བྱིས་པའི་དགའ་ཕྱོགས་གསོ་སྐྱོང་བྱས་ན་ཕན་པ་ཆེ།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། ཚེ་རིང་དོན་གྲུབ། དུས་ཚོད། 2018-04-27 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 149

       

       དགའ་ཕྱོགས་ནི་ཆེས་ལེགས་པའི་དགེ་རྒན་ཡིན་ཞེས་བཤད་སྲོལ་ཡོད།  ཡ་ཧུ་ད་བ་མི་རིགས་ཀྱིས་བུ་ཕྲུག་ལ་སློབ་གསོ་གཏོང་དུས་བྱིས་པའི་དགའ་ཕྱོགས་གཞིར་བཟུང་ནས་ལམ་སྟོན་བྱེད་ཀྱི་ཡོད་པ་མ་ཟད།   ད་དུང་བྱིས་པའི་མཚར་སྣང་གི་སེམས་ཁམས་ལ་བརྟེན་ནས་ཁོ་ཚོའི་དགའ་ཕྱོགས་ལ་ལམ་སྟོན་གནང་གི་ཡོད།   བྱིས་པ་དེ་མ་འོངས་པར་ཕན་ཐོགས་པའི་མི་ཞིག་ཏུ་འགྱུར་བར་ཆུང་དུས་ནས་ཕུལ་དུ་བྱུང་བའི་བསམ་པའི་འཁྱེར་སོ་ཞིག་ཆགས་པར་གསོ་སྐྱོང་བྱེད་ཀྱི་ཡོད།      འཛམ་གླིང་སྐྱེ་དངོས་རིག་པའི་ཆེད་མཁས་ཏར་ཝུན་གྱི་ནར་སོན་པའི་བརྒྱུད་རིམ་ལས་དགའ་ཕྱོགས་ཀྱིས་ཐོན་པའི་ནུས་པ་དེ་གསལ་བོར་ཤེས་ཐུབ་ཀྱི་ཡོད།  

       ཏར་ཝུན་ནི་དབྱིན་ཇིའི་ཡ་ཧུ་ད་བའི་ཁྱིམ་ཚང་ཞིག་ཏུ་སྐུ་འཁྲུངས།   ཨ་མྱེས་དང་ཨ་ཕ་ནི་སྨན་པ་མིང་གྲགས་ཅན་གཉིས་ཡིན།   ཁོང་གི་ཨ་མ་སུའུ་ཧྲན་ལགས་ནི་རྫ་ཆས་བཟོ་མཁན་གྲགས་ཅན་ཞིག་གི་བུ་མོ་ཡིན།  ཨ་མ་ནི་རྣམ་འགྱུར་བཟང་ཞིང་བརྩེ་བ་ལྡན་ལ་མཐོང་རྒྱ་ཆེ་ཞིང་ཀུན་སྤྱོད་ཡག་པའི་མི་ཞིག་ཡིན།  ཁོང་གི་ཨ་མ་ལགས་ནི་མེ་ཏོག་དང་སིལ་སྡོང་འཛུགས་རྒྱུར་ཤིན་ཏུ་དགའ།  ཁོ་མོས་རྒྱུན་པར་གོ་སྐབས་སྣ་ཚོགས་བཙལ་ནས་ཏར་ཝུན་གྱིས་ཉེ་འཁོར་གྱི་བྱ་དངོས་ལ་དགའ་ཕྱོགས་འཛིན་པའི་གོམས་གཤིས་གསོ་སྐྱོང་བྱས།   ཁོང་གི་ཨ་མས་ཏར་ཝུན་གྱི་བྱིས་པའི་མཚར་སྣང་གི་སེམས་ཁམས་ལ་བརྩི་མཐོང་གང་ལེགས་བྱེད་པ་དང་།  དྲི་བ་ཅི་ལྟ་བུ་ཞིག་བཏོན་རུང་སེམས་རྣལ་མས་ལན་འདེབས་ཅི་ཐུབ་བྱེད་པ་ལས་སྐྱོན་བརྗོད་དང་སྡིགས་དམོད་གཏན་ནས་མི་བྱེད།   ཨ་མའི་བྱམས་སེམས་དང་བཟོད་སེམས་ཀྱི་གཉོར་སྐྱོང་ཡག་པོའི་འོག   ཏར་ཝུན་གྱིས་སྐྱེ་དངོས་་དང་ངོ་མཚར་བའི་ཚེ་སྲོག་གི་འཇིག་རྟེན་ལ་ཆེས་ཐོག་མའི་དགའ་ཕྱོགས་སྐྱེས་མགོ་བརྩམས་པ་རེད།  

       སྤྱི་ལོ1815ལོའི་དབྱར་ཁའི་ཉིན་ཞིག་ལ།   ནམ་ཟླ་དྲོ་ཞིང་སྔོ་བསང་གི་ནམ་མཁར་ན་སྤྲིན་དཀར་ལེབ་མོ་འགའ་དལ་གྱིས་རྒྱུ།  ས་འཛིན་ཨ་མའི་པང་དུ་དྲི་ཞིམ་ཞིག་ཀྱང་གང་སར་འཐུལ།   ཨ་མ་སུའུ་ཧྲན་གྱིས་ཏར་ཝུན་དང་མིང་སྲིང་ཚོ་འཁྲིད་དེ་མེ་ཏོག་གླིང་ག་ནས་རྩེད་མོ་རྩེས། བྱིས་པ་ཚོས་མེ་ཏོག་བཏོག་པ་དང་ཡང་ཕར་རྒྱུག་ནས་ཕྱེ་ལེབ་བཟུང་།   ཨ་མས་ད་སོ་མ་བཙུགས་པའི་སྡོང་ཕྲུག་གི་འགྲམ་ལ་ས་ནག་བླུག་པ་དང་ཞོར་དུ་ས་ནག་ལག་མཐིལ་གང་ཡང་བཀྱགས་དེའི་དྲི་མ་ལ་ཐེངས་ཤིག་སྣུམ།   དེ་དུས་ཏར་ཝུན་ཡང་ཚུར་རྒྱུག་ཡོང་ནས་ཁོས་ཀྱང་ས་ནག་གི་དྲི་མ་ལ་སྣུམ་པ་དང་།   གློ་བུར་དུ་ཨ་མ་ལ།   ཨ་མ་ལགས།  ཁྱེད་ཀྱིས་རྒྱུན་པར་སྡོང་ཕྲུག་གི་རྩ་ལ་ས་ནག་བླུག་དོན་ཅི་ཡིན་ཞེས་དྲིས།  

ཨ་མས་ཁྱོད་རང་སྡོང་ཕྲུག་དང་མཉམ་དུ་འཚར་ལོངས་བྱུང་ན་བསམ་ཡོད།    སྡོང་ཕྲུག་ནི་ས་དང་ཁ་འབྲལ་ཐབས་མེད་ལ། དེ་ནི་ཁྱོད་རང་ཟ་མ་དང་ཁ་འབྲལ་ཐབས་མེད་པ་དང་མཚུངས།   ཨ་མ་དགོད་བཞིན་དུ་ཏར་ཝུན་ལ།   གཅེས་ཕྲུག་ལགས།   ཁྱོད་ཀྱིས་སྣུམ་དང་།  འདི་ནི་རང་བྱུང་ཁམས་ཆེན་པོའི་དྲི་ངད་ཡིན་ལ།   ཚེ་སྲོག་གི་དྲི་ངད་ཀྱང་རེད།   ལག་མཐིལ་ནང་གི་ས་ནག་འདི་ལ་མཐོང་ཆུང་བྱེད་མི་རུང་།  འདི་ནི་སྐྱེ་དངོས་ཡོད་ཚད་སྐྱེས་བྱེད་ཀྱི་རྨང་གཞི་ཡིན།   ས་ནག་འདི་ཡོད་ན་སྔོ་ལྗང་ལོ་འདབ་རྒྱས་པའི་རྩྭ་ཕྲན་ཡོད་ལ།   གཡང་དཀར་ལུག་ཁྱུ་ཡང་ཡོད།   འདི་དག་ལ་བརྟེན་ནས་ད་གཟོད་ང་ཚོ་ལ་འཐུང་རྒྱུའི་འོ་མ་དང་ཟ་རྒྱུའི་ཤ་ཡོད་པ་རེད།  ས་ནག་འདི་ཡོད་པས་མེ་ཏོག་རྣམ་པར་བཞད་ཅིང་ཕྱེ་ལེབ་དང་སྦྲང་མ་རྣམས་འདི་གར་འཕུར་ཡོང་བ་རེད།  འདི་ལ་བརྟེན་ནས་ང་ཚོས་ཞིམ་མངར་ལྡན་པའི་སྦྲང་རྩི་ཟོས་ཆོག་པ་རེད།  ས་ནག་ལ་བརྟེན་ནས་གྲོ་ནས་སྲན་གསུམ་འབུས་ཤིང་།  འདི་དག་ལ་བརྟེན་ནས་ད་གཟོད་ང་ཚོ་ལ་འབྲུ་རིགས་དང་ཀོ་རེ་ཡོད་པ་རེད་ཅེས་བཤད།  

       ཞོར་དུ་ཏར་ཝུན་གྱིས་ཨ་མ་ལ་ང་ནི་ཨ་མས་བཙས་པ་དང་།   ཨ་མ་ནི་ཨ་ཕྱིས་བཙས་པ་རེད། དེས་ན་ཨ་ཕྱི་ནི་སུས་བཙས་པ་རེད་སོགས་དྲི་བ་མང་པོ་ཞིག་བཏོན།   ཨ་མས་མི་ཚང་མ་ནི་དེའི་ཨ་མས་བཙས་པ་རེད།   ཤེས་དགོས་པ་ཞིག་ལ་འཇིག་རྟེན་སྟེང་གི་དོན་དག་མང་པོ་ཞིག་ནི་གསང་བ་ལྐོག་གྱུར་གྱི་ཚུལ་དུ་གནས་ཡོད་པ་དང་།  གནད་དོན་གཙོ་བོ་ནི་ཁྱོད་རང་ཉིད་སོང་ནས་དྲི་བ་དེ་དག་གི་ལན་འཚོལ་ཐུབ་དགོས་ཞེས་བཤད།  

       དུས་དེ་ནས་བཟུང་།  ཚེ་སྲོག་ནི་གང་ནས་བྱུང་བའི་གནད་དོན་དེ་ཏར་ཝུན་གྱི་སེམས་ནང་ལ་ཤོང་ཡོད།  མཚར་སྣང་དང་ཤེས་འདོད་ཀྱི་འདུན་པས་བསླངས་ཏེ་ན་ཆུང་དུས་ཀྱི་ཏར་ཝུན་གྱིས་ཁྱིམ་ནང་གི་མེ་ཏོག་ར་བ་དང་སྒོ་འགྲམ་གཡས་གཡོན་གྱི་ལྗང་མདོག་གི་འཇིག་རྟེན་དེ་དག་ཁོའི་ཆེས་སྔ་ཤོས་ཀྱི་སློབ་ཁྲིད་ནང་དོན་ལ་ངོས་འཛིན་བྱས་ཡོད།  ཁོ་ཆུང་དུས་ནས་སྲོག་ཆགས་ལ་དགའ་བ་མ་ཟད།   ད་དུང་སྐྱེ་དངོས་དང་ས་བོན་སོགས་བསྡུ་ཉར་བྱེད་པར་ཤིན་ཏུ་དགའ།  ཨ་མའི་སློབ་སྟོན་འོག  ཁོས་མེ་ཏོག་གི་ནང་སྙིང་དང་།   དབྱིབས་དང་ཚུགས་ཀ་སོགས་ལ་བལྟས་ནས་རྩྭ་རྩི་ཤིང་གི་མིང་དང་དབྱེ་བ་སོགས་འབྱེད་ཤེས་པར་གྱུར་ཞིང་།   སྐྱེ་དངོས་ལ་རྒྱུས་ལོན་བྱེད་པ་ཇེ་མང་དུ་སོང་བ་དང་བསྟུན་ནས་སྐྱེ་དངོས་ལ་བཅང་པའི་དགའ་ཕྱོགས་ཀྱང་ཇེ་ཟབ་ཏུ་གྱུར་ཡོད།      

       སྐྱེ་དངོས་ལ་དགའ་བ་དང་བསྟུན་ནས།  ཏར་ཝུན་གྱིས་རྒྱུན་པར་ཉམས་ཆུང་གི་ཚེ་སྲོག་དེ་དག་ལ་ཡང་གཅེས་སྐྱོང་ལྷག་པར་བྱེད།   བྱིས་པའི་དུས་ནི་སེམས་ཁྲལ་དང་སེམས་སྡུག་ཅི་ཡང་མེད་པའི་སྒོ་ནས་ཕར་འདས་ཤིང་།   ཨ་མས་སེམས་རྣལ་ལ་ཕབས་ནས་ལམ་སྟོན་གནང་བ་དེས་ཏར་ཝུན་གྱིས་སྐྱེ་དངོས་ཀྱི་ཕྱོགས་ལ་དགའ་ཕྱོགས་མི་དམན་པ་ཞིག་བཟུང་བར་ནུས་པ་ཐོན་ཡོད།    ཏར་ཝུན་གྱི་ཁྱད་དུ་འཕགས་པའི་ལྟ་ཞིབ་ནུས་པ་དང་།  བསམ་གཞིགས་ཀྱི་ནུས་པ་ཟབ་མོས་ཁོའི་མ་འོངས་པའི་རྒྱལ་ཁ་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།  

       སྟབས་མི་ལེགས་པ་ཞིག་ལ།  ཏར་ཝུན་ལོ་ན་བརྒྱད་ལ་སོན་དུས་ཁོའི་ཨ་མ་ཚེ་ལས་འདས་སོང་།  དེའི་རྗེས་སུ་ཨ་ཅེས་ཁོ་རང་གཉོར་སྐྱོང་བྱས། ཨ་མ་ལགས་སྔ་ས་ནས་ཚེ་ལས་འདས་ན་ཡང་།  ཨ་མས་འཚོ་བ་ལ་བཅང་བའི་སྤྲོ་སྣང་དང་། བྱ་དངོས་ལ་བཅང་བའི་ཕུགས་འདུན་དྲོན་མོས་ཏར་ཝུན་གྱི་སེམས་ལ་བག་ཆགས་ཟབ་མོ་ཞིག་བཞག་ཡོད་པ་རེད།   རྗེས་སུ་མི་རྣམས་ཀྱིས་ཏར་ཝུན་ལ་ཁྱེད་ཀྱི་མི་ཚེ་ལ་ཤུགས་རྐྱེན་ཐེབས་པ་ཆེས་ཆེ་བའི་མི་དེ་སུ་ཡིན་ཞེས་འདྲི་དུས།  ཁོང་གིས་དེ་ནི་ང་རང་གི་ཨ་མ་ལགས་ཡིན།    ཨ་མ་ལགས་ང་དང་སྔ་ས་ནས་ཁ་བྲལ་ན་ཡང་།  ཁོ་མོས་ང་རང་ལ་འཇིག་རྟེན་གྱི་ངོ་མཚར་ཞིང་མཛེས་སྡུག་ཡིད་དུ་འོང་བའི་ཆ་དེ་ཚོར་མྱོང་བྱེད་དུ་བཅུག་ཡོད།   ཨ་མ་ལགས་ནམ་ཡང་ངའི་ཚེ་སྲོག་གི་ཁྲོད་ན་འཚོ་གཞེས་གནང་ཡོད་ཅེས་གསུངས་བ་རེད།      

       ཏར་ཝུན་ནི་འཕེལ་འགྱུར་སྨྲ་བའི་སྲོལ་འབྱེད་པ་ཡིན།  རྗེས་སུ་དངོས་རིགས་ཀྱི་འབྱུང་ཁུངས་ཞེས་པ་བརྩམས།   འཕེལ་འགྱུར་སྨྲ་བ་ནི་དུས་རབས་19 པའི་རང་བྱུང་ཚན་རིག་ཆེན་མོའི་ཤེས་རྟོགས་གསུམ་གྱི་གྲས་སུ་བརྩིས་ཡོད་ཅིང་།  མིའི་རིགས་ལ་ཁྱད་དུ་འཕགས་པའི་བྱས་རྗེས་བཞག་ཡོད་པ་རེད།  


རྩོམ་སྒྲིག་པ། (རིན་ཆེན་ཚེ་རིང་། )