་ལ་བརྟེན་མི་རུང་བར་རང་སྟོབས་རང་འཕེལ་ཁོ་ན་བྱེད་དགོས་ཞེས་གསུངས་གནང་ཡོད།  ད་ཐེངས་ཀྱི་གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅིས་སྲོག་ཤིང་ལག་རྩལ་ནི་རྒྱལ་ཁབ་ཀྱི་དངོས་པོ་རྩ་ཆེན་ཞིག་ཡིན།  སེམས་ཐག་གཙང་བཅད་དང་།  འབད་བརྩོན་ལྷོད་མེད།  གཙོ་གནད་འཚོལ་མཁས་པོ་བཅས་བྱས་ཏེ། ཆ་འཕྲིན་ཁྱབ་ཁོངས་ཀྱི་སྲོག་ཤིང་ལག་རྩལ་འགག་གཏོར་ཐུབ་རྒྱུར་སྐུལ་འདེད་མགྱོགས་པོ་གཏོང་དགོས་ཞེས་གསུངས་གནང་ཡོད།  དྲ་སྦྲེལ་རིགས་གཅིག་མཁས་པ་ཝང་གཡོས་ཀྱིས།  ཆ་འཕྲིན་ཁྱབ་ཁོངས་ཀྱི་སྲོག་ཤིང་ལག་རྩལ་འགག་གཏོར་ལ་སྐུལ་འདེད་མགྱོགས་པོ་གཏོང་རྒྱུ་ནི་དེ་བས་ཀྱང་གལ་ཆེན་པོ་ཡིན།  གང་ལགས་ཞེ་ན། སྲོག་ཤིང་ལག་རྩལ་འགག་གཏོར་ནི་མིག་སྔར་ཀྲུང་གོ་དང་ཨ་རིའི་བར་ཉོ་ཚོང་འགལ་ཟླ་ཐོན་པའི་གནས་བབ་འོག་རང་རྒྱལ་གྱིས་གཏན་ལ་ཕབ་པའི་སྒྱུར་བཅོས་སྒོ་འབྱེད་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་གོང་འཕེལ་འཆར་འགོད་བདེ་བླག་ངང་སྤེལ་ཐུབ་རྒྱུའི་འགན་སྲུང་ནུས་ལྡན་ཞིག་ཡིན་པས།  ལོ་རྒྱུས་ཀྱི་གོང་འཕེལ་གོ་སྐབས་ཁོང་དུ་ཆུད་པ་བྱས་ཏེ།  རང་རྒྱལ་འདི་ཉིད་དྲ་བའི་རྒྱལ་ཁབ་ཆེན་པོ་ནས་དྲ་བའི་སྟོབས་ལྡན་རྒྱལ་ཁབ་ལ་འཛུགས་སྐྲུན་བྱེད་པར་འགག་རྩ་ནི་རང་བརྟེན་གསར་གཏོད་ཀྱི་སྲོག་ཤིང་ལག་རྩལ་ཁོང་དུ་ཆུད་པ་དང་།  སྲོག་ཤིང་ལག་རྩལ་ཐད་འགག་གཏོར་ཡག་པོ་ཐུབ་པ་བྱ་རྒྱུ་དེ་ཡིན་པའི་ངོས་འཛིན་བྱས་ཡོད་པ་རེད།

        སྤྱི་ཚེས་༢༢ཉིན་འགོ་ཚུགས་པའི་སྐབས་དང་པོའི་གྲངས་གཞིའི་ཀྲུང་གོ་འཛུགས་སྐྲུན་གྱི་དབུ་ཚོགས་ཐོག  ཀྲུང་དབྱང་དྲ་བའི་ཆ་འཕྲིན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཡང་ཞའོ་ཝེ་ཡིས།  ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་གཞིགས་ཏེ།  གྲངས་གཞིའི་ཀྲུང་གོ་འཛུགས་སྐྲུན་གྱིས་ཀྱང་མཉམ་གཏོད་མཉམ་རྒྱལ་ཡོང་བ་དང་།  ཆ་འཕྲིན་ཅན་གྱི་གོང་འཕེལ་ཁོར་ཡུག་འཐུས་སྒོ་ཚང་དུ་གཏོང་བ་དང་སྒོ་དབྱེའི་གནས་བབ་གཏིང་ཟབ་ཏུ་གཏོང་དགོས།  ལག་ལེན་ལས་ར་སྤྲོད་ཐུབ་པར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲ་བའི་སྟོབས་ལྡན་རྒྱལ་ཁབ་ཀྱི་འཐབ་ཇུས་དགོངས་པས་བསམ་བློར་དྲག་ཆས་སྤྲོད་པ་དང་ལག་ལེན་ལ་མཛུབ་ཁྲིད་བྱེད་པ་ནི་གྲངས་གཞིའི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་འགག་གཏོར་ཟམ་མི་ཆད་པ་ཐུབ་པའི་འཛད་མཐའ་མེད་པའི་སྒུལ་ཤུགས་ཤིག་ཡིན།  ཏང་ཀྲུང་དབྱང་གི་དྲ་བའི་ཆ་འཕྲིན་ལས་དོན་ལ་ཤུགས་སྣོན་རྒྱག་པའི་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་དང་།  དྲ་བའི་ཆ་འཕྲིན་བྱ་གཞག་སྔ་བར་ཕྱི་གསུམ་དུ་ཡང་དག་པའི་ཕྱོགས་སུ་མདུན་སྐྱོད་བྱ་རྒྱུར་འགན་ལེན་བྱེད་དགོས།མཐོ་རིམ་ཇུས་འགོད་དང་སྤྱིའི་བཀོད་སྒྲིག  གཅིག་གྱུར་འཆར་འགོད་ངང་མཐུན་སྦྱོར།  སྤྱི་ཡོངས་ལ་སྐུལ་འདེད།  དོན་འཁྱོལ་ལ་སྐུལ་འདེད་བཅས་ལ་ཤུགས་སྣོན་རྒྱག་དགོས་ཞེས་གསུངས་པ་རེད།


རྩོམ་སྒྲིག་པ། (ཚེ་རིང་སྒྲོལ་མ།)