དབུ་ཤོག >> མི་རིགས་ཆོས་ལུགས། >> ཡུལ་སྲོལ་གོམས་གཤིས།
རྒྱལ་ཐང་གི་དམངས་གཞས་ཀྱི་ཚིག་འགའ།
རྩོམ་པ་པོ། སྒྲོལ་མ། དུས་ཚོད། 2018-04-23 རྩོམ་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ། ཀློག་གྲངས། 194

       བོད་རིགས་ནི་སྐད་ཆ་བཤད་ཤེས་ན་གླུ་ལེན་ཤེས་པ་དང་འགྲོ་ཤེས་ན་བྲོ་འཁྲབ་ཤེས་པའི་མི་རིགས་ཞིག་ཡིན་པས།  དམངས་གཞས་ཀྱི་ངག་བཀུག་དང་ཚིག་ཕུན་སུམ་ཚོགས་པོ་ལྡན་ལ། ས་གནས་མི་མཐུན་པའི་དབང་གིས་རང་རང་གི་མཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡང་ལྡན།    དཔེར་ན་རྒྱལ་ཐང་ལུང་པར་གཞས་མོ་དང་ལ་གླུ།  ལོ་ལོ་སོགས་དམངས་གཞས་ཀྱི་རིགས་མང་པོ་ཡོད།   དེ་རིང་འདིར་བསྡུས་པའི་ཚིག་འདི་དག་ནི་ལ་གླུ་དང་ལོ་ལོ་སོགས་དམངས་གཞས་ཀྱི་རིགས་མང་པོར་འཇུག་ཆོག

དྲིན་ཆེ་བ་དྲིན་ཆེན་ཕ་མ་ཡིན།

དྲིན་ཆེ་པས་དྲིན་ལན་མ་གསོལ་ཐལ།


གངས་མཐོ་མོའི་འགོ་ནས་ལྟ་སྡོད་རན།

ངའི་ཕ་ཡུལ་གཡང་མཚོན་ཆགས་མོ་སྣང་།


ང་མི་ཡུལ་འགྲོ་དགོས་བསམ་པ་མེད།  

སྐྱེ་སྔོན་མའི་ལས་ཀྱིས་འགྲོ་དགོས་ཐལ།


ངས་ཅི་བཟས་ཅི་འཐུང་བརྗེད་རག་ཐལ།

དྲིན་ཨ་མའི་ཁ་བརྡ་མ་བརྗེད་བྱུང་།


འགོར་ཀླུ་བསང་མ་བཏོང་ཆག་རག་མེད།

ལས་རླུང་རྟ་མ་རྒྱབ་སྔོན་ལས་རེད།


འགྲོ་མི་མྱོང་ས་ཆ་གཅིག་ལ་མེད།

འགྲོ་གར་མྱོང་ཕ་ཡུལ་བརྩི་རུང་མིན།


ཇ་ཞིམ་མོ་ཨ་མའི་རྫའུ་ཇ་ཡིན།

འཐུང་མཁས་པ་མིན་ན་མ་རག་བྱུང་།


རྩོམ་སྒྲིག་པ། (ཚེ་རིང་སྒྲོལ་མ།)